གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་ཕྱིན་པ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་ཅིང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་རྨང་གཞིའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་བརྟན་དུ་དང་འཕེལ་རྒྱས་གཏོང་བ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་དགོས་ཞེས་བསྟན་གནང་ཡོད།

བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལོ་བཅུ་སོང་བའི་རིང་། རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་ཕྱིན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད། 

ཉིན་ཤས་གོང་གཉེར་བའི“2023ལོའི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་རྣམ་གྲངས་འོས་སྦྱོར་ཚོགས་འདུའི”ཐོག འཕེལ་རྒྱས་རྣམ་གྲངས་160ལྷག་ཙམ་ནང་མིས་བཟོས་རིག་ནུས་དང་། སྐྱེ་དངོས་ལག་རྩལ། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཚུད་ཡོད་ལ། མཁའ་འགྲུལ་མཁའ་སྐྱོད་དང་། ནུས་རྒྱུའི་རྫས་འགྱུར་བཟོ་ལས། སྒྲིག་ཆས་གལ་ཆེན་བཟོ་བ་སོགས་འགག་རྩའི་ཁྱབ་ཁོངས་ཀྱང་ཚུད་ཡོད། པེ་ཅིང་ཐོན་དབང་ཉོ་ཚོང་སུའོ་ཡི་ཏང་ཨུད་ཧྲུའུ་ཅི། སྤྱི་འདོམས་ཀྲུའུ་ཀེས། ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་ཞན་སར་དམིགས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་ལ་དམིགས་པར་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཕྱོགས་ཁག་གིས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་བརྒྱུད་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་ལྷིང་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱི་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་དང་། གསར་གཏོད་སྦྲེལ་ཐག་གི་གོང་འོག་ཁེ་ལས་ཀྱིས་མཉམ་དུ་འགག་གཏོར་བྱེད་པ། འགག་རྩའི་ལག་རྩལ་གྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་བཟང་ཆ་གསབ་རེས་དང་དགེ་སྤེལ་སྐྱོན་སྤང་གི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཁེ་ལས་ཀྱིས་ཉེ་བའི་ལོ་གསུམ་ནང་ཕྱི་ཕྱོགས་སུ་མ་རྐང་ནང་ཞུགས་པ་དང་མ་འཇོག་བྱས་པའི་ཁེ་ལས་སྣ་ཚོགས་ཐེམ་དུད་ཆིག་ཁྲི་གསུམ་སྟོང་ལས་བརྒལ་བ་དང་། དམངས་གཉེར་ཁེ་ལས་སོགས་སྤྱི་ཚོགས་ཀྱི་མ་རྩའི་རྐང་དབང་མཉམ་ལས་དངུལ་འབོར་སྒོར་དུང་ཕྱུར་9000ལས་བརྒལ་ཡོད། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཁག་ཅིག་གི་མ་རྩ་མཉམ་འདྲེས་ཐུབ་པ་དང་། ཁྱབ་ཁོངས་མང་པོ་དང་། རྣམ་གྲངས་མང་པོ། ལས་རྣམ་གསར་པ་བཅས་ཀྱི་ཐད་ལས་བགོས་རོགས་ལས་དང་། གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཁེ་ལས་ཞིབ་འཇུག་སུའོ་ཡི་འགོ་འཛིན་གཞོན་པ། ཞིབ་འཇུག་པ་ཤང་ཨན་པོའོ་ཡིས། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལོ་བཅུའི་ནང་། མཉམ་བསྲེས་དབང་བའི་ལམ་ལུགས་བསྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་དང་། ཤང་ཨན་པོའོ་ཡིས། བསྒྱུར་བཅོས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱིས་གནམ་ས་འདེགས་ཐུབ་པ་དང་དམངས་གཉེར་ཁེ་ལས་གང་སར་ཁྱབ་པའི་ཁེ་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བ་དང་། རྒྱལ་དམངས་ཐུན་མོང་ཐོག་ཡར་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་དཔལ་འབྱོར་རྣམ་པ་གཏོད་རྒྱུ་དང་། གཞུང་དྲང་འགྲན་རྩོད་དང་ཐུན་མོང་གོང་འཕེལ་གྱི་དཔལ་འབྱོར་འབྲེལ་བ་ཞིག་ཆགས་རྒྱུར་སྐུལ་འདེད་ཐེབས་ཡོད། མཉམ་བསྲེས་དབང་བའི་ལམ་ལུགས་ཀྱི་ཁེ་ལས་དག་གཞུང་དབང་ཁེ་ལས་ཀྱི་མངོན་འགྱུར་བྱེད་སྟངས་གཙོ་བོ་དང་གཞུང་ཁོངས་ཁེ་ལས་ནང་གི་གསོན་ཤུགས་ཆེ་ཤོས་ཀྱི་གྲས་སུ་གྱུར་ཡོད་པའི་ངོས་འཛིན་གནང་ཡོད།

གཞུང་ཁོངས་ཁེ་ལས་ཀྱིས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། འདི་ལོ་ལུའུ་ཧྲང་ཚོགས་པས་དོ་དམ་རིམ་པ་མང་དྲགས་པའི་ཁེ་ལས་ཟླ་སྒྲིལ་བཏང་བ་དང་། བསྐྱར་འཛུགས་བྱས་པ། རྒྱུ་ནོར་ནང་བཤུག་བཏང་བ། རྐང་དབང་ལེགས་སྒྲིག་བྱས་པ་སོགས་ཀྱི་བྱ་ཐབས་བརྒྱུད་གནོན་ཤུགས་ཉུང་གཏོང་དང་ལེགས་སྒྱུར་བྱས་ཡོད། ལུའུ་ཧྲང་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲུའུ་ཧྭ་ཅན་གྱིས། ལོ་མཇུག་གོང་། ཚོགས་པ་ཡོངས་ཀྱི་བདག་དབང་ཁེ་ལས་ཚང་མ་རིམ་བཞིའི་ནང་ཚུན་དུ་ཉུང་འཕྲི་ཐུབ་རྒྱུར་འགན་ལེན་བྱེད་དགོས། དེ་ལྟར་བྱས་ཚེ་ཐབས་ཇུས་ཀྱི་ལས་ཕྱོད་ཆེ་རུ་འགྲོ་ཐུབ་པ་དང་ཐབས་ཇུས་ཀྱི་མ་གནས་དམའ་རུ་གཏོང་ཐུབ། ང་ཚོའི་ལས་སྒོའི་ཚན་པ་ཚང་མས་སྣ་གཅིག་ཆར་གསེ་བའི་ཁྲོམ་རའི་སྣེ་ཁྲིད་མཁན་ལ་འགྱུར་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 

མིག་སྔར། ཧྲན་ཏུང་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་བྱས་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་རིམ་པས་གནོན་ཤུགས་ཆུང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ཧྲན་ཏུང་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཁེ་ལས་བསྒྱུར་བཅོས་ཁྲུའི་ཁྲུའུ་ཀྲང་ལིའུ་ཧྥུ་ཧྲོའེ་ཡིས། དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་ལ་ཕན་འབྲས་ཐོན་པ་བྱེད་པའི་སྐུལ་ཁྲིད་འོག ད་ལོའི་དུས་ཚིགས་དང་པོ་ནས་གསུམ་བའི་ནང་། ཧྲན་ཏུང་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་29ལ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་17451.3ཟིན་་པ་དང་། འཕར་ཚད་བརྒྱ་ཆ་8.3ཟིན་ཡོད། ལས་སྒོ་གཙོ་བོ་མིན་པ་དང་། བཟང་ཆའི་ཁེ་ལས་མེད་པ། ཕན་འབྲས་དམའ་བ་དང་ཕན་ཐོགས་མེད་པ་བཅས་ཀྱི་རྒྱུ་ནོར་དག་གཙོ་བོ་ཐོན་དབང་བརྗེ་བསྒྱུར་དང་། གཙང་སེལ་ཕྱིར་འབུད། མ་རྩ་བརྡིབས་པར་བརྩི་བ་སོགས་ཀྱི་བྱེད་ཐབས་བརྒྱུད་རིམ་པས་ཕྱིར་འཐེན་བྱས་ཡོད། བང་རིམ་དམའ་ཡང་འགྲན་རྩོད་ཀྱི་ནུས་པ་ཆེ་བའི་ཡན་ལག་ཁེ་ལས་གཙོ་བོ་རིན་མེད་སྤོ་སྒྱུར་དང་། ཐོན་དབང་བརྗེ་སྒྱུར། བསྡུ་འགུག་མཉམ་སྒྲིལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་ཀྱི་བང་རིམ་མཐོ་རུ་བཏང་ཡོད་ཅེས་གསུངས་པ་རེད། 

ལོ་བཅུའི་རིང་། རང་རྒྱལ་གྱིས་གཞུང་ཁོངས་ཁེ་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག དམངས་གཉེར་ཁེ་ལས་གོང་འཕེལ་འགྲོ་རྒྱུར་གོང་འཕེལ་གྱི་ཁོར་ཡུག་བཏོད་ཡོད། ད་ལོའི་ལོ་འགོར། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཁྲང་ཞིང་རྫོང་དཔལ་འབྱོར་གསར་སྤེལ་ཁུལ་གྱིས། སྤྱིའི་བཟུང་ཚད་མུའུ་120ཟིན་པའི་སྒྲོམ་སྟེགས་བཟོ་སྐྲུན་ཚད་ཡོད་ཀུང་སི་ཞིག་གི་དུས་ཐེངས་གཉིས་པའི་རྣམ་གྲངས་དངོས་སུ་ལས་འགོ་བརྩམས་ཡོད། ཁྲང་ཞིང་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཅན་ཀྲུང་གིས། སྒྲོམ་སྟེགས་བཟོ་སྐྲུན་ཁེ་ལས་འདིའི་ས་རྒྱར་དཔངས་གྲུ་བཞི་ཁྲི་15ཡོད་ཅིང་། གལ་སྲིད་བར་དཀྱིལ་བ་བཙལ་ནས་སྙན་ཞུ་བཟོས་ཚེ། སྙན་ཞུ+ལྟ་འདོམས+ཞིབ་བཤེར་རྩིས་ལེན་བཅས་ལ་ཁྱོན་འགྲོ་གྲོན་སྒོར་ཁྲི་18གཏོང་དགོས་ཀྱི་ཡོད། ད་ལྟ་ཆུ་བེད་ཅུས་ཀྱིས་དུས་མཚམས་གོང་མའི་ས་ཁོངས་ཀྱི་དཔྱད་དཔོག་བྱས་པ་བརྒྱུད་ཞིབ་མཆན་འགོད་པར་རེའུ་མིག་གཅིག་འགོད་ན་འགྲིག་ཅེས་གསུངས་ཡོད།

ལུའུ་ཅན་ཀྲུང་གིས། ང་ཚོས་ས་ཁོངས་དཔྱད་དཔོག+བར་དཀྱིལ་མེད་པའི་ཁེ་ལས་ལ་རོགས་རམ་བྱེད་ཐབས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བ་དང་། བཟོ་ལས་གླིང་གི་ས་ཁོངས་དཔྱད་དཔོག་དང་ཁེ་ལས་ཞབས་ཞུའི་ས་ཚིགས་གཅིག་སྡུད་རྣམ་པའི་བསྒྱུར་བཅོས་བྱེད་ཐབས་བརྒྱུད། ཁེ་ལས་ཀྱི་ལས་རིམ་རང་བཞིན་གྱི་མ་འཇོག་ཉུང་དུ་བཏང་ནས། ས་ཆ་རག་མ་ཐག་ཨར་སྐྲུན་བྱ་རྒྱུར་ཆུ་བེད་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད། 

མིག་སྔར། རང་རྒྱལ་འདི་ཉིད་དཔལ་འབྱོར་སླར་གསོ་དང་ཐོན་ལས་རིམ་སྤོར་གྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། གྲུབ་གཞིའི་རང་བཞིན་གྱི་གནད་དོན་དང་དུས་འཁོར་རང་བཞིན་གྱི་འགལ་ཟླ་སྣོལ་འདྲེས་སུ་ཐོན་བཞིན་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དམངས་གཉེར་ཁེ་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལིའུ་དབྱིང་ཆིའུ་ཡིས། དམངས་གཉེར་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་གཏོང་བའི་འགག་རྩ་ནི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། སྲིད་གཞུང་གི་དོ་དམ་མུ་མཐུད་ལེགས་སྒྱུར་བྱེད་པ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་རྩེར་སོན་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།

རང་རྒྱལ་གྱི་གོང་འཕེལ་དེ་དུས་མཚམས་གསར་པ་དང་། བསྒྱུར་བཅོས་དེ་འགག་གཏོར་གྱི་དུས་མཚམས་དང་རྙོག་འཛིང་ཆེ་སར་སླེབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཁེ་ལས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ། ཞིབ་འཇུག་པ་ཤང་ཨན་པོ་ཡིས། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གཤོག་ཟུང་ཡིན་པས། ཕྱོགས་གཉིས་ཀས་ནུས་ཤུགས་བཏོན་ན་གཞི་ནས་བསྒྱུར་བཅོས་ཀྱི་གསོན་ཤུགས་ལ་སྐུལ་མ་ཐེབས་ཐུབ། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་མུ་མཐུད་རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། གཞུང་དྲང་འགྲན་རྩོད་ལ་སྐུལ་འདེད་གཏོང་བ། སྤྱི་དབང་ལམ་ལུགས་གཙོ་བོར་འཛིན་པ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བ་བཅས་བྱ་དགོས། བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

རྩོམ་སྒྲིག་པ། ཁོན་ཐར་འཚོ།