ས་སྲོས་རིམ་བཞིན་ཇེ་ཟབ་ཏུ་སོང་བ་དང་། ཝུའུ་ཧན་གྱི་གཙང་པོ་གཉིས་ཀྱི་ངོགས་བཞིའི་གློག་སྒྲོན་འོད་ཆེམ་ཆེམ་དུ་འཕྲོ། འབྲི་ཆུའི་གློག་འོད་སྟོན་མོ་རབ་ཏུ་འཚེར། ཉེ་ཆར་མི་དམངས་དྲ་བའི་“མདུན་བསྐྱོད་ཀྱི་ཀྲུང་གོ་”བརྟག་ཞིབ་ཚོགས་པ་ཝུའུ་ཧན་གྱི་“མཐུན་གྲོགས་རྟགས་ཅན་”གྱི་གྲུ་གཟིངས་ཐོག་བསྐྱོད་དེ་ཝུའུ་ཧན་གྱི་གཙང་པོ་དང་གྲོང་ཁྱེར་གྱི་མཛེས་ལྗོངས་དངོས་སུ་བཅར་འདྲི་བྱས་པ་དང་། འཁྲབ་སྟོན་སོགས་ལས་རྣམ་པ་གསར་པར་བརྟེན་ནས་འབྲི་ཆུའི་མཚན་མོའི་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བར་བྱས་ཡོད།

ཡུལ་སྐོར་བ་བར་ཁྱམས་ཟམ་པར་བསྐྱོད་པའི་སྐབས་སུ་ཧན་ཁོའུ་ཆེན་པོའི་འབྲི་ཆུའི་རིག་གནས་རྒྱབ་ལྗོངས་སུ་བྱས་པའི་སྣ་མང་ཉམས་ལེན་ཟློས་གར་ནང་གནས་ཡོད། སྐར་མ་བརྒྱ་ལྷག་ཙམ་གྱི་དངོས་ལྗོངས་འཁྲབ་སྟོན་གྱིས་“གང་སར་འཕྲད་པའི་”བརྩེ་དུང་གི་འཁྲབ་སྟོན་དང་“ཕན་ཚུན་འཕྲད་པ་ཚང་མ་ཟློས་གར་ནང་གི་མི་ཡིན་”ཞེས་པའི་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ་བརྟེན་ནས་ཝུའུ་ཧན་གྲོང་ཁྱེར་རྙིང་པའི་འཚོ་བ་དང་གྲུ་ཁའི་ཡུལ་སྲོལ་གོམས་གཤིས། ལོ་བརྒྱའི་གཙང་འགྲམ་གྲོང་ཁྱེར་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱས་ཏེ་གོམ་པ་སྤོས་ནས་ཡུལ་ལྗོངས་བརྗེ་བ་དང་གོམ་སྟབས་སྤོས་ནས་ཟློས་གར་ནང་ཞུགས་ཏེ་ཡུལ་སྐོར་བ་གཙང་འགྲམ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ནང་གཏིང་ཟབ་ཉམས་སུ་མྱོང་དུ་བཅུག་ཡོད།
འདི་ལོའི་ཟླ་5ཚེས་20ཉིན་“མཐུན་གྲོགས་རྟགས་ཅན་”གྱི་གྲུ་གཟིངས་ཐེངས་དང་པོ་བཏང་ནས་ལོ་དགུ་འཁོར་བའི་ལོ་ཞིག་བསུས་པ་རེད། ལོ་དགུའི་རིང་གྲུ་གཟིངས་ཐོག་རིམ་རྩིས་བརྒྱབ་ན་འཁྲབ་སྟོན་ཐེངས་3000ཙམ་བྱས་པ་དང་ཡུལ་སྐོར་བ་མི་ཐེངས་གྲངས་ཁྲི་170ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། འདི་ནི་ས་ཆ་གཞན་གྱི་ཡུལ་སྐོར་བ་ཀུན་གྱིས་དོ་སྣང་བྱེད་སའི་གཙང་འགྲམ་གྲོང་ཁྱེར་གྱི་མཚོན་རྟགས་ཤིག་ཡིན་ལ་ཝུའུ་ཧན་གྱི་གྲོང་མིས་དུས་ཆེན་དགའ་གཏོང་དང་མཛེས་སྡུག་ལྡན་པའི་ཕྱིར་དྲན་བྱ་ཡུལ་ཞིག་ཀྱང་རེད། འདི་ལོའི་“ལྔ་གཅིག་”གི་ངལ་གསོའི་རིང་མཐུན་གྲོགས་རྟགས་ཅན་གྱིས་ཡུལ་སྐོར་བ་མི་ཐེངས་གྲངས་ཁྲི་1.33ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་5.77%འཕར་བ་དང་རིག་གནས་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ཡོད།

འཁྲབ་སྟོན་གྱི་མཚོན་རྟགས་རྐྱང་པ་ནས་ས་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། ད་ཆ་“མཐུན་གྲོགས་རྟགས་ཅན་”དང་ཧོང་ཧོ་ཐོག་ཁང་དང་ཏུང་ཧུའུ་སོགས་གྲོང་ཁྱེར་གྱི་གསུང་རབ་རིག་གནས་ཡུལ་སྐོར་IPཕན་ཚུན་གཞོགས་འདེགས་དང་ཕྲེང་བ་བཞིན་སྦྲེལ་ནས་ཝུའུ་ཧན་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་སྟེ་“ཉིན་མོར་གྲོང་ཁྱེར་གྱི་རིག་གནས་དང་མཚན་མོ་འབྲི་ཆུའི་མཛེས་ལྗོངས་སྐོར་བ་”ཞེས་པའི་ཉིན་གང་རང་བཞིན་དང་རིམ་མང་རང་བཞིན་གྱི་རྩེད་མོའི་མཚོན་རྟགས་སུ་གྲུབ་ཡོད།

རྣམ་པ་གསར་གཏོད་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྐུལ་སློང་བྱས་པ་དང་། མཚན་མོའི་དཔལ་འབྱོར་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་བྱེད་པ། གཙང་པོ་གཉིས་དང་ངོགས་བཞིའི་མཚན་ལྗོངས་སྤྱི་ཡོངས་ནས་རིམ་སྤོར་བར་བརྟེན་པ་དང་། “མཐུན་གྲོགས་རྟགས་ཅན་”གྱི་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བཏང་ནས་ཝུའུ་ཧན་རིག་གནས་ཡུལ་སྐོར་དེ་དེ་སྔའི་སྐོར་ནས་གཏིང་ཟབ་པའི་ཉམས་ལེན་ཕྱོགས་སུ་སྒྱུར་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་བརྟན་གྱི་ནུས་རྒྱུ་འཁོ་འདོན་བྱས་ཡོད།(ཀྲོའུ་ཝུན་དང་ཕེང་ཡུན་ཏི།)