ཞི་ཅིན་ཕིང་ཨ་རིའི་མཛའ་གྲོཊ་ཚོཊ་པའི་དགའ་བསུའི་གསོལ་སྟོན་ལ་ཞུཊ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞི་ཅིན་ཕིང་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པའི་མཉམ་འབྲེལ་དགའ་བསུའི་གསོལ་སྟོན་ལ་ཞུགས་ཡོད། 

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། 

ཞི་ཅིན་ཕིང་གིས་དང་ཐོག་ཐེངས་འདིའི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་མཛའ་མཐུན་ཚོགས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཡུན་རིང་འབད་བརྩོན་བྱེད་མཁན་ཨ་རིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་ཤིང་། མཛའ་མཐུན་གྱི་ཨ་རིའི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རྨང་རྡོ་ནི་མི་དམངས་ཀྱིས་བཏིངས་པ་ཞིག་རེད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ། རྒྱལ་ཁབ་གཉིས་པོས་མཉམ་དུ་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་དམག་འཁྲུག་བརྒྱབ་ཡོད། ཀྲུང་གོའི་མི་དམངས་ཀྱིས་སྟག་མཆོང་རུ་ཁག་བརྗེད་མེད་ལ། ཨ་རིའི་མི་དམངས་ཀྱིས་སྲོག་ལ་མི་འཛེམ་པར་ཨ་རིའི་དམག་མི་སྐྱོབ་པའི་ཀྲུང་གོའི་མི་དམངས་ཀྱང་བརྗེད་མེད། ཁྲག་དང་མེ་ལྕེ་བརྒྱུད་པའི་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་ངེས་རེད།

ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྒོ་མོ་ནི་མི་དམངས་ཀྱིས་ཕྱེ་ཡོད། རྒྱལ་ཁབ་གཉིས་པོས་དེ་སྔ་ཁ་གཏད་དུ་ལོ་22ལངས་ཡོད། ཐུན་མོང་ཁེ་ཕན་གྱིས་ཀྲུང་གོ་དང་ཨ་རི་མི་མཐུན་པའི་ཆ་ལས་བརྒལ་ཡོད་པ་དང་། མི་དམངས་ཀྱི་བསམ་འདུན་གྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་གསོ་བྱུང་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་མི་དམངས་ཁྲོད་ཡོད་པ་དང་། རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་ནི་ན་གཞོན་ཁྲོད་ཡོད་ཅིང་། གསོན་ཤུགས་ནི་ས་གནས་ལ་ཡོད། ཨ་རིའི་མངའ་སྡེའི་འགོ་འཛིན་དང་གྲོས་མི་དེ་བས་མང་བ་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཨ་རིའི་ལས་རིགས་ཁག་གི་མི་སྣ་ཀྲུང་གོར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་རེད། མ་གཞི་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ཀྱི་ལམ་ལུགས། འཕེལ་རྒྱས་ཀྱི་ལམ་བུ་བཅས་མི་འདྲ་ཡང་། མི་དམངས་ཚང་མ་སེམས་བཟང་མཛའ་མཐུན་དང་ལས་བརྩོན་དངོས་གཉེར་བྱེད་མཁན་ཡིན་པ་དང་། ཚང་མས་མེས་རྒྱལ་ལ་དགའ་ཞེན་དང་། ཁྱིམ་ཚང་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་བྱེད་པ་མ་ཟད། ཕན་ཚུན་ཤེས་རྟོགས་བྱེད་སེམས་དང་དགའ་སྣང་ལྡན། མི་དམངས་དབར་ཕན་ཚུན་ལ་ཕྱོགས་རེས་བྱེད་པ་དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐེངས་རེ་རེ་བཞིན་ཡང་དག་པའི་ལམ་བུར་བསྐྱར་དུ་ལོག་ཐུབ་ཡོད། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་སྒོ་མོ་ཕྱེ་ཚེ་སླར་ཡང་རྒྱག་མི་སྲིད་པར་ང་རང་ཡིད་ཆེས་ཡོད། 

ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མ་འོངས་ནི་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཞིག་རེད། དཀའ་ངལ་ཇི་ཙམ་ཆེ་བའི་སྐབས། དེ་ཙམ་གྱིས་མི་དམངས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ་དང་མི་སེམས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་པ་དང་། དེ་ཙམ་གྱིས་མི་དེ་བས་མང་བས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་མ་དང་འབོད་སྐུལ་བྱེད་དགོས། ང་ཚོས་མི་དམངས་དབར་འགྲོ་འོང་བྱེད་པར་འབྲེལ་ཟམ་དེ་བས་མང་བ་བསྐྲུན་པ་དང་འགྲོ་ལམ་དེ་བས་མང་བ་འདིང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ་དང་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དེ་བས་མང་བ་འདོན་རྒྱུ་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་མང་ཙམ་དང་སྤེལ་རེས་མང་ཙམ་བྱས་ནས། ཐུན་མོང་ཐོག་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རིའི་མི་དམངས་མཛའ་གྲོགས་ཀྱི་གཏམ་རྒྱུད་མུ་མཐུད་འབྲི་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། ང་ཚོ་འགྲན་རྩོད་དང་འགྱུར་ལྡོག་གིས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཁར། རེ་བས་ཕྱུག་པའི་དུས་རབས་ཤིག་ཏུ་ཡང་གནས་ཡོད། འཛམ་གླིང་གི་འབྱུང་འགྱུར་ལ་ཀྲུང་གོ་དང་ཨ་རིའི་དབར་མཉམ་ལས་བྱེད་དགོས། ཀྲུང་གོ་དང་ཨ་རིས་འབྲེལ་བ་ཡག་པོ་བཙུགས་ནས་རྒྱལ་ཁབ་ཆེན་པོའི་དཀྱེལ་ཡངས་མངོན་པ་དང་། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ། རྒྱལ་ཁབ་ཆེན་པོའི་ནུས་པ་འདོན་སྤེལ་བཅས་བྱེད་དགོས། 

ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་མི་དང་མིའི་དབར་འབྲེལ་བ་བྱེད་པའི་གཞི་རྩའི་གུས་ལུགས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་པོས་འབྲེལ་གཏུག་བྱེད་པའི་མ་མཐའི་ཚད་གཞི་ཞིག་ཀྱང་རེད། ཀྲུང་གོས་ཨ་རིའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་དམངས་གཙོའི་ལམ་ལུགས་ལ་བརྩི་འཇོག་བྱེད་པ་དང་ཆབས་ཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་སྤོབས་སེམས་སྐྱེ་གི་འདུག ཀྲུང་གོ་དང་ཨ་རི་གཉིས་ཀྱི་བགྲོད་ལམ་མི་འདྲ་མོད། འོན་ཀྱང་ཚང་མ་མི་དམངས་ཀྱི་གདམ་ག་ཡིན་པས། ཚང་མར་བརྩི་འཇོག་བྱ་དགོས། 

ཞི་བདེ་མཉམ་གནས་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན་ལ། དེ་བས་ཀྱང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་པོས་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་མ་མཐའི་མཚམས་ཐིག་ཅིག་ཀྱང་ཡིན། ཞི་བདེའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་མཁན་གྱི་ཀྲུང་གོ་འདི་ཉིད་འཇིགས་སྐུལ་དུ་བརྩིས་ཏེ། ཁྱོད་ཕམ་ང་རྒྱལ་དང་ཁྱོད་དར་ང་རྒུད་ཀྱི་འཆི་གསོན་འཐབ་རྩོད་བྱེད་པ་ནི་ནོར་འཁྲུལ་གྱི་ཁ་ཕྱོགས་ཤིག་རེད། ཀྲུང་གོས་ཨ་རི་ཕམ་ཆོག་པ་སྙམ་གྱི་མིན་འདུག་ལ། ཨ་རིའི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱེད་མི་སྲིད་ཅིང་། ཨ་རིར་འགྲན་སློང་དང་ཨ་རིའི་ཚབ་བྱེད་མི་བསམ་པར། བློ་སྤོབས་ལྡན་ཞིང་སྒོ་དབྱེ་དང་གོང་འཕེལ་དར་རྒྱས་ཆེ་བའི་ཨ་རི་ཞིག་མཐོང་འདོད་བྱེད་ཀྱི་ཡོད། དེ་དང་འདྲ་བར། ཨ་རིས་ཀྱང་ཀྲུང་གོ་ཕམ་རྒྱུ་རེད་སྙམ་མི་རུང་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པར། ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཀྲུང་གོ་ཞིག་ལ་དགའ་བསུ་ཞུ་དགོས་ཞེས་བསྟན་འདུག

མཉམ་ལས་མཉམ་རྒྱལ་ནི་དུས་རབས་གོང་འཕེལ་གྱི་རླབས་རྒྱུན་ཡིན་ལ། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རང་མདངས་ཀྱང་ཡིན། ཀྲུང་གོས་སྤུས་མཐོའི་གོང་འཕེལ་གཏོང་རྒྱུར་གཞོལ་བ་དང་། ཨ་རིས་ཀྱང་དཔལ་འབྱོར་དར་སྤེལ་ཤུགས་ཆེན་གཏོང་བཞིན་པས། ཕྱོགས་གཉིས་པོའི་མཉམ་ལས་ལ་བར་ཁམས་ཆེན་པོ་ཡོད་པ་དང་། ཕན་ཚུན་ཕན་འདོགས་རེས་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་ཐུབ་ངེས་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། དཔལ་འབྱོར་ཉོ་ཚོང་། མི་ཆོས་རིག་གནས། སློབ་གསོ། ཚན་རྩལ། ཞིང་ལས། དམག་དཔུང་། ཁྲིམས་འཛིན། དུག་འགོག མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་དང་། ལྷག་པར་དུ་གཞོན་ནུ་ལོ་ཆུང་བར་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་གདན་འདྲེན་ཞུ་འདོད་ཡོད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། ལོ་བརྒྱའི་རིང་འཚོལ་ཞིབ་དང་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོས་རང་ངོས་ལ་འཚམ་པའི་གོང་འཕེལ་གྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད་ཅིང་།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་ལ་གཞོལ་ནས་ཀྲུང་གོ་བ་དུང་ཕྱུར་14ལྷག་གོམ་པ་མཉམ་བགྲོད་ཀྱིས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱེད་བཞིན་ཡོད་པ་དང་། ང་ཚོས་ཐུན་མོང་ཕྱུར་འགྱུར་ལ་གཞོལ་ནས་ཀྲུང་གོ་བ་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་བཞིན་ཡོད། ང་ཚོས་ཁྱོན་ཡོངས་གོང་འཕེལ་གཏོང་རྒྱུར་གཞོལ་ནས་མིའི་དངོས་པོའི་འཇིག་རྟེན་དང་བསམ་པའི་འཇིག་རྟེན་གཉིས་ཀ་ཕུན་སུམ་ཚོགས་པོ་ཡོང་བ་བྱེད་བཞིན་ཡོད། ང་ཚོས་རྒྱུན་མཐུད་གོང་འཕེལ་ལ་གཞོལ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བྱེད་བཞིན་ཡོད། ང་ཚོས་ཞི་བདེའི་གོང་འཕེལ་ལ་གཞོལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་སོང་རིང་། ཀྲུང་གོས་རང་འགུལ་ཐོག་དམག་འཐབ་དང་གདོང་ཐུག་ཐེངས་གཅིག་ཀྱང་སློང་མྱོང་མེད་པ་དང་། རྒྱལ་ཁབ་གཞན་གྱི་ས་ཆ་སོར་གང་ཡང་བཙན་བཟུང་བྱེད་མྱོང་མེད་པར། ཞི་བདེ་གོང་འཕེལ་དེ་རྩ་ཁྲིམས་དང་སྲིད་འཛིན་ཏང་གི་སྒྲིག་ཡིག་ནང་བཅུག་པ་དང་རྒྱལ་ཁབ་ཀྱི་འདོད་འདུན་དུ་བརྩི་བའི་རྒྱལ་ཁབ་ཆེན་པོ་ཉག་ཅིག་དེ་ཡིན། ཀྲུང་གོས་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། རོགས་པ་འགྲིག་པ་ལས་མནའ་འབྲེལ་མི་འགྲིག་པ། མཉམ་ལས་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་དར་སྤེལ་གཏོང་བ་བཅས་བྱེད་པ་དང་། རེ་སྙེགས་བྱེད་པ་ནི་ཐབས་མཁས་རང་སྲུང་གི་དེང་རབས་ཅན་མིན་པར། རྒྱལ་ཁབ་ཁག་དང་ལྷན་དུ་ཞི་བདེ་གོང་འཕེལ་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རྦ་ཀློང་ཁྲོད་གསེར་བྱེ་གཙང་བསིང་འབྱེད་ཅིང་། མཇུག་མཐར་དྭངས་བསིང་ཐུབ་པ་ནི་རིན་ཐང་ཆེ་ཤོས་ལྡན་པའི་དངོས་པོ་དག་ཡིན། དུས་བབ་ལ་འགྱུར་ལྡོག་གང་འདྲ་སོང་རུང་། ཀྲུང་གོ་དང་ཨ་རིའི་ཞི་བདེ་མཉམ་གནས་ཀྱི་ལོ་རྒྱུས་ཀྱི་གཏན་ཚིགས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། ཀྲུང་གོ་དང་ཨ་རིའི་མི་དམངས་བར་སྤེལ་རེས་མཉམ་ལས་བྱེད་པའི་གཞི་རྩའི་རེ་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད་པ། འཛམ་གླིང་མི་དམངས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་ཡོངས་ཁྱབ་ངང་རེ་སྒུག་བྱེད་པར་འགྱུར་ལྡོག་འགྲོ་མི་སྲིད། བྱ་གཞག་རླབས་པོ་ཆེ་གང་འདྲ་ཞིག་ཡིན་རུང་རྒྱལ་ཁ་ཐོབ་དགོས་ན་ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་རྩ་བ་འཚོལ་བ་དང་། མི་དམངས་ཀྱི་ཁྲོད་ནས་སྟོབས་ཤུགས་གཅིག་ཏུ་སྡུད་པ། མི་དམངས་ཀྱིས་ཐུན་མོང་ཐོག་ལེགས་སྒྲུབ་བཅས་བྱ་དགོས། ཀྲུང་གོ་དང་ཨ་རིའི་མཛའ་ཤེས་ནི་དེ་ལྟ་བུའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། ང་ཚོས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། ཀྲུང་གོ་དང་ཨ་རིའི་མཛའ་ཤེས་ཀྱི་རྒྱུན་བསྐྱངས་ཤིང་། ཀྲུང་གོ་དང་ཨ་རིའི་འབྲེལ་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དེར་གསན་མཁན་ཚོའི་སྤྲོ་སེམས་འཁོལ་ཞིང་ཡུན་རིང་བའི་ཐལ་མོའི་རྡེབ་སྒྲ་ཐེངས་བཅུ་ལྷག་ཙམ་གྲགས་ཡོད། 

ཨ་རིའི་ཚོང་དོན་པུའུ་ཀྲང་ལེ་མོང་ཏོས་ཨ་རིའི་སྲིད་གཞུང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་པ་དང་། སྤྲོ་སེམས་འཁོལ་བའི་ངང་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད། ལེ་མོང་ཏོས། དེ་རིང་། ཙུང་ཐུང་པའེ་ཏེང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷན་དུ་སྒོ་དབྱེ་དང་།  ཁ་ཞེ་གཉིས་མེད། གྲུབ་འབྲས་ཀྱིས་ཕྱུག་པ་བཅས་ཀྱི་མཇལ་འཕྲད་གནང་ཡོད། ཙུང་ཐུང་པའེ་ཏེང་གིས་བསྟན་པ་ལྟར། ཨ་རིས་བརྟན་ལྷིང་དང་དར་རྒྱས་ཆེ་བའི་ཀྲུང་གོར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་ཨ་རིར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་བཏོད་ཡོད། ཨ་རིའི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་རེ་བ་ཆེན་པོ་འཆང་བཞིན་ཡོད། ཨ་རིའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཡུན་རིང་གི་བརྟན་ལྷིང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་འབད་འབུངས་བྱས་ཐོག འབྲེལ་གཏུག་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དང་།  གོ་ལོག་མི་ཐེབས་པ་བྱེད་པ། འགན་འཁུར་བའི་ཐོག་ནས་ཕྱོགས་འགལ་ལ་སྟངས་འཛིན་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་ཐུན་མོང་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

ཨ་རི་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་པོ་ཀེ་དང་། ཨ་རི་དང་ཀྲུང་གོའི་ཉོ་ཚོང་ཨུ་ཡོན་ལྷན་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ཧྲེ་པའེ། ཨ་རི་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་ཨའུ་ལུན་སི་སོགས་ཀྱིས་ཁག་སོ་སོར་ཤིས་ཚིག་བསྒྲོན་ཡོད། ཁོང་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་ཙུང་ཐུང་པའེ་ཏེང་དང་མཇལ་འཕྲད་གལ་ཆེན་གནང་བ་དང་སྦྲགས། ཨ་རིའི་མི་དམངས་ལ་ཕྱོགས་ནས་གསུང་བཤད་གལ་ཆེན་གནང་བ་དེར་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་རྒྱུད་མཐུད་ངང་གོང་འཕེལ་མྱུར་པོ་འགྲོ་བཞིན་ཡོད་པ་དང་། མི་དུང་ཕྱུར་གཅིག་ཙམ་དབུལ་གྲོལ་ཐུབ་པ་བྱུང་ནས།  ཀྲུང་གོ་ཉིད་མིང་དོན་མཚུངས་པའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཡོད། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ལོ་རྒྱུས་དང་། རིག་གནས། སྒྲིག་གཞི་སོགས་ཀྱི་ཐད་ཧེ་བག་ཡོད་ནའང་། ཕན་ཚུན་བར་གཅིག་ལ་གཅིག་བརྟེན་དང་། ལྷག་དོན་དུ་མི་དམངས་བར་མཛའ་བཤེས་ཟབ་མོ་ཡོད། འདི་ནི་ཨ་རི་དང་ཀྲུང་གོའི་འབྲེལ་བ་ཡུན་རིང་བརྟན་ལྷིང་གོང་འཕེལ་འགྲོ་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གལ་ཆེན་གཉིས་ཡིན་པའི་ངོས་ནས། ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་སྐད་ཆ་ཤོད་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ང་ཚོས་ཀྱང་མུ་མཐུད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ནས་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས། ཨ་རི་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་དང་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་ཡོད།

གསོལ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་གིས་ཨ་རིའི་བཟོ་ཚོང་ལས་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་དང་། དེ་བཞིན་སྟག་མཆོང་རུ་ཁག་དང་དམག་དཔོན་ཧྲི་ཏེ་ཝེ་ཡི་མི་རབས་རྗེས་མ། ཀུ་ལིང་དང་། ཨའེ་ཨའོ་ཝ་མངའ་སྡེ། ཝ་ཧྲེང་ཏུན་མངའ་སྡེ་སོགས་ཀྱི་མཛའ་གྲོགས་མི་སྣའི་འཐུས་མི་དང་མཇལ་འཛོམས་གནང་བ་དང་། ཁོང་ཚོ་དང་མཛའ་བརྩེའི་གླེང་མོལ་གནང་བ་མ་ཟད་དྲན་རྟེན་སྐུ་པར་ཡང་བསྐྱོན་ཞིང་། ཁོང་ཚོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་ཤེས་དང་ཤེས་རྟོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་གྲོགས་པོ་རྙིང་པ་བརྗེད་མི་སྲིད་པ་དང་། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་ཤེས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་འཛིན་དང་གོང་འཕེལ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

དགའ་བསུ་ཞུ་བའི་གསོལ་སྟོན་དེ་ཨ་རི་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། ཨ་རི་དང་ཀྲུང་གོའི་ཉོ་ཚོང་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཨ་ཤེ་ཡའི་མཐུན་ཚོགས། ཨ་རིའི་ཕྱི་ཕྱོགས་འབྲེལ་བའི་ཨུ་ཡོན་ལྷན་ཁང་། ཨ་རིའི་ཚོང་ཚོགས་སོགས་ཀྱི་མཛའ་གྲོགས་ཚོགས་པས་མཉམ་འབྲེལ་ཐོག་གཉེར་ཞིང་། ཨ་རིའི་སྲིད་གཞུང་དང་མཛའ་གྲོགས་ཚོགས་པའི་མི་སྣ། དེ་བཞིན་ལས་རིགས་ཁག་གི་མི་སྣའི་འཐུས་མི་སོགས་མི་400ཙམ་བྱེད་སྒོར་ཞུགས་ཡོད།

ཚའེ་ཆི་དང་ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་ཡོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།