ཀྲུང་ལྗར་མཛའ་མཐུན་སྨན་ཁང་དང་པེ་ཅིང་ཞེ་ཧི་སྨན་ཁང་དང་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་བཅས་ཀྱི་ཚོགས་པས་ཏོག་གསར་འགོས་ཡུན་རིང་པོའི་སྤྲི་དཀར་མཚོན་རྟགས་23གསར་རྙེད་བྱུང་བ་དང་། ཏོག་གསར་འགོས་ཡུན་རིང་པོའི་ཉེན་ཡོད་མི་ཚོགས་སྔ་མོ་ནས་ངོས་འཛིན་བྱེད་པར་ཕན་ལ། ཏོག་གསར་འགོས་ཡུན་རིང་པོར་ཞིབ་འཇུག་བྱེད་པའི་སྡེ་ཁག་ལ་བུ་རྡུལ་རིམ་པའི་ཁུངས་སྣེ་འདོན་སྤྲོད་བྱས་ཡོད། ཉེ་ཆར། ཞིབ་འཇུག་འདི་རྒྱལ་སྤྱིའི་གསོ་བ་རིག་པའི་དུས་དེབ་《ལྕང་ལོའི་གྲི》ཞེས་པའི་ཞོར་དེབ་སྟེང་སྤེལ་ཡོད།

ཞིབ་འཇུག་ཚོགས་པས་ངོ་སྤྲོད་བྱས་དོན། གོ་ལ་ཧྲིལ་པོའི་སྔོན་མ་ཏོག་གསར་ནད་དུག་འགོས་པའི་མི་ཚོགས་ཁྲོད་བརྒྱ་ཆ་10ལ་ཏོག་གསར་འགོས་ཡུན་རིང་པོ་ཡིན་པ་དང་། དོན་ལྔ་སྣོད་དྲུག་གི་དབང་པོར་ཤུགས་རྐྱེན་བཟོ་གི་ཡོད་པ་རེད། ཏོག་གསར་འགོས་ཡུན་རིང་པོའི་སྐྱེད་ལུགས་ཆ་འཇོག་ལ་ནད་འགོས་རྗེས་ཕུང་གྲུབ་ཁྲོད་ལུས་པའི་ནད་དུག་དང་། ཏོག་དབྱིབས་ནད་དུག་གི་དམིགས་ཁྱད་རང་བཞིན་གྱི་འགོག་གཟུགས། གནས་བདག་སྤྲི་དཀར་གྱི་སྣོལ་སྡེབ་འགྱུར་འབྱུང་བཅས་ལས་བྱུང་བའི་རང་སྟེང་གི་རིམས་ཐར་སོགས་འདུས་ཡོད། འོན་ཀྱང་ཆ་འཇོག་འདི་དག་ལ་མུ་མཐུད་དུ་ཞིབ་བཤེར་བྱ་དགོས།
མིག་སྔར། ཏོག་གསར་འགོས་ཡུན་རིང་པོའི་ནད་རྟགས་དང་སྨན་བཅོས་བྱེད་པར་སྔར་བཞིན་འགྲན་རྩོད་རང་བཞིན་ཆེ་ལ། སྔ་མོའི་ངོས་འཛིན་དང་ཐེ་གཏོགས་ཀྱི་སྐྱེ་དངོས་ཀྱི་མཚོན་རྟགས་དཀོན་པོ་རེད། སྤྲི་དཀར་ཚོ་རིག་པ་ནི་ཏོག་གསར་འགོས་ཡུན་རིང་པོ་དང་འབྲེལ་བ་ཡོད་པའི་སྐྱེ་དངོས་ཀྱི་མཚོན་རྟགས་དངོས་པོ་རྙེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་སྔོན་ཆད་གསར་དུ་སྤེལ་བའི་ཏོག་གསར་ནད་དུག་གི་ཡུན་རིང་སྤྲི་དཀར་ཚོ་རིག་པའི་ཞིབ་འཇུག་ལ་རྗེས་འདེད་ཀྱི་དུས་ཚོད་ཅུང་ཐུང་བ་མ་ཟད། ལག་ལེན་དངོས་ཀྱི་གཞི་གྲངས་བསྡུ་སྒྲིག་དང་དབྱེ་ཞིབ་ཀྱང་ཤིན་ཏུ་ཉུང་། དེར་བརྟེན། དུས་ཡུན་སྔར་ལས་རིང་པོའི་ནང་དུ་ཏོག་གསར་ནད་དུག་འགོ་མཁན་གྱི་སྐྱེ་དངོས་བརྒྱུད་རིམ་སླར་གསོའི་རྣམ་པ་གསལ་སྟོན་བྱེད་པ་དང་། ཏོག་གསར་ནད་འགོ་མཁན་ལ་ཡུན་རིང་པོར་ཤུགས་རྐྱེན་བཟོ་སྲིད་པའི་སྤྲི་དཀར་གལ་ཆེན་འཚོལ་ཞིབ་བྱེད་རྒྱུ་དེ་ནི། ཏོག་གསར་སྐྱེད་ལུགས་ལ་ཞིབ་འཇུག་བྱེད་པར་ཧ་ཅང་གལ་ཆེན་པོ་ཡིན། ཀྲུང་ལྗར་མཛའ་མཐུན་སྨན་ཁང་གི་ཚོ་པིན་ཚོགས་པ་དང་པེ་ཅིང་ཞེ་ཧི་སྨན་ཁང་གི་ཧོར་ཁྲོ་ལན་ཚོགས་པ། ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་གི་ཀྲང་ཏིན་ཡུས་ཚོགས་པས་མཉམ་འབྲེལ་ཐོག་ཞིབ་འཇུག་བྱས་ཏེ། སྤྱི་ལོ་2020ལོའི་ཟླ་1པ་ནས་5པའི་བར་ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིན་ཐན་སྨན་ཁང་ནས་ཐོན་པའི་ཏོག་གསར་ནད་པ་181ལ་ནང་འཇུག་བྱས་པ་དང་། ལོ་ཚོད་དང་ཕོ་མོ་དོ་མཉམ་པའི་ཏོག་གསར་ནད་དུག་མ་འགོས་པ་181ལ་སྡེ་ཁུལ་ནས་ལྟ་རྟོག་བྱས་ཏེ། སྨན་ཁང་ལས་བུད་པའི་ཏོག་གསར་འགོ་མཁན་གྱི་ཟླ་དྲུག་དང་ལོ་གཅིག ལོ་གཉིས་ཀྱི་རྗེས་བཅས་དུས་རིམ་གསུམ་ལྟར་སྡེ་ཁུལ་ནས་ལྟ་རྟོག་བྱེད་པའི་མིའི་ཁྲག་གི་མ་དཔེའི་སྤྲི་དཀར་ཚོ་རིག་པར་སྡུར་ནས་ཞིབ་བཤེར་ཚད་ལེན་བྱས་ཡོད།

ཞིབ་འཇུག་ཚོགས་པས་ཤེས་རྟོགས་བྱུང་བར། ཏོག་གསར་ནད་འགོས་པར་ལོ་གཉིས་་ཀྱི་རྗེས་སུ་སྐྱེ་དངོས་རིམ་པའི་སླར་གསོའི་རྣམ་པ་རིགས་གཙོ་བོ་བཞི་ཡོད་པ་དང་། ཞིབ་འཇུག་ཚོགས་པར་ནད་ཐོག་གི་བཀོད་སྤྱོད་རིན་ཐང་ཡོད་པའི་ཏོག་གསར་འགོས་ཡུན་རིང་པོའི་སྤྲོ་དཀར་མཚོན་རྟགས་23བརྙེད་ཡོད། འདི་ཉིད་ཀྱིས་ཏོག་གསར་འགོས་ཡུན་རིང་པོའི་ཉེན་ཆེ་མི་ཚོགས་སྔ་མོ་ནས་ངོས་འཛིན་བྱེད་པར་ཕན་ལ། ཐེ་གཏོགས་བྱ་ཐབས་གསར་པ་ཞིབ་འཇུག་གསར་སྤེལ་བྱེད་པར་དམིགས་འབེན་གསར་པ་འདོན་སྤྲོད་བྱ་ཐུབ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།