ཉིན་ཤས་གོང་སློབ་གསོ་པུའུ་ཡིས་བརྡ་ཐོ་བཀྲམ་ནས་2024ལོའི་སྤྱིར་བཏང་མཐོ་སློབ་ཀྱི་དམིགས་བསལ་རིགས་ཁག་ཅིག་གི་སློབ་བསྡུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། དེའི་ནང་སློབ་ཆེན་ལ་རྒྱུགས་སྤྲོད་མི་དགོས་པར་འོས་སྐྱེལ་བྱེད་པའི་སློབ་མའི་འོས་སྐྱེལ་ཆ་རྐྱེན་དང་སློབ་བསྡུའི་ཆེད་ལས་སོགས་ཀྱི་ཐད་ལ་གཏན་འབེབས་བྱས་ཡོད།
མི་གང་དག་ལ་མཐོ་སློབ་ཀྱི་འོས་སྐྱེལ་ཆ་རྐྱེན་ལྡན་ཡོད་དམ།
སློབ་གསོ་པུའུ་སོགས་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། སློབ་འབྲིང་སློབ་མའི་རིག་ཚན་ཨོ་ལིམ་ཕིག་འགྲན་བསྡུར་གྱི་རྒྱལ་ཁབ་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་ཁོངས་མི་དང་། ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་ཁག་གཅིག་གིས་འོས་སྦྱོར་བྱས་པའི་ཕུལ་བྱུང་སློབ་མ། སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག ལས་འཁྱུར་བྱས་ཟིན་པའི་ལུས་རྩལ་པ་སོགས་ལ་མཐོ་སློབ་ཀྱི་འོས་སྐྱེལ་ཆ་རྐྱེན་ལྡན་ཡོད་པ་རེད།
མཐོ་སློབ་ཀྱིས་སློབ་བསྡུའི་སྲིད་ཇུས་ཀྱི་གཏན་འབེབས་ལྟར་གོང་གསལ་མི་སྣའི་ཁྲོད་ནས་འོས་སྐྱེལ་སློབ་མ་བསྡུ་ཆོག་པ་དང་དེའི་ནང་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བུ་ཕྲུག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྤྱི་བདེའི་རིགས་ཀྱི་སློབ་གྲྭ་ཆེན་མོར་འོས་སྐྱེལ་བྱེད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་མཐོ་སློབ་ཀྱིས་སློབ་འབྲིང་སློབ་མའི་རིག་ཚན་ཨོ་ལིམ་ཕིག་འགྲན་བསྡུར་གྱི་རྒྱལ་ཁབ་གཅིག་སྡུད་སྦྱོང་བརྡར་རུ་ཁག་གི་ཁོངས་མིའི་འོས་སྐྱེལ་སློབ་མ་རྩ་དོན་ཐོག་སློབ་མའི་ཁྱད་ཆོས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་རིག་ཚན་ཆེད་ལས་སུ་བསྡུ་དགོས།
ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་གིས་འོས་སྐྱེལ་སློབ་མ་འོས་སྦྱོར་བྱེད་པར་ཆེད་ལས་ཀྱི་བླང་བྱ་གང་དག་ཡོད།
མཐོ་སློབ་ཀྱིས་བསྡུས་པའི་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་ནས་འོས་སྐྱེལ་སློབ་མ་འོས་སྦྱོར་བྱེད་པར་རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་འཕེལ་རྒྱས་ལ་མཁོ་བའི་སྐད་ཡིག་གི་ཆེད་ལས་དང་དེ་བཞིན་རྒྱལ་ཁབ་ལ་དགོས་མཁོ་ཆེ་ཞིང་དཀོན་པའི་སྐད་ཡིག་ཆེད་ལས་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་རྒྱུ་རེད།
2024ལོ་ནས་བཟུང་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་དང་། ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། ཕྱི་འབྲེལ་སློབ་གླིང་བཅས་ཀྱིས་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་ནས་འོས་སྦྱོར་བྱས་པའི་འོས་སྐྱེལ་སློབ་མའི་དབྱིན་ཡིག་སྐད་ཡིག་གི་འབྲེལ་ཡོད་ཆེད་ལས་མུ་མཐུད་བསྡུ་ལེན་བྱས་ནས་ལོགས་སུ་འཛིན་གྲྭ་གཉེར་བ་དང་། ལོགས་སུ་གསོ་སྦྱོང་ཇུས་གཞི་བཟོས་ནས་དབྱིན་ཡིག་རིགས་ཀྱི་རྩེར་སོན་ཤེས་ལྡན་པ་འདེམས་སྒྲུག་དང་གསོ་སྦྱོང་བྱེད་ཆོག་གི་ཡོད་པ་རེད།
མཐོ་སློབ་གཞན་དག་གིས་བསྡུས་པའི་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་གི་འོས་སྐྱེལ་སློབ་མས་དབྱིན་ཡིག་ཕུད་པའི་སྐད་ཡིག་ཆུང་གྲས་ཀྱི་འབྲེལ་ཡོད་ཆེད་ལས་སྦྱོང་རྒྱུ་ཚད་བཀག་བཟོས་ཡོད།
འབྲེལ་ཡོད་མཐོ་སློབ་ཀྱིས་སྐད་རིགས་ཆུང་བ་དང་འབྲེལ་བའི་མཉམ་འདྲེས་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྐུལ་མ་གཏོང་དགོས།
སྐད་རིགས་ཆུང་བའི་ཆེད་ལས་ཀྱི་སློབ་མ་སློབ་གྲྭར་བསྐྱལ་རྗེས་སྐད་རིགས་ཆུང་བ་མིན་པའི་འབྲེལ་ཡོད་ཆེད་ལས་སུ་བསྒྱུར་ཆོག་གི་མེད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།