«བོད་ཀྱི་གསོ་རིག་ཀུན་བཏུས»བསྟུད་སྒྲིག་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ལོ་ཙཱ་བ། ལྷ་ཆེན་རྒྱལ།

རང་རེའི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་དང་མི་རིགས་དཔེ་སྐྲུན་ཁང་གི་པར་སྐྲུན་བྱས་པའི་པོད་ཉི་ཤུའི་བདག་ཉིད་ཅན་གྱི«བོད་ཀྱི་གསོ་རིག་ཀུན་བཏུས»བསྟུད་སྒྲིག་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས། དེ་ནི «བོད་ཀྱི་གསོ་རིག་ཀུན་བཏུས»(པོད60པ)པར་སྐྲུན་རྗེས་སུ་བོད་ཀྱི་གསོ་རིག་གི་གནའ་དཔེ་ཡིག་ཚང་ཞིབ་འཇུག་ཐད་བླངས་པའི་གསར་རྩོམ་རང་བཞིན་གྱི་ཚན་ཞིབ་གྲུབ་འབྲས་གལ་ཆེན་ཞིག་ཡིན།

«བོད་ཀྱི་གསོ་རིག་ཀུན་བཏུས»བསྟུད་སྒྲིག་མར་ཁྱོན་པོད་ཉི་ཤུ་ཡོད་ཅིང་། ཟུར་བཀོད་དཀར་ཆག་བམ་པོ1དང་ཡིག་འབྲི་ཁྲི1700ཡོད། དེར་རིན་ཐང་ཆེས་ཆེར་ལྡན་པའི་བརྩམས་ཆོས292བདམས་ཡོད་དེ། གསོ་བ་རིག་པ་བྱུང་འཕེལ་གྱི་ལོ་རྒྱུས་དང་། གནའ་རབས་གསོ་རིག  དཔལ་ལྡན་རྒྱུད་བཞི། ནད་ཐོག་སྨན་ཡིག སྨན་ངོ་ངོས་འཛིན། སྨན་གྱི་སྦྱོར་བ། སྨན་རྫས་འདུལ་སྦྱོང་། བདུད་རྩི་སྨན་གྱི་ཕྱག་ལེན་དང་སྔགས་ཀྱི་བཅོས་ཐབས་སོགས་ལེའུ་ཆེན་མོ་བརྒྱད་དང་། སྡེ་ཚན45ཡིས་གྲུབ་ལ། ནང་དོན་གྱི་ཆ་ནས་བོད་ཀྱི་གསོ་རིག་གི་ཐོག་མའི་དུས་སྐབས་དང་རྨང་འདིང་བའི་དུས་སྐབས།    འཕེལ་རྒྱས་ཀྱི་དུས་སྐབས།    འགྲན་རྩོད་ཀྱི་དུས་སྐབས།  རྫོགས་ལྡན་དུས་སྐབས་དང་དར་རྒྱས་དུས་སྐབས་ནས་ད་ལྟའི་བར་ལོ་ངོ2900ཡི་ལོ་རྒྱུས་བཀོད་ཡོད་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ཟབ་རྒྱས་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོངས་སུ་བསྡུས་ཡོད་པས།  ཀྲུང་ཧྭའི་གསོ་རིག་གི་མཆོག་ནོར་དུ་བརྩི་བའི་བོད་ཀྱི་གསོ་རིག་སྔོག་འདོན་ཟབ་མོ་དང་ཉིང་བཅུད་རྒྱུན་འཛིན་གང་ལེགས་བྱས་ཡོད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི། གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་ངོ་སྤྲོད་བྱས་པ་འདི་ལྟར། 《བོད་ཀྱི་གསོ་རིག་ཀུན་བཏུས》བསྟུད་སྒྲིག་མ་འདི་ནི་དེང་རབས་ཀྱི་པར་གཞི་རིག་པ་དང་དཀར་ཆག་རིག་པ་སོགས་ཀྱི་ཞིབ་འཇུག་བྱ་ཐབས་ལ་བརྟེན་ནས། བོད་ཀྱི་གསོ་རིག་གི་གནའ་དཔེ་ཡིག་ཚང་གི་པར་གཞིར་རྟོག་ཞིབ་དང་། མ་ཡིག་ཞུ་དག  ཡིག་ཆ་དག་སེལ། ཆད་སྐྱོན་ཁ་གསབ། དཀའ་གནད་གསལ་བཀྲོལ། ཚན་རིག་དང་མཐུན་པའི་རིགས་དབྱེ་དང་ས་བཅད་བགར་ཏེ། བོད་ཀྱི་གསོ་རིག་གི་གནའ་དཔེ་ཡིག་ཚང་ཇི་མ་ཇི་བཞིན་རྒྱུན་འཛིན་བྱས་པ་དང་ཆབས་ཅིག བོད་ཀྱི་གསོ་རིག་གནའ་དཔེ་ཡིག་ཚང་གི་དབང་གྲགས་རང་བཞིན་དང་། ཚན་རིག་རང་བཞིན། མཚོན་བྱེད་རང་བཞིན་བཅས་འགན་ལེན་བྱས་ཡོད་པས། ཞིབ་འཇུག་གི་རིན་ཐང་དང་རིག་གཞུང་གི་རིན་ཐང་། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན་ཟེར།

ཁོས་འདི་སྐད། ལོ་ངོ་བཅུ་ལྷག་རིང་གི་འབད་འབུང་བརྒྱུད། པོད་ཉི་ཤུའི་བདག་ཉིད་ཅན་གྱི«བོད་ཀྱི་གསོ་རིག་ཀུན་བཏུས»བསྟུད་སྒྲིག་མ་འདིའི་རྩོམ་སྒྲིག་དང་དཔེ་སྐྲུན་གྱི་ལས་ཀ་ཡོངས་སུ་གྲུབ་ལ། དེ་དང་བསྟུན་ནས «བོད་ཀྱི་གསོ་རིག་ཀུན་བཏུས»ཀྱི་སྤྱིའི་གྲངས་འབོར་དེ་ཡང་པོད80ལ་བསླེབས་པས། བོད་ཀྱི་གསོ་རིག་གི་དཔེ་རྙིང་ཡིག་ཚང་ཞིབ་འཇུག་ཐད་རྩོམ་སྒྲིག་པར་སྐྲུན་གྱི་གཞི་རྒྱ་ཆེས་ཆེ་ཞིང་ནང་དོན་ཆ་ཚང་བ། ཆུ་ཚད་ཆེས་མཐོ་བའི་བོད་ཀྱི་གསོ་བ་རིག་པའི་གསུང་རྩོམ་ཞིག་ཏུ་གྱུར་ཡོད་ལ། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་ཀྱི་ཐད་ལ་སྔར་ལས་ལྷག་པའི་ནུས་པ་ཆེན་པོ་གདོན་ངེས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་བཙུགས་ནས་ད་ལྟའི་བར། སྔ་གཞུག་ཏུ་བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཡིག་ཚང1590དང་གནའ་དཔེ2600ལྷག་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཡོད།  ད་ཐེངས་ཀྱི«བོད་ཀྱི་གསོ་རིག་ཀུན་བཏུས»(པོད60)རྩོམ་སྒྲིག་པར་སྐྲུན་གྱི་ཆུ་ཚད་ལ་མཚོན་ན་རྒྱལ་སྤྱིའི་མདུན་གྲས་སུ་བསླེབས་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་གསོ་བ་རིག་པའི་ལས་རིགས་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད་དོ། །    

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།