༄༅། །དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ཐད་ཀྱི་འདུ་ཤེས་གསར་པ་འཐབ་ཇུས་གསར་པ་ཐབས་བཀོད་གསར་པ་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།
(2021ལོའི་ཟླ་9ཚེས་27ཉིན།)
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་ཅིའི་ཕྱིར་འཛུགས་སྐྲུན་བྱེད་དགོས་པ་དང་། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་ཟེར་བ་ཇི་འདྲ་ཞིག་ཡིན་པ། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དྲིས་ལན་ཟབ་མོ་བཏབ་སྟེ། འདུ་ཤེས་གསར་པ་དང་། འཐབ་ཇུས་གསར་པ། ཐབས་བཀོད་གསར་པ་བཅས་རབ་དང་རིམ་པ་ཞིག་བཏོན་ཡོད།
གཅིག་ནི་ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་རྩ་བའི་ཁག་ཐེག་ཡིན། བསྐལ་བརྒྱའི་དོན་ཆེན་སྒྲུབ་ཚེ་ཤེས་ལྡན་མི་སྣ་གཞི་རྩ་ཡིན། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པ་ནི་ཏང་གིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་འགོ་ཁྲིད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་པར་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣའི་ལས་དོན་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མཐའ་ཀུན་ནས་ཤེས་ལྡན་མི་སྣར་རྒྱབ་སྐྱོར་དང་ཤེས་ལྡན་མི་སྣར་རོགས་རམ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་བྱེད་པ་བཅས་དང་། ཤེས་ལྡན་མི་སྣ་རྟོགས་པའི་བློ་རིག་དང་། ཤེས་ལྡན་མི་སྣར་གཅེས་པའི་ལྷག་བསམ། ཤེས་ལྡན་མི་སྣ་སྤྱོད་པའི་བློ་ཁོག །ཤེས་ལྡན་མི་སྣར་བཟོད་པའི་བློ་རྒྱ། ཤེས་ལྡན་མི་སྣ་འདུ་བའི་ཐབས་མཆོག་བཅས་ལ་བརྟེན་ནས་ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་གང་ཅིའི་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་ཚོ་ཏང་དང་མི་དམངས་ཀྱི་འབད་འཐབ་རླབས་པོ་ཆེའི་ནང་དུ་བསྡུས་ནས་གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་དགོས།
གཉིས་ནི་ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཤེས་ལྡན་མི་སྣ་ནི་གསར་གཏོད་ཀྱི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་ནི་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ནང་གི་རང་རྒྱལ་གྱི་སྟོབས་ཤུགས་གལ་ཆེན་དང་དགེ་མཚན་མངོན་གསལ་ཅན་ཡིན། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ངོ་བོ་ནི་ཤེས་ལྡན་མི་སྣར་བརྟེན་ནས་སྐུལ་འདེད་གཏོང་བ་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པར་ངེས་པར་དུ་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བྱ་རྒྱུ་དེ་དམིགས་བསལ་ལྟ་དགོས་ཤོས་ཀྱི་གོ་གནས་སུ་བཞག་སྟེ། འཐབ་ཇུས་ཀྱི་ཤེས་ལྡན་མི་སྣའི་སྟོབས་ཤུགས་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས་པ་དང་གསར་གཏོད་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་སྲ་བརྟན་དུ་ཤུགས་ཆེན་གཏོང་དགོས།
གསུམ་ནི་འཛམ་གླིང་གི་ཚན་རྩལ་མདུན་གནས་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་དམིགས་འབེན་དང་ཁ་ཕྱོགས་ཡིན། རྒྱ་ཆེའི་ཚན་རིག་པ་དང་ཚན་རྩལ་ལས་སྒྲུབ་པས་འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་ཆེན་པོའི་རྗེས་སུ་དམ་པོར་འབྲང་བར་ངེས་པར་དུ་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་པ་དང་། ཆུ་ཚད་རྩེར་སོན་ལ་ཚད་བསྡུར་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་ཕུགས་ཀྱི་དགོས་མཁོར་གཞིགས་ནས་རིགས་པའི་གཞུང་ལུགས་གསར་པ་འདོན་ཕོད་པ་དང་། ཁྱབ་ཁོངས་གསར་པ་གཏོད་ཕོད་པ། ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་ཕོད་པ་བཅས་དང་། འཐབ་ཇུས་རང་བཞིན་དང་འགག་རྩའི་རང་བཞིན་ལྡན་པའི་ཚན་རྩལ་གྲུབ་འབྲས་གལ་ཆེན་མང་དུ་འདོན་པ། “སྐེ་བཙིར་བའི་”འགག་རྩ་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ་བཅས་ལ་བརྟེན་ནས་ཚན་རིག་ལག་རྩལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། དཔྱད་རྩོམ་འབྲི་ན་མེས་རྒྱལ་གྱི་ས་གཞི་ཆེན་མོའི་སྟེང་དུ་འབྲི་བ་དང་། ཚན་རྩལ་གྱི་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བྱ་གཞག་རླབས་པོ་ཆེའི་དོན་དུ་སྤྱོད་དགོས།
བཞི་ནི་ཕྱོགས་མཐའ་ཀུན་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འདི་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་ལས་འགན་གཙོ་བོ་ཡིན། ངེས་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། ཚན་རྩལ་གྱི་སྣེ་འཁྲིད་མཁན་ཤེས་ལྡན་མི་སྣ་དང་གསར་གཏོད་ཚོགས་པ་རྩེར་སོན་སྐྱེད་སྲིང་། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་། ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་དང་གང་འགབ་ཅི་སྤྱོད། ན་གཞོན་ཤེས་ལྡན་མི་སྣ་བློ་ཁོག་ཆེན་པོས་བཀོལ་སྤྱོད། གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་། མཐོང་རྒྱ་ཆེ་རུ་བཏང་ནས་ཤེས་ལྡན་མི་སྣ་འདེམས་པ། སྲོལ་ལུགས་གཅིག་གི་འཆིང་རྒྱ་ལས་གྲོལ་ཏེ་ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་བྱེད་དགོས།
ལྔ་ནི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་འགན་སྲུང་གལ་ཆེན་ཡིན། ངེས་པར་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག །ཞབས་ཞུ། རྒྱབ་སྐྱོར། བསྔགས་སྐུལ་སོགས་བྱེད་པའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། “ཁོ་ན་བཞི་”ཡི་སྣང་ཚུལ་མེད་པར་བཟོ་བ། མི་སྣ་བཀོལ་སྤྱོད་བྱེད་པོར་དབང་ཆ་སྤྲོད་པ། ཤེས་ལྡན་མི་སྣ་འཆིང་ཐག་ལས་གློད་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་དགེ་མཚན་དེ་ཤེས་ལྡན་མི་སྣའི་དགེ་མཚན་དང་ཚན་རྩལ་འགྲན་རྩོད་ཀྱི་དགེ་མཚན་དུ་བསྒྱུར་ནས་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་ཕན་པའི་གསོ་སྐྱོང་གི་ལམ་སྲོལ་དང་། ཡོན་ཏན་གང་ཡོད་འདོན་པར་ཕན་པའི་མི་བཀོལ་སྤྱོད་ཀྱི་ལམ་སྲོལ། ཤེས་ལྡན་མི་སྣས་རང་ནུས་གང་ཡོད་འདོན་པར་ཕན་པའི་བསྔགས་སྐུལ་གྱི་ལམ་སྲོལ། ཤེས་ལྡན་མི་སྣ་གཟེངས་སུ་ཐོན་པར་ཕན་པའི་འགྲན་རྩོད་ཀྱི་ལམ་སྲོལ་བཅས་གང་མགྱོགས་སུ་ཆགས་པར་བྱེད་དགོས་པ་དང་། ཤེས་ལྡན་མི་སྣ་ཚན་ཞིབ་དོ་དམ་གྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་སྣ་ཚོགས་ལས་བཅིངས་འགྲོལ་གཏོང་དགོས།
དྲུག་ནི་ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་གཞི་རྩའི་བླང་བྱ་ཡིན། ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་གི་ཤེས་ལྡན་མི་སྣ་ཞུགས་དགོས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྱང་འཛམ་གླིང་གི་ཤེས་ལྡན་མི་སྣར་གོ་སྐབས་སྤྲོད་པ་རེད། ངེས་པར་དུ་སྔར་ལས་དགེ་མཚན་ལྡན་པ་དང་། སྔར་ལས་སྒོ་འབྱེད་ཡིན་པ། སྔར་ལས་གོ་ཆོད་པ་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་སྲིད་ཇུས་ལག་བསྟར་དང་། གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། དགོས་མཁོ་ཆེ་ཞིང་ཟླ་གཏུག་པོའི་ཤེས་ལྡན་མི་སྣ་ནང་འདྲེན་གནད་འཁེལ་བྱེད་པ། ཡིད་འགུག་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་མ་ལག་ཆགས་པར་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས།
བདུན་ནི་ཤེས་ལྡན་མི་སྣ་ཤེས་རྟོགས་དང་ཤེས་ལྡན་མི་སྣར་གཅེས་སྤྲས། ཤེས་ལྡན་མི་སྣར་བརྩི་འཇོག །ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་བྱེད་པའི་ཁོར་ཡུག་སྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་ཡིན། ངེས་པར་དུ་ཤེས་ལྡན་མི་སྣར་བརྩི་འཇོག་དང་། མཁས་པར་སྐོམ་པ་ཆུ་འདོད་ལྟར་རེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་དང་། དྲང་གཞག་འདྲ་མཉམ་དང་འགྲན་རྩོད་བཟང་འདེམས་བྱེད་པའི་ལམ་ལུགས་ཀྱི་ཁོར་ཡུག་ཅིག །ཐོབ་ཐང་འོས་འཚམ་དང་། འགན་སྲུང་ནུས་ལྡན་ཡིན་པའི་འཚོ་བའི་ཁོར་ཡུག་ཅིག་བཅས་ཧུར་ཐག་གིས་བསྐྲུན་ཏེ། ཤེས་ལྡན་མི་སྣས་བློ་རྩེ་གཅིག་སྒྲིམ་གྱིས་ལས་སྒོར་བརྩོན་པར་མཐུན་རྐྱེན་བཟང་པོ་སྐྲུན་དགོས་པ་དང་། སྤྱི་ཚོགས་ཡོངས་སུ་བློ་ཁོག་ཆེན་པོས་གསར་གཏོད་དང་། སྤོབས་པ་ཆེན་པོས་གསར་གཏོད། གསར་གཏོད་ལ་བཟོད་སྒོམ་བཅས་ཀྱི་ཐད་བསྔགས་སྐུལ་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས།
བརྒྱད་ནི་ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དེ་ནི་ཤེས་ལྡན་མི་སྣའི་ལས་དོན་ལེགས་པར་སྒྲུབ་པའི་བསམ་པའི་ཁྲིད་སྟོན་དང་བསམ་བློའི་འགན་ལེན་ཡིན། ངེས་པར་དུ་སེམས་ལ་མེས་རྒྱལ་འཆང་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱལ་གཅེས་སྙིང་སྟོབས་དང་། ཡང་རྩེར་འཛེག་ཕོད་པ་དང་གཞན་གྱི་སྔོན་ལ་སྒྲུབ་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས། བདེན་དོན་བརྩོན་གཉེར་དང་སློབ་གཉེར་གཟབ་ནན་བྱེད་པའི་བདེན་འཚོལ་གྱི་སྙིང་སྟོབས། ཁེ་གྲགས་མི་གཉེར་བ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པའི་བློས་གཏོང་གི་སྙིང་སྟོབས། བློ་གྲོས་གཅིག་བསྡུས་ཀྱིས་འགག་གནད་སྒྲོལ་བ་དང་མཐུན་སྒྲིལ་རོགས་རེས་བྱེད་པའི་རོགས་འདེགས་ཀྱི་སྙིང་སྟོབས། གཞན་གྱི་ཞིབ་འཇུག་ལ་རྨང་འདིང་བ་དང་རྗེས་རབས་པར་བསྔགས་སྐུལ་བྱེད་པའི་སྐྱེད་སྲིང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། ཤེས་ལྡན་མི་སྣ་རིགས་སོ་སོས་རྒྱལ་གཅེས་འབད་འཐབ་དང་། བློ་རྩ་བརྟན་པོས་གསར་གཏོད་སྲོལ་འབྱེད་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
གོང་གསལ་གྱི་དོན་ཚན་8ནི། ང་ཚོས་རང་རྒྱལ་གྱི་ཤེས་ལྡན་མི་སྣའི་བྱ་གཞག་འཕེལ་རྒྱས་ལ་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟབ་ཏུ་བྱས་པ་ཡིན་པས། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་གྲ་རྒྱས་གོང་འཕེལ་གཏོང་དགོས།
རང་ངོས་གསར་བརྗེ་ནི་ང་ཚོའི་ཏང་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་ཡིན།
༄༅། །རང་ངོས་གསར་བརྗེ་ནི་ང་ཚོའི་ཏང་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་པ་ཡིན།
(2021ལོའི་ཟླ་11ཚེས་11ཉིན།)
རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱེད་དགོས། ངས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག །ཀྲུང་གོའི་གུང་ཁྲན་ཏང་གིས་ཁེ་ཕན་ཚོགས་པ་གང་རུང་དང་། དབང་ཤུགས་ཚོགས་པ་གང་རུང་། ཁྱད་དབང་རིམ་གྲས་གང་རུང་བཅས་ཀྱི་ཁེ་ཕན་གཏན་ནས་མཚོན་གྱི་མེད་ཅེས་བཤད་མྱོང་། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་《གྲོས་ཆོད་》ནང་ཚིག་འདི་བསྐྱར་བཤད་བྱས་ཡོད། འདི་ནི་མ་རུང་ཁོག་བཅུག་བྱེད་མཁན་འགའ་ཤས་ཀྱིས་ང་ཚོའི་ཏང་དང་མི་དམངས་ཁ་ཕྲལ་གཏོང་བ་དང་ཁ་གཏད་དུ་སྒྱུར་བའི་བསམ་ངན་ལ་རྒོལ་ལན་སྤྲད་པ་ཡིན་ལ། ཏང་ཡོངས་ལ་སུའི་དོན་དུ་སྲིད་དབང་སྐྱོང་བ་དང་། སུའི་དོན་དུ་དབང་ཆ་སྤྱོད་པ། སུའི་དོན་དུ་ཁེ་ཕན་སྒྲུབ་པ་བཅས་ཀྱི་རྩ་བའི་གནད་དོན་འདིའི་ཐད་དུ་རིག་པ་ལྷག་པར་གསལ་དགོས་པ་དང་། ལངས་ཕྱོགས་ལྷག་པར་བརྟན་དགོས་པའི་དྲན་སྐུལ་བྱས་པའང་ཡིན།
ང་ཚོའི་ཏང་གི་ལོ་རྒྱུས་འདི་འདྲའི་རིང་བ་དང་། གཞི་ཁྱོན་འདི་འདྲའི་ཆེ་བ། སྲིད་དབང་སྐྱོང་ཡུན་འདི་འདྲའི་རིང་བ་བཅས་ཀྱི་དབང་གིས་རེས་འཇགས་རེས་ཟིང་དང་རེས་དར་རེས་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཇི་ལྟར་ཐར་དགོས་སམ་ཞེ་ན། ཡན་ཨན་གྱི་ས་ཕུག་ནང་དུ་བློ་མཐུན་མའོ་ཙེ་ཏུང་གིས་ལན་དང་པོ་བསྐྱོན་ཡོད་པ་རེད། དེ་ནི་“མི་དམངས་ལ་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་བཅུག་ན་སྲིད་གཞུང་གིས་ད་གཟོད་ལྷོད་གཡེང་བྱེད་མི་ཕོད་”[1]ཅེས་པ་དེ་རེད། ལོ་བརྒྱའི་རིང་གི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད་དེ། ང་ཚོའི་ཏང་གིས་ཡང་བསྐྱར་དྲིས་ལན་གཉིས་པ་བཏབ་ཡོད་པ་དེ་ནི་རང་ངོས་གསར་བརྗེ་བྱེད་པ་དེ་ཡིན།
རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་ང་ཚོའི་ཏང་ཉིད་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་བྱེད་ཀྱི་མཚོན་རྟགས་མངོན་གསལ་ཞིག་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་“རང་སྐྱོན་རང་བརྗོད་ནན་ཏན་བྱེད་མིན་དེའང་ང་ཚོ་དང་སྲིད་ཏང་གཞན་དག་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་གསལ་པོ་ཞིག་ཡིན་”[2]ཞེས་གསུངས་ཡོད། ཆབ་སྲིད་ཀྱི་གཤིས་རྒྱུད་དམིགས་བསལ་ཅན་འདི་འདྲ་ཞིག་ཡོད་པའི་རྐྱེན་གྱིས་ང་ཚོའི་ཏང་ད་གཟོད་ལོ་བརྒྱའི་དྲག་ཆར་རླུང་འཚུབ་བརྒྱུད་པ་དང་། ཉེན་ཁ་ཆེ་བའི་སྐབས་སུ་ཡང་བསྐྱར་དཔའ་ངར་ཆེར་སྐྱེད་དང་། ནོར་འཛོལ་བྱུང་རྗེས་ཟིང་བཅོས་ཡོ་བསྲང་ཐེངས་མང་བྱས་ཤིང་། ཕམ་པར་རྒྱག་མི་ཐུབ་པ་དང་མགོ་གནོན་བྱེད་མི་ཐུབ་པའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད། སྲིད་ཏང་ཞིག་ལ་མཚོན་ན་དཀའ་ཁག་ཆེ་ཤོས་ནི་འགྱུར་ལྡོག་མང་པོ་བྱུང་ཡང་ཐོག་མའི་བསམ་འདུན་མི་འགྱུར་བ་དང་། དཀའ་སྡུག་ཚད་མེད་མྱངས་ནའང་སྔར་བཞིན་རང་མདངས་མི་ཡལ་བ་དེ་རེད།
“སྒེར་སེམས་མེད་ན་གནམ་འོག་སྙོམས་པར་འགྱུར།”[3] ང་ཚོའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་གང་ཡང་མེད་པ་འདི་ནི་ང་ཚོའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་ཀྱི་འབྱུང་རྩ་དང་གཏིང་ཤུགས་རེད། སྒེར་སེམས་མེད་པའི་དབང་གིས་གཞི་ནས་མཐར་ཕྱིན་པའི་དངོས་གཙོ་རིང་ལུགས་ཀྱི་དགོངས་དོན་གཞིར་བཟུང་ནས་རྟག་ཏུ་རང་ཉིད་ལ་ཞིབ་བཤེར་དང་རང་སྐྱོན་རང་བརྟག་བྱེད་ཐུབ་པ་དང་། གཞི་ནས་ཁེ་ཕན་ཚོགས་པ་དང་། དབང་ཤུགས་ཚོགས་པ། ཁྱད་དབང་རིམ་གྲས་བཅས་མཐའ་དག་གི་“རྔོན་རུབ་རྒྱག་པའི་”བསླད་སྐྱོན་ལས་ཐར་ཐུབ་པར་མ་ཟད། ཚོགས་པ་དང་རིམ་གྲས་དེ་དག་གི་དབང་དུ་ཚུད་པའི་ཏང་ནང་གི་མི་ལ་མཚོན་ཆ་འདེབས་ཐུབ་པ་རེད།
ང་ཚོའི་ཏང་རླབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་ནི་ནོར་འཁྲུལ་མི་འཆོར་བ་མ་ཡིན་གྱི། ནད་གཞི་དང་སྨན་བཅོས་འཛེམ་བག་མི་བྱེད་པར་གནད་དོན་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་རང་ངོས་གསར་བརྗེ་བྱེད་ཕོད་པས་ཡིན། དཔེར་ན། སློབ་སྟོན་བསམ་བློའི་སྟེང་དུ་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་པ་ནི་གསར་བརྗེ་ཆེན་པོར་ཕམ་ཁ་བྱུང་རྗེས་ཁྲེན་ཏུའུ་ཞིའུ་ཡི་གཡས་ལྷུང་སྐབས་འཚོལ་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་པ་དང་། ས་ཞིང་གསར་བརྗེའི་དམག་འཁྲུག་སྐབས་སུ་“གཡོན་”ལྷུང་ལོང་མཆོང་གི་ནོར་འཁྲུལ་དང་“གཡོན་”ལྷུང་ཉེན་མཆོང་གི་ནོར་འཁྲུལ་ཡོ་བསྲང་བྱས་པ། ཡན་ཨན་དུས་སྐབས་སུ་ཝང་མིང་གི་“གཡོན་”ལྷུང་ལུང་འཛིན་རིང་ལུགས་ཀྱི་ནོར་འཁྲུལ་ཡོ་བསྲང་མཐར་ཕྱིན་བྱས་པ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་“རིག་གནས་གསར་བརྗེ་ཆེན་པོ་”རྩ་བ་ནས་དགག་གཞག་བྱས་པ་སོགས་ཡོད། དཔེར་ན། ང་ཚོའི་ཏང་གིས་ཏང་ནང་དུ་བསམ་བློ་རྣམ་དག་མིན་པ་དང་། ཆབ་སྲིད་རྣམ་དག་མིན་པ། རྩ་འཛུགས་རྣམ་དག་མིན་པ། སྤྱོད་ཚུལ་རྣམ་དག་མིན་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་རིགས་ཐག་གཅོད་བྱེད་ཕོད་པ་ནི་ཡན་ཨན་དུ་ཀུན་སྤྱོད་དག་ཐེར་དང་། རྒྱལ་ཁབ་བཙུགས་མ་ཐག་པའི་དུས་ཀྱི་ཀུན་སྤྱོད་དག་ཐེར་དང་ཏང་དག་ཐེར་དང་། “ངོ་རྒོལ་གསུམ་”གྱི་ལས་འགུལ། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཕྱོགས་ཡོངས་ནས་ཏང་དག་ཐེར་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་སོགས་ཡོད། ཡང་དཔེར་ན། ང་ཚོའི་ཏང་གིས་བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་ལ་ཆད་པས་འཆུན་འདོམས་བྱས་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ལིའུ་ཆིན་ཧྲན་དང་ཀྲང་ཙི་ཧྲན་སོགས་ཀྱི་གྱོད་དོན་ཐག་གཅོད་བྱས་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་བྱེད་པ་དེ་གལ་གནད་ཆེ་བའི་གནས་སུ་བཞག་ནས་རུལ་རྒོལ་འགྱུར་འགོག་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། རུལ་སུངས་ལ་ཆད་གཅོད་དང་སྔོན་འགོག་བྱེད་པའི་མ་ལག་འཐུས་སྒོ་ཚང་བར་བཙུགས་པ་སོགས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ངེས་ཤུགས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དང་། རང་ངོས་གསར་བརྗེ་བྱེད་པའི་“ཐབས་མང་མཉམ་སྤྱོད་”བྱས་ཏེ། ཏང་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་བྱེད་པའི་ལམ་ལུགས་དང་ཚད་གཞིའི་མ་ལག་ཆ་ཚང་ཞིག་ཆགས་ཡོད། “ཡོད་པ་བདུན་”[4]སོགས་ཏང་གི་སྣང་བརྙན་དང་སྙན་གྲགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་དང་། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་བཟོ་བའི་གནད་དོན་མངོན་གསལ་ཅན་ལ་དམིགས་ནས་ང་ཚོས་ནན་དགོས་པའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་སྒྲིག་བསྟར་འགན་འདེད་གསུམ་ལ་ཤུགས་སྣོན་བརྒྱབ་པ་དང་། “འགག་རྩའི་ཉུང་ཤས་”དམ་འཛིན་བྱས་ཏེ། གསར་བརྗེའི་རང་བཞིན་རྡུང་བཟོ་བྱས་ནས་ཏང་སྔར་བས་སྟོབས་ལྡན་དུ་བཏང་ཡོད། ལྷག་པར་དུ་ང་ཚོའི་ཏང་གིས་སྨན་གཉན་པོས་གཅོང་ནད་འཇོམས་པ་དང་ཁྲིམས་བཙན་པོས་དུས་ཟིང་བཅོས་པའི་ཆོད་སེམས་ལ་བརྟེན་པ་དང་། རུས་འབྲད་དུག་སེལ་དང་དཔའ་བོས་དཔུང་པ་དུག་ཅན་གཅོད་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ཀྱིས་“སྟག་རྡུང་”དང་། “སྦྲང་གསོད།” “ཝ་རྔོན་”བཅས་བྱས་ནས་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་བག་ཉལ་འགལ་རྐྱེན་ཚབས་ཆེན་གཙང་སེལ་བྱས་ཡོད། འཛམ་གླིང་ཐོག་སྲིད་སྐྱོང་ཏང་དེ་འདྲ་མང་པོ་ཡོད་པའི་ནང་ནས་ང་ཚོའི་ཏང་ལྟ་བུའི་གཞི་ཁྱོན་ཆེན་པོ་དང་། ཤུགས་ཚད་ཆེན་པོ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་ཕོད་མཁན་ག་ཚོད་ཡོད་དམ། མི་ལ་ལ་ཞིག་གིས་ནུབ་ཕྱོགས་ཀྱི་ཏང་མང་པོས་རེས་མོས་ཀྱིས་སྲིད་དབང་སྐྱོང་བ་དང་། “དབང་གསུམ་རང་ཚུགས་”ལ་འུད་བསྟོད་བྱས་ནས་ང་ཚོའི་ཏང་གིས་གྲི་ཁ་ནང་ལ་གཏོད་པ་དང་རང་གིས་ཤ་རུལ་གཅོད་ཐུབ་པར་ཡིད་ཆེས་བྱེད་ཀྱི་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་ལག་ལེན་གྱིས་ཁོང་ཚོར་ལན་གསལ་པོ་ཞིག་བརྒྱབ་ཡོད།
ང་ཚོའི་ཏང་ནི་ལོ་ངོ་བརྒྱ་ལ་སོན་ཅིང་གྲུབ་འབྲས་འོད་སྟོང་འབར་བ་ཐོབ་པས། ཏང་ཕྱི་ནང་དང་། རྒྱལ་ཁབ་ཕྱི་ནང་ཀུན་གྱི་བསྔགས་བརྗོད་མང་པོ་ཐོབ་ཡོད། དེ་འདྲ་ཇི་ཙམ་བྱས་ན་དེ་ཙམ་གྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་ལས། བསྟོད་ར་ཆེན་པོའི་ནང་དུ་རང་མགོ་འཐོམ་གཏན་ནས་མི་རུང་། དེ་ཡང་“སྙན་གྲགས་ཀྱིས་མི་བསླུ། སྐུར་འདེབས་ལ་མི་འཇིགས་”[5]ཞེས་པ་ལྟར། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་མི་ཉམས་པར་སྐྱོང་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས་པ་ལས། ནན་པའི་དོན་ལ་གནས་ཚར་པ་དང་ནན་པའི་དོན་མཐའ་འཁྱོལ་སོང་སྙམ་པའི་བསམ་བློ་གཏན་ནས་སྐྱེ་མི་རུང་། ཉེ་ཆར་བསྟུད་མར་རྩད་ཞིབ་ཐག་གཅོད་བྱས་པའི་གྱོད་དོན་ཆེ་གྲས་དང་གནད་ཆེའི་གྱོད་དོན་ལས་བལྟས་ན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ངེས་པར་དུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་ཉན་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་བྱེད་དགོས་ཀྱི་འདུག །ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་བློ་མཐུན་རྣམ་པ་དང་། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་རིག་པ་དྭངས་གསལ་བཟུང་ནས་ཏང་ཡོངས་ཀྱི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྤྱོད་གཙང་སོགས་ཀྱི་གནས་ཚུལ་དོན་ལ་གནས་ཤིང་ཡང་དག་པའི་ངོས་འཛིན་དང་ངེས་ཤེས་བྱེད་དགོས། གནད་དོན་ལ་ལྟ་སྟངས་ཡང་དག་པ་འཛིན་པའི་བློ་སྟོབས་དང་གྲི་ཁ་ནང་ལ་གཏོད་པའི་རང་རྟོགས་ཀྱིས་ཏང་རང་ངོས་ཀྱི་གསར་བརྗེར་སྐུལ་འདེད་གཏོང་དགོས། ནད་བྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་པ་དང་། སྨན་ཟ་དགོས་ན་སྨན་ཟ་དགོས་ཤིང་། གཤག་བཅོས་བྱེད་དགོས་ན་གཤག་བཅོས་བྱེད་དགོས། གནད་དོན་ཅི་ཡིན་དང་། མི་སུ་ལ་གནད་དོན་བྱུང་རུང་། བཅོས་དགོས་པར་ཐུག་དུས་ལག་འགུལ་ནས་བཅོས་དགོས། རུལ་སུངས་ཀྱི་གནད་དོན་ནི་དེ་བས་ཀྱང་བློ་ཐག་གཙང་བཅད་ཀྱིས་རྩད་ཞིབ་ཐག་གཅོད་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞི་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་གཙང་སེལ་བྱེད་དགོས་པ་དང་། ཏང་གི་ལུས་ཕུང་བདེ་ཐང་ལ་གནོད་པའི་ནད་དུག་རྒྱུན་ཆད་མེད་པར་གཙང་སེལ་བྱེད་དགོས། ལྷག་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ཧམ་ཟ་བྱེད་པ་དང་། ཏང་གི་སྲིད་སྐྱོང་རྨང་གཞིར་བསླད་སྐྱོན་གཏོང་བ། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་གཡོ་འགུལ་གཏོང་བའི་མི་དང་། ཏང་ནང་དུ་ཆབ་སྲིད་ཀྱི་ཚོགས་པ་དང་། ཤོག་པ་ཆུང་ཆུང་། ཁེ་ཕན་ཚོགས་པ་བཅས་འཛུགས་མཁན་དེ་དག་ལ་ནི་སྙིང་རྗེ་སྤུ་ཙམ་མེད་པར་རྩད་ཞིབ་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས།
མདོར་ན། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ། ང་ཚོས་བདེ་སྡོད་ཉེན་དྲན་གྱིས་ང་རང་ཚོའི་ལོ་བརྒྱའི་ཏང་ཆེན་པོ་འདི་རྒས་ཉམས་དང་ནད་ཀྱིས་མནར་མིན་ལ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་དགོས། ཏང་གི་ལོ་རྒྱུས་ཐོག་བརྒྱུད་མྱོང་བའི་འགྲོ་ལམ་ཀྱག་ཀྱོག་དང་ལོ་རྒྱུས་ཀྱག་ཀྱོག་བརྗེད་མི་རུང་། རྒྱལ་ཁབ་ཕྱི་ནང་གི་ཆབ་སྲིད་ལོ་རྒྱུས་ཐོག་གི་གནས་སྐབས་ཀྱི་རྣམ་པར་ཡིད་ཚིམ་ཞིང་དགའ་བདེར་རོལ་བཞིན་འཇིག་པར་གྱུར་པའི་བསླབ་བྱ་ཟབ་མོ་དེ་དག་བརྗེད་མི་རུང་། རང་ཐོག་ཏུ་གནས་པའི་གནད་དོན་ལ་དབང་པོ་རྟུལ་མི་རུང་ལ། ཐག་གཅོད་བྱེད་དུས་དལ་ཞིང་འཇམ་ཚེ་མཐར་ཐུག་མི་ཤི་སྲིད་བརླག་གི་མཇུག་འབྲས་བསྐྱེད་ཡོང་གི་རེད། རང་ངོས་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད་བྱེད་པ་དང་། སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེས་རང་ངོས་གསར་བརྗེ་རླབས་པོ་ཆེར་སྐུལ་སྤེལ་བཏང་སྟེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཏང་ཉིད་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་འགན་ལེན་ཏན་ཏིག་བྱེད་དགོས།
མཆན་འགྲེལ།
[1] ཚིག་འདི་ནི་1945ལོའི་ཟླ་7པར་མའོ་ཙེ་ཏུང་དང་ཧོང་ཡན་ཕེ་ཡི་གླེང་མོལ་(《མའོ་ཙེ་ཏུང་གི་ལོ་རེའི་མཛད་དེབ་(1893-1949)》བར་ཆ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་། 2013ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་611པ།)ལས་བྱུང་།
[2] མའོ་ཙེ་ཏུང་གི་《མཉམ་འབྲེལ་སྲིད་གཞུང་སྐོར་བཤད་པ།》 (《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་། 1992ལོའི་བོད་ཡིག་པར་གཞིའི་ཤོག་ངོས་2136ལ་གསལ།
[3] 《བློ་དཀར་བའི་གཞུང་•བདེན་དོན་རྒྱ་ཆེར་བཤད་པའི་ལེའུ་》ཞེས་པར་གསལ།
[4] 2014ལོའི་ཟླ་10པར། ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཏོན་དོན། མི་འགའ་ཞིག་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྣང་མེད་དུ་བཞག་ནས་རང་ཉིད་ཀྱི་དཔོན་ལམ་དང་ཤུགས་རྐྱེན་ཟེར་བའི་ཆེད་དུ་རང་གི་དགའ་ཉེ་ཁོ་ན་བསྐོ་གཞག་དང་གཞན་ཁོངས་ཟུར་འབུད་བྱེད་མཁན་ཡོད་པ་དང་། ཚོགས་པ་ཁྱུ་སྒྲིག་དང་དཔུང་འབྲེལ་ཤོག་སྒྲིག་བྱེད་མཁན་ཡོད་པ། མིང་གསང་ནས་སྙོན་འཛུགས་ཞུ་གཏུག་བྱེད་པ་དང་དཀྲོག་གཏམ་བཟོ་མཁན་ཡོད་པ། མི་སེམས་བསླུ་ཉོ་བྱེད་པ་དང་འདེམས་ཤོག་སྐུལ་འགུག་བྱེད་མཁན་ཡོད་པ། གོ་གནས་བསྐོ་འཐེན་དང་རེ་བ་ཁས་ལེན་དང་ཕན་ཚུན་རྟེན་འབྲེལ་ཞུ་མཁན་ཡོད་པ། རང་དགའ་རང་འདོད་དང་མངོན་བརྩི་ལྐོག་འགལ་བྱེད་མཁན་ཡོད་པ། རྒྱ་འུབས་མི་འདུས་པ་དང་ཀྲུང་དབྱང་གི་སྐོར་གང་བྱུང་མང་བྱུང་བཤད་མཁན་ཡང་ཡོད་པ་སོགས་ལྟ་བུ།
[5] 《ཞུན་ཙི་•མི་བུ་བཅུ་གཉིས་ལ་དགག་པ་》ཞེས་པར་གསལ།
༄༅། །ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་དགོས། མཐུན་སྒྲིལ་གཅིག་གྱུར་དམ་དུ་གཏོང་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་སྐྱེད་དགོས།
(2021ལོའི་ཟླ་12ཚེས་27ཉིན་ནས་ཚེས་28ཉིན་བར།)
ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་ཞིག་འཚོགས་སོང་ལ། ཕན་འབྲས་ཡག་པོ་ཞིག་ཐོན་སོང་། བསམ་བློ་སྤེལ་རེས་དང་། གནད་དོན་ལ་ལྟ་བཤེར་བྱས་ཡོད་ཅིང་། ཁ་ཕྱོགས་གསལ་པོ་བྱུང་ཡོད། འདི་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཆ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། ཚང་མས་བསམ་འཆར་དང་གྲོས་འགོ་བཏོན་པར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལེགས་བཅོས་བྱེད་པའི་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད།
ང་ཚོའི་ཏང་གིས་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་བསྐྱོད་པ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་ཤིང་། ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་རྩ་ཆེན་བསགས་ཡོད། ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་སློབ་དེབ་ཅིག་རེད། ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་ལ་མཐོང་ཆེན་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་ངོས་འཛིན་ཇི་ཙམ་ཆ་ཚང་བ་བྱུང་ན། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངེས་ཤེས་བྱེད་པ་དེ་ཙམ་གྱིས་གཏིང་ཟབ་པ་དང་། ཏང་གི་ལོ་རྒྱུས་ཀྱི་བློ་གྲོས་ཇི་ཙམ་ཕུན་སུམ་ཚོགས་ན། མདུན་ལམ་ཁ་ལོ་སྒྱུར་བ་དེ་ཙམ་གྱིས་རང་དབང་ཡོད་པ་རེད། ད་ལོར། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱ་རྒྱུའི་གྲོས་ཐག་བཅད་ཅིང་། ཏང་ཡོངས་ཀྱིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས་ཚུལ་ནན་བཤད་བྱས་པ་ནི། ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་གཅིག་གྱུར་དམ་དུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་སྐྱེད་པ་བཅས་ཀྱི་ཆེད་དུ་ཡིན།
རྒྱུགས་སྤྲོད་ལམ་གསར་ལ་ཆས་ཏེ་ང་ཚོས་མུ་མཐུད་དེ་རྒྱུགས་འབྲས་གཡུར་དུ་ཟ་བ་ལོན་ཐུབ་མིན་གྱི་གནད་འགག་ནི་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་ཡོད་མེད་ལ་ཐུག་ཡོད། ལོ་བརྒྱའི་རིང་ལ། ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ལས་ལ་གཞོལ་བ་དང་། མིའི་རིགས་ཡར་ཐོན་ཡོང་བ་དང་འཛམ་གླིང་ལ་སྤྱི་སྙོམས་ཆེན་པོ་ཡོང་བའི་ལས་ལ་གཞོལ་ཡོད་ཅིང་། གནམ་འོག་སྤྱི་ལ་དབང་བ་དང་མི་ཡུལ་གྱི་ལམ་བཟང་ཡང་དག་པ་འདི་ནི་ང་ཚོའི་ཏང་ལ་ལོ་རྒྱུས་ཀྱི་གདེང་ཚོད་ལྡན་པའི་གཏིང་ཤུགས་ཆེ་ཤོས་ཡིན་པ་དང་། ང་ཚོའི་ཏང་གིས་ཀྲུང་གོར་སྲིད་དབང་སྐྱོང་བ་མ་ཟད་དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་ལོ་རྒྱུས་ཀྱི་གདེང་ཚོད་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མུ་མཐུད་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཀྱང་ཡིན། དུས་དེ་རིང་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་སྟོང་ཟད་དུ་བཏང་མེད་ཅེས་བཤད་ཆོག་ཆོག་ཡིན།
ལོ་རྒྱུས་ཀྱི་ཤེས་རྟོགས་ནི་ལོ་རྒྱུས་ཀྱི་གདེང་ཚོད་ལྡན་པའི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་གནད་དོན་ཐད་གཞི་སྒྱུར་རྩ་སྒྱུར་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དུས་མཚུངས་སུ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ནི། གནད་དོན་འདི་དངོས་འབྲེལ་ཐག་གཅོད་ཡག་པོ་བྱེད་དགོས་ན། སྔར་བཞིན་ཏང་གིས་གཟབ་ནན་དང་། ཕྱོགས་ཡོངས། དབང་གྲགས་ལྡན་པ་བཅས་ཀྱི་སྒོ་ནས་ཏང་གི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པར་ཕྱོགས་བསྡོམས་བྱེད་དགོས་པ་དང་། རྨང་གཞི་དེའི་ཐོག་ཏང་གི་ལོ་རྒྱུས་ཕྱོགས་བསྡོམས་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། ཏང་གི་ལོ་རྒྱུས་ལྟ་བ་ཡང་དག་པ་དེ་སྔར་ལས་གཏིང་ཟབ་པ་དང་སྔར་ལས་ཁྱབ་ཆེ་བའི་སྒོ་ནས་སྐྱེད་དགོས་ཤིང་། ལོ་རྒྱུས་ཡང་དག་པ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་ཟིན་དུ་འགྱུར་བར་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་ཡོངས་རྫོགས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་རྣམས་ལ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་དང་ལོ་རྒྱུས་ཀྱི་དྲན་འཛིན་བརྟན་པོ་ཡོད་དགོས་པའི་སློབ་གསོ་བཏང་ནས་ཡིད་ཆེས་ཆེན་པོ་དང་བཅས་མདུན་ནས་མདུན་དུ་སྐྱོད་དགོས།
ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་གི་སྲོག་རྩ་ཡིན་ཞིང་། ལོ་རྒྱུས་ཕྱོགས་བསྡོམས་བྱེད་རིང་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་མཁས་པ་ནི་ང་ཚོའི་ཏང་གི་ལེགས་འགྲུབ་ཉམས་མྱོང་ཡིན། ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་ཐོག་གི་མཐུན་སྒྲིལ་གཅིག་གྱུར་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཏང་གི་མཐུན་སྒྲིལ་གཅིག་གྱུར་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཞེས་པའི་གཙོ་གནད་འདི་འབུར་དུ་འདོན་རྒྱུ་གཏན་འབེབས་བྱས་ཡོད། དེ་ནི་ཏང་ཡོངས་ཀྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེ་གསར་པ་ལེན་པར་ཆ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ང་ཚོའི་ཏང་ནི་མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་ནང་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་བཞག་པ་ནི། ཏང་ཡོངས་ལ་དུས་རབས་གསར་པའི་མདུན་སྐྱོད་ཀྱི་འཐབ་ལམ་སྟེང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། “གང་ནས་ཡོང་བ་དང་གང་དུ་སྐྱོད་པ་”ཡི་གཞི་རྩའི་བརྗོད་གཞི་འདིར་ལན་ཡག་པོ་རྒྱག་དགོས་ལུགས་བསླབ་བྱ་གཏོང་བ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཛིན་སྐྱོང་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལས་ཀྲུང་གོའི་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་ཐོག །བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དུ་འཇུག་དགོས།
མར་ཁེ་སིའི་རིང་ལུགས་ཀྱི་བྱུང་འཕེལ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་བྱུང་འཕེལ་གྱི་ལོ་རྒྱུས་བརྒྱུད་རིམ་ལ་དཀའ་སྡུག་གི་འཐབ་རྩོད་ཀྱིས་ཁེངས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་ཀྱི་གསར་བརྗེའི་འཐབ་རྩོད་ཀྱི་དཀའ་ཚེགས་དང་ཁྲག་བཏོན་སྲོག་འདོར་གྱི་ཡ་ང་ཚུལ་ནི་འཛམ་གླིང་ན་མཐོང་དཀོན་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཉེན་ཁ་དང་འགྲན་སློང་ཚབས་ཆེན་རབ་དང་རིམ་པ་བརྒྱུད་པ་ལ། ང་ཚོ་ཚང་མས་འཇིགས་པ་མེད་ཅིང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ཅིང་། བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁ་བླངས་ཡོད། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག །ང་ཚོས་ཏང་གིས་གསོག་འཇོག་བྱས་པའི་འཐབ་རྩོད་ཀྱི་ཉམས་མྱོང་རླབས་པོ་ཆེ་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱས་ཏེ། ཉམས་ཉེས་དྲན་པའི་འདུ་ཤེས་ཆེར་སྐྱེད་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་ཐབས་ཇུས་སྟངས་འཛིན། འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བརྡར་བཅས་བྱེད་པའི་ཐོག་ནས་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་པའི་ཞུམ་མེད་ཀྱི་བློ་སྟོབས་མཐའ་འཁྱོངས་སྒོས་མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་བཅགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུ་གཟིངས་ཀྱིས་རླབས་རྒོད་གཤགས་ཏེ་མདུན་ནས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལས་བློ་གྲོས་དང་སྟོབས་ཤུགས་བླངས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་རང་རྟོགས་ངང་ལག་ལེན་བསྟར་ཏེ། བཀོད་པ་ཆེན་པོ་དང་བརྩེ་བ་ཆེན་པོ་ཡོད་དགོས་ལ། མཐོ་སར་ལངས་ཤིང་རྒྱང་ལ་ལྟ་བ་དང་། བཀོད་ཇུས་ཟབ་ཅིང་དོན་དམ་གཉེར་དགོས་ཤིང་། སྒེར་གྱི་ཁེ་གྱོང་ལ་མི་ལྟ་བ་དང་། ཁེ་གྲགས་མི་བསམ་པ་བཅས་ཀྱི་ཐོག་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེ་བར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་གཏད་དང་། ཤི་གསོན་མཉམ་མྱོང་། ལས་དབང་གཅིག་མཐུན་བཅས་བྱེད་དགོས། ཀུན་གྱི་སྣེ་ཁྲིད་དེ་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཕུགས་བསམ་དང་དད་སེམས་ལས་འཕེལ་ཕྱོགས་ཆེན་པོ་རྟོགས་པ་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ། འབྱུང་འགྱུར་ལ་ལྟ་བ་བཅས་ཀྱི་ལམ་སྟོན་སྒྲོན་མེ་འཐོབ་པར་བྱེད་པ་དང་། འབད་འཐབ་ལྷོད་མེད་དང་བརྩོན་འགྲུས་ཉམས་མེད་ཀྱི་སྒུལ་ཤུགས་འབྱུང་ཁུངས་འཐོབ་པར་བྱེད་པ། ཡིན་མིན་དབྱེ་འབྱེད་དང་རྨོངས་རྒྱ་སེལ་བའི་ཆབ་སྲིད་ཀྱི་བློ་མིག་འཐོབ་པར་བྱེད་པ། རུལ་བསླད་འགོག་པ་དང་ངོ་འགྱུར་འགོག་པའི་དུག་སྲིན་འགོག་རྫས་མཐུ་མོ་འཐོབ་པར་བྱེད་དགོས། ཀུན་གྱི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས་ཤིང་། རང་ཉིད་བློ་བརྟན་འགྱུར་མེད་དང་རིག་པ་དྭངས་གསལ་ཡིན་དགོས་པར་མ་ཟད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དུ་རང་རྟོགས་ངང་ཤུགས་རྒྱག་པ་དང་ལྷག་པར་དུ་ཕྱོགས་ལྷུང་ངན་པ་སྔོན་འགོག་དང་སེལ་ཐབས་བྱེད་དགོས། འཐབ་ཇུས་ཀྱི་མིག་རྒྱང་དང་སྔོན་དཔག་གི་མིག་རྒྱང་ཆེན་པོ་ལྡན་དགོས་ཤིང་། ལག་ལེན་གསར་པ་ལས་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པར་དམིགས་ཏེ་དམངས་གཙོ་དར་སྤེལ་དང་མང་གྲོས་བློ་བསྡུ་བྱས་ནས་དོན་དངོས་དང་མཐུན་ཞིང་ཆོས་ཉིད་དང་མཐུན་པའི་ཐབས་ཇུས་དང་གྲོས་འགོ་འདོན་དགོས། ཀུན་གྱི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་། ཆད་ལུས་མེད་པར་ལག་བསྟར་བྱ་རྒྱུའི་ཐད་དུ་ཤུགས་རྒྱག་དགོས་པ་དང་། ལས་བགོས་འགན་གཉེར་ཁྱབ་ཁོངས་དང་ལས་བགོས་འགན་གཉེར་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལས་ཀའི་བཀོད་སྒྲིག་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་སྐུལ་འདེད་བཏང་སྟེ། “རྒྱལ་ཁབ་ཀྱི་དོན་ཆེན་”ལ་གོ་བ་གནད་འཁེལ་ཡོང་བ་བྱས་ནས་ལག་བསྟར་བྱེད་ཚུལ་ཕྱོགས་ལྷུང་མེད་པ་དང་བབ་བསྟུན་བསྒྱུར་བཅོས་མི་བྱེད་པ། རྣམ་པ་མི་འགྱུར་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས།
ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སང་ལོའི་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བསྐྱེད་དེ། འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་ཕྱོགས་སོ་སོའི་ལས་ཀ་ཡག་པོ་སྒྲུབ་དགོས། ད་ལོ་དང་སང་ལོ་ནི་ཏག་ཏག་སྐབས་བརྗེ་བའི་དུས་ལ་སླེབས་ཡོད། འགོ་ཁྲིད་བློ་མཐུན་ཚོས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་པོ་ཞུ་བ་དང་། རྩ་འཛུགས་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་བརྩི་སྲུང་ནན་པོ་ཞུ་དགོས། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ལ་ལྟ་སྟངས་ཡང་དག་པ་འཛིན་པ་དང་། རང་ཉིད་ལ་ལྟ་སྟངས་ཡང་དག་པ་འཛིན་པ། ཁྱོན་ཡོངས་ལ་བརྩི་བཀུར་དང་། རྩ་འཛུགས་ལ་བརྩི་བཀུར། བཀོད་སྒྲིག་ལ་བརྩི་བཀུར་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་གུང་ཁྲན་ཏང་མིར་ཡོད་དགོས་པའི་སེམས་ཤུགས་བསྐྱེད་དེ་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་གཏོད་ཐད་སྤྱོད་དགོས།
ཐེངས་འདིའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག །ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་དོན་ཡག་པོར་སྒྲུབ་པའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་ཞིག་བཏོན་སོང་། ལ་ལ་ཀྲུང་དབྱང་གི་ལས་དོན་དང་འབྲེལ་བ་ཡོད་པ་དང་། ལ་ལ་སྡེ་ཁག་གི་ལས་དོན་དང་འབྲེལ་བ་ཡོད་པ། ལ་ལ་ས་གནས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པ་བཅས་རེད། ཚོགས་འདུ་གྲོལ་རྗེས་ཞིབ་འཇུག་དམ་འཛིན་དང་ཐབས་བཀོད་འདོན་པ། ལས་དོན་ལེགས་བཅོས་བཅས་བྱས་ནས་ངེས་པར་དུ་དོན་འབྲས་ཐོན་པར་བྱེད་དགོས།
༄༅། །ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྒྱ་ཆེ་ཞིང་གཏིང་ཟབ་པར་སྐུལ་འདེད་གཏོང་དགོས།
(2022ལོའི་ཟླ་1ཚེས་18ཉིན།)
2021ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཚིགས་ཡིན། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་པ་ཡག་པོ་ཞིག་སྤོ་བར་ཆབ་སྲིད་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད། ད་ལོ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་པ་ཡིན་ཙ་ན། རལ་གྲི་བརྡར་ནས་ལོ་བཅུ་ཡིན་ཟེར་བ་ལྟར། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པའི་ནང་བཅུག་ཅིང་། དཔེ་མེད་ཀྱི་བློ་སྤོབས་དང་ངེས་ཤུགས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ནས་ལོ་མང་རིང་བཀག་འགོག་བྱེད་མ་ཐུབ་པའི་བྱ་ངན་སྤྱོད་ངན་འགའ་ཞིག་བཀག་འགོག་བྱས་པ་དང་། ཡུན་རིང་ཐག་གཅོད་བྱེད་མ་ཐུབ་པའི་ནད་རྒན་གཅོང་ཆེན་མང་པོ་ཐག་གཅོད་བྱས་ཤིང་། ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་བག་ཉལ་འགལ་རྐྱེན་ཚབས་ཆེན་གཙང་སེལ་བྱས་མཐར། ཏང་དོ་དམ་དང་ཏང་བཅོས་སྐྱོང་ལྷོད་ཡངས་འཇམ་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་བར་བྱེད་པའི་རྒྱལ་ཁའི་ལམ་ག་ཞིག་འཚོལ་ཞིབ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ཕྱོགས་མཐའ་ཀུན་དང་གཏིང་ཟབ་པའི་ཤུགས་རྐྱེན་བྱུང་ཡོད་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་དགོས།
ལོ་བརྒྱའི་རིང་ལ། ཏང་གིས་ཕྱི་རོལ་དུ་མི་དམངས་དམངས་གཙོ་གོང་སྤེལ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་པ་དང་། ནང་ཁུལ་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། གྲི་ཁ་ནང་ལ་གཏོད་པ་དང་རུས་འབྲད་དུག་སེལ་བྱེད་ཕོད་པ་བཅས་ལ་བརྟེན་ཏེ། ཏང་ཉིད་ཉམས་པ་མེད་པར་འཚར་ལོངས་དང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་བར་འགན་ལེན་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་རླབས་པོ་ཆེ་ཞིག་ཡིན་པ་དང་། དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གོ་འཕང་གསར་པ་ཞིག་བཏོད་ཡོད། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱེད་དགོས། ངེས་པར་དུ་བསམ་བློ་འཛུགས་སྐྲུན་དེ་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་དུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་རྣོ་ངར་ཆེ་བའི་བསམ་བློའི་མཚོན་ཆ་ཞུན་བརྡར་བྱེད་དགོས། ངེས་པར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་[1]ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྒྲིག་ཁྲིམས་ནན་པོར་བརྟེན་ནས་སྤྱོད་ཚུལ་དག་ཐེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེ་བྱེད་པའི་ཐབས་ལམ་ནུས་ལྡན་ཕུན་སུམ་ཚོགས་པོ་བཟོ་དགོས། ངེས་པར་དུ་ཐོག་མདའ་ལྟ་བུའི་ཟིལ་ཤུགས་ལ་བརྟེན་ནས་རུལ་སུངས་ལ་ངོ་རྒོལ་དང་ངན་རེངས་ལ་ཆད་པ་གཅོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེའི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོར་རྒྱག་དགོས། ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་། རྩ་འཛུགས་ནུས་པ། གོང་བུར་འགྲིལ་ཤུགས་བཅས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་དང་། རང་ངོས་གསར་བརྗེ་བྱེད་ཕོད་པའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་དགོས། ངེས་པར་དུ་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ཀྱི་ལམ་ལུགས་དང་ཚད་གཞིའི་མ་ལག་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རང་ངོས་གསར་བརྗེ་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་བར་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་ཏང་འཛུགས་གཞུང་ལུགས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་བཀོལ་སྤྱོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་གཏིང་ཟབ་ཏུ་སྤེལ་བས། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། དུས་ཡུན་རིང་པོར་སྲིད་དབང་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། འདི་ནི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས། ནན་དགོས་པའི་དགོངས་གཞི་གཙོ་བོ་གཡོ་འགུལ་མེད་པར་རྒྱུན་འཁྱོངས། ལྕགས་གཟེར་འདེབས་པའི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས། བཟོད་སྒོམ་སྤུ་ཙམ་མེད་པའི་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་རྒྱུ་རྒྱུན་འཁྱོངས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མཐའ་དག་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས། “འགག་རྩའི་ཉུང་ཤས་”དམ་འཛིན་གྱིས་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་ཕྱོགས་ཡོངས་ལ་ཁྱབ་པ་དང་རྒྱུན་རྣམ་དང་རྒྱུན་ཕན་གྱི་ལྟ་སྐུལ་བསྒྲིལ་ཤུགས་ཤིག་ཆགས་པར་བྱེད་པ་དེ་རེད།
ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། སྔར་བས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། སློབ་གསོ། དྲིལ་བསྒྲགས་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་ཀྱི་ལོ་རྒྱུས་ཀྱི་གདེང་ཚོད་སྲ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་སེམས་གཏིང་དུ་འཇགས་ཐུབ་པ་དང་། ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་བྱ་སྤྱོད་ཐོག་དོན་འཁྱོལ་ཡོང་བ་བྱས་ནས་ཏང་གི་སྲོལ་རྒྱུན་གཟི་བརྗིད་ཅན་དང་སྤྱོད་ཚུལ་བཟང་པོ་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་གི་དོན་དུ་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་ཕུལ་ནས་རྒྱུགས་སྤྲོད་ཀྱི་ལམ་དུ་ཆས་ནས་རྒྱུགས་འབྲས་ཡག་པོ་ལེན་དགོས།
ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། ཏང་ཡོན་དང་ལས་བྱེད་པས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་དངོས་འབྲེལ་ཤེས་རྟོགས་ཐུབ་ཅིང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་ལ་མིག་ལྟོས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ཏན་ཏིག་བྱས་ཏེ། འཕྲི་འཐེན་མི་བྱེད་པ་དང་ཁྲལ་སེལ་སླ་བཅོས་མི་བྱེད་པ། རང་མོས་རིང་ལུགས་དང་། རང་གནས་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཡོ་བསྲང་བྱེད་པ། གནས་སྐབས་ཙམ་དང་ས་གནས་ཤིག་གི་ཁེ་ཕན་གྱི་དོན་དུ་རྩིས་ཆུང་ཆུང་མི་རྒྱག་པ་དང་མགོ་བདེ་དྲན་འཕྲུལ་མི་བྱེད་པ་བཅས་ཀྱི་ཐོག་ནས་ལག་བསྟར་བྱེད་ཚུལ་དེ་ཕྱོགས་ལྷུང་མེད་པ་དང་བབ་བསྟུན་བསྒྱུར་བཅོས་མི་བྱེད་པ། རྣམ་པ་མི་འགྱུར་བ་བཅས་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཀྱི་ངེས་ཤུགས་འཛིན་སྐྱོང་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས། ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ནི། རུལ་སུངས་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགྲན་རྩོད་ད་དུང་ཛ་དྲག་ངང་སྤེལ་བཞིན་ཡོད་པ་དང་སྦྲགས་དུས་རིམ་རང་བཞིན་གྱི་ཁྱད་ཆོས་གསར་པ་འགའ་མངོན་ཡོད་ཅིང་། ཁེ་ཕན་ཚོགས་པ་འདྲ་མིན་སྣ་ཚོགས་ཀྱིས་དཔུང་རོགས་བསྒྲིགས་ནས་བྱ་ངན་སྤེལ་བ་དང་“རྔོན་རུབ་རྒྱག་པའི་”རུལ་བསླད་སྔོན་འགོག་བྱེད་པར་ད་དུང་ལས་འགན་ལྗིད་ལ་ལས་ཡུན་རིང་པོ་ཡོད་པ་དང་། རུལ་སུངས་བྱེད་ཐབས་ལྐོག་སུལ་གཞན་འགྱུར་དང་གསར་སྒྱུར་རིམ་སྤར་ལ་ཁ་གཏད་ནུས་ལྡན་འཇལ་བར་ད་དུང་ལས་འགན་ལྗིད་ལ་ལས་ཡུན་རིང་པོ་ཡོད། རུལ་སུངས་འབྱུང་གཞི་རྩ་བ་ནས་མེད་པར་བཟོ་བ་དང་། དུས་བདེ་ཞོད་འཇགས་ཡོང་བར་ད་དུང་ལས་འགན་ལྗིད་ལ་ལས་ཡུན་རིང་པོ་ཡོད། མ་ལག་ཅན་གྱི་རུལ་སུངས་གཙང་སེལ་དང་། ཉེན་ཁ་དང་བག་ཉལ་འགལ་རྐྱེན་སེལ་བར་ད་དུང་ལས་འགན་ལྗིད་ལ་ལས་ཡུན་རིང་པོ་ཡོད། ང་ཚོས་རིག་པ་དྭངས་གསལ་འཛིན་སྐྱོང་བྱས་ཏེ། ནམ་ཡང་གདོང་མཆོང་དུང་བརྡ་གཏོང་བ་དང་། རུལ་སུངས་ལ་ངོ་རྒོལ་ནམ་ཡང་བྱེད་བཞིན་པའི་ལམ་དུ་ཡོད་པ་ཡིད་ལ་བརྟན་པོར་འཛིན་དགོས། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་ཡོད་ཚེ། རུལ་སུངས་ཀྱི་སྣང་ཚུལ་རྩ་བ་ནས་གཙང་སེལ་བྱེད་མི་ཐུབ་པ་དང་། ང་ཚོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱང་མཚམས་འཇོག་མི་སྲིད། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་སྣེ་ཁྲིད་དེ་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་བྱེད་དགོས་ཤིང་། བསམ་བློའི་ཐོག་རྩ་བ་སྲ་བརྟན་དུ་གཏོང་བ་དང་། ཏང་གཤིས་གོ་རྟོགས་མཐོ་རུ་གཏོང་བ། རུལ་རྒོལ་འགྱུར་འགོག་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་ངེས་པར་དུ་ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ལ་མཐོང་ཆེན་བྱེད་པ་དང་། རང་དཔེ་གཞན་སྟོན་གྱིས་བཟའ་ཟླ་དང་བུ་ཕྲུག་ལ་བདག་པོ་ཡག་པོ་བརྒྱབ་ནས་མི་ཚུལ་ལྡན་ཞིག་བྱེད་པ་དང་བྱ་བ་གཙང་མ་ཞིག་སྒྲུབ་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྲུང་རགས་བརྟན་དུ་བཏང་ནས་སྙིང་རུས་ལྷོད་མེད་ཀྱིས་“སྤྱོད་ཚུལ་བཞི་”ཡོ་བསྲང་བྱེད་དགོས་པ་དང་དར་སྲོལ་གསར་པ་འཛུགས་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགྲ་ཡིན། འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོ་ནས་དམ་འཛིན་བྱེད་འགོ་བརྩམས་ཏེ། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་། ཕྱི་རོལ་ཡུལ་གྱི་དོན་དངོས་དང་མང་ཚོགས་ཀྱི་དགོས་མཁོར་བརྩི་འཇོག །མ་ལག་ལྡན་པའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བཀོད་ཇུས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་གང་མང་སྒྲུབ་པ་བཅས་བྱེད་དགོས་ལ། མ་ཡིན་ཡིན་མདོག་དང་། ཕྱི་ཚུལ་ཙམ་བྱེད་པ། རྨོངས་ཚོད་ཀྱིས་ལས་སྒོ་གཉེར་བ་བཅས་གཏན་འགོག་བྱེད་དགོས། ལས་བྱེད་པར་དཔྱད་ཞིབ་དང་ལས་དོན་ཞིབ་བཤེར་གྱི་འབྲེལ་ཡོད་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་བྱེད་པའི་སྲིད་སྐྱོང་བྱས་འབྲས་ལ་གདེང་འཇོག་བྱས་ཏེ། ལས་བྱེད་པས་འགན་འཁྲི་སྔར་ལས་ལེགས་པ་འཁུར་བར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཁེ་དང་དམངས་བདེ་དམངས་ཕྱུག་གི་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། ཟས་རིགས་དང་སྨན་རྫས་བདེ་འཇགས་སོགས་ཁྱབ་ཁོངས་སུ་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་འབུར་དུ་ཐོན་རིགས་གཅིག་སྡུད་ཀྱིས་ཡོ་བསྲང་དང་བཅོས་སྐྱོང་བྱེད་པ་དང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་བྱས་འབྲས་སྲ་བརྟན་དང་ཟབ་སྤེལ་བཏང་ནས་མང་ཚོགས་ལ་གནད་དོན་བྱེ་བྲག་པ་རེ་རེ་ཐག་གཅོད་བྱེད་པའི་ཐོག་ནས་དྲང་སྙོམས་དྲང་བདེན་དངོས་སུ་ཚོར་དུ་འཇུག་དགོས།
ན་གཞོན་ལས་བྱེད་པར་སློབ་གསོ་དང་། བདག་སྐྱོང་། ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ན་གཞོན་ལས་བྱེད་པ་རྣམས་ཏང་དང་མི་དམངས་ལ་བློ་དཀར་ཞིང་བློས་འཁེལ་བའི་ལས་བྱེད་པ་ཞིག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། སློབ་གསོ་བདག་སྐྱོང་ལྟ་སྐུལ་གསུམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ན་གཞོན་ལས་བྱེད་པ་ཚོས་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ། དབང་ཆར་ལྟ་སྟངས་ཡང་དག་པ་འཛིན་པ། དུས་དང་རྣམ་པ་ཀུན་ཏུ་རང་བརྩི་རང་འཆག་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་པ། སྤྱོད་གཙང་སྲིད་སྐྱོང་གི་“སྒྲོག་གུ་དང་པོ་”ཡག་པོར་སྒྲོག་པ་བཅས་ལ་སྣེ་ཁྲིད་བྱེད་དགོས། ན་གཞོན་ལས་བྱེད་པར་ངེས་པར་དུ་ངོས་འཛིན་གསལ་པོ་ཡོད་དགོས་ཏེ། རྒྱུན་དུ་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་དཔེ་བསྡུར་དང་། ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་ལམ་བཅས་ལ་དཔེ་བསྡུར། ཐོག་མའི་བསམ་འདུན་དང་ལས་འགན་ལ་དཔེ་བསྡུར་བཅས་བྱས་ཏེ། བྱ་བ་འགའ་ཞིག་སྒྲུབ་འོས་མིན་དང་སྒྲུབ་རུང་མིན་གསལ་པོར་ཤེས་པར་བྱས་ནས་རུལ་རྒོལ་འགྱུར་འགོག་གི་སྲུང་རགས་བརྟན་པོར་སྲུང་དགོས།
དབང་ཆའི་ལྟ་སྐུལ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་བསྟར་གྱི་མ་ལག་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་ཁག་སྔར་བས་ཚད་ལྡན་དང་། སྔར་བས་ནུས་ལྡན། སྔར་བས་གོ་འཕེར་བཅས་ཡོང་བ་བྱེད་དགོས། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་བྱེད་པོའི་འགན་འཁྲི་བསྒྲུབས་ནས་“འགག་རྩའི་ཉུང་ཤས་”དང་ལྷག་པར་དུ་“འགོ་ཁྲིད་པ་ཨང་དང་པོ་”དང་འགོ་ཁྲིད་ཚན་ཆུང་ལ་ལྟ་སྐུལ་བྱེད་ཤུགས་མངོན་གསལ་གྱིས་ཆེ་རུ་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ཆེད་འགན་འཁུར་མཁན་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཨུ་ལ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་གཞོགས་འདེགས་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་དེ་མིན་རིགས་ཁག་གི་ལྟ་སྐུལ་གཅིག་འབྲེལ་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་བ་དང་། གཅིག་འབྲེལ་མཐུན་སྦྱོར་གྱི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་དར་སྲོལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གིས་ལས་བྱེད་པར་བདག་སྐྱོང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་འགག་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། ཁྱད་པར་དུ་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམ་པོར་སྲུང་དགོས།
སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་བློ་དཀར་བ། སྒྲིག་བཤེར་ལྟ་ཞིབ་བྱ་གཞག་ལ་བློ་དཀར་བ། ཏང་གི་རང་ངོས་གསར་བརྗེའི་ནང་གི་འགན་འཁྲི་དང་ལས་འགན་གྱི་གནད་ཟིན་པ་དང་། ཏང་གིས་ལོ་བརྒྱའི་རིང་འབད་འཐབ་བྱས་ནས་བྱུང་བའི་ཉམས་མྱོང་རྩ་ཆེན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་རྩེ་གཅིག་ཏུ་དམིགས་ནས་ལྟ་སྐུལ་དང་འགན་སྲུང་དང་ལག་བསྟར་གྱི་ནུས་པ་འདོན་པ། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་གི་དམིགས་འབེན་དང་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་སྔར་ལས་ནུས་ལྡན་གཏོང་བ་བཅས་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གིས་ངེས་པར་དུ་སྔར་ལས་མཐོ་བའི་ཚད་གཞི་དང་སྔར་ལས་ནན་པའི་སྒྲིག་ཁྲིམས་ཀྱིས་རང་ཉིད་ལ་བླང་བྱ་འདོན་དགོས་ཤིང་། ཉམས་སད་ཐེག་ཐུབ་པའི་བསམ་བློ་དང་སྤྱོད་ཚུལ་དང་། འཇོན་ནུས་དང་བྱང་ཚད་སྦྱོང་བརྡར་བྱེད་དགོས། ཏང་གཤིས་ལ་བརྟེན་ནས་གཞི་ཚུགས་ཤིང་བྱ་བ་སྒྲུབ་པ་དང་། གཞུང་དྲང་ཚུལ་ལྡན་དང་། སྒྲིག་བསྟར་དྲང་གཞག །དབང་ཆ་ནན་སྤྱོད་བཅས་བྱས་ནས་རང་ངོས་ཀྱི་སྐྱོན་འགོག་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་ཏང་ནང་ཁུལ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ལྟ་སྐུལ་དང་ལེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་བྱེད་དགོས།
མཆན་འགྲེལ།
[1] ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཅེས་པ་ནི་ལས་ཀའི་སྤྱོད་ཚུལ་ལེགས་བཅོས་དང་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་དགོས་པའི་སྐོར་གྱི་ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་དོན་ཚན་བརྒྱད་ལ་ཟེར། དེའི་ནང་དོན་གཙོ་བོ་ནི་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་ལེགས་བཅོས་དང་། ཚོགས་འདུའི་བྱེད་སྒོ་ཁུ་བསྡུ། ཡིག་ཆ་དང་ཡིག་རིགས་ཁུ་བསྡུ། འཚམས་འདྲིར་སྐྱོད་པའི་བྱེད་སྒོ་ཚད་ལྡན་བཟོ་བ། སྐུ་སྲུང་གི་ལས་ཀ་ལེགས་བཅོས། གསར་འགྱུར་སྤེལ་སྒོ་ལེགས་བཅོས། ཡིག་རིགས་སྤེལ་སྒོ་ལེགས་བཅོས། གྲོན་ཆུང་བསྲི་ཚགས་ལྷུར་ལེན་བཅས་བྱེད་དགོས་པ་དེ་ཡིན།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་། འབད་འཐབ་བྱས་ནས་མ་འོངས་པ་གཏོད་དགོས།
༄༅། །མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་། འབད་འཐབ་བྱས་ནས་མ་འོངས་པ་གཏོད་དགོས།
(2022ལོའི་ཟླ་1ཚེས་30ཉིན།)
འདས་ཟིན་པའི་ལོ་བརྒྱའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་གཡུར་དུ་ཟ་བའི་རྒྱུགས་འབྲས་ཕུལ་ཡོད། ད་ལྟ་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རྒྱུགས་སྤྲོད་ཀྱི་ལམ་གསར་ལ་ཆས་ཡོད།
ལོ་བརྒྱའི་རིང་ལ། ཏང་དང་མི་དམངས་ལ་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་དོད་ཤོས་དེ་ཡིན། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱིས་ང་ཚོར་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞིང་། འབད་འཐབ་བྱས་ནས་མ་འོངས་པ་གཏོད་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་མི་རིགས་ལ་གཞི་ནས་མདུན་ལམ་ཡོད་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་ཐུབ་པའི་སྲིད་ཏང་གཞི་ནས་མི་ཕམ་པའི་གནས་སུ་ཚུགས་ཐུབ་པ་གསལ་བཤད་བྱས་ཡོད་ལ། ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱིས་ང་ཚོར་འབད་འཐབ་ཀྱི་དམིགས་འབེན་གསལ་པོར་དམིགས་ནས་བྱུང་བའི་མཐུན་སྒྲིལ་ནི་མཐུན་སྒྲིལ་བརྟན་ཤོས་ཤིག་ཡིན་པ་དང་། མཐུན་སྒྲིལ་དམ་ཟབ་ལ་བརྟེན་ནས་བྱས་པའི་འབད་འཐབ་ནི་སྟོབས་ཤུགས་ཆེ་ཤོས་ཀྱི་འབད་འཐབ་ཡིན་པ་གསལ་བཤད་བྱས་ཡོད། ང་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་འོད་སྟོང་འབར་བའི་ལོ་རྒྱུས་བཏོད་ཡོད་ལ། ད་དུང་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་གིས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས་མ་འོངས་པར་ཕྱོགས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མི་ཁྲི་ཚོ་9500ལྷག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་ཏུ་སྦྲེལ་ནས་མ་འོངས་པར་ཕྱོགས་ཚེ། ང་ཚོས་རྒྱུགས་སྤྲོད་ཀྱི་ལམ་གསར་ཐོག་མུ་མཐུད་དེ་མི་རྣམས་ཧ་ལས་དགོས་པའི་ངོ་མཚར་བྱས་རྗེས་གཏོད་ཐུབ་ངེས་རེད།
འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་ཆེ་ཤོས་ནི་མི་དམངས་བདེ་སྐྱིད་ལྡན་པའི་ཆེད་དུ་འབད་འཐབ་བྱེད་པ་དེ་རེད། སེམས་ལ་མི་སེར་འཛིན་པ་དང་། ལག་ཏུ་བདེན་དོན་འཛིན་པ། མི་ཡུལ་གྱི་ལམ་བཟང་དུ་སྐྱོད་པ་བཅས་ལ་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་སྟོབས་ཤུགས་ཀྱང་ཆེན་པོ་ལྡན་ཡོད། དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་བ་དང་འགྲན་སློང་ཛ་དྲག་ཇི་ལྟར་ཆེ་ནའང་། ང་ཚོས་ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། དཀའ་བ་སྤྱད་ན་གནས་ཐུབ་ཅིང་། བདེ་བར་སྡོད་ཚེ་འཇིག་པར་འགྱུར་བའི་གནའ་བོའི་བསླབ་བྱ་བློ་ལ་བརྟན་པོར་ངེས་དགོས་པ་དང་། རྒྱུན་དུ་ཕུགས་ལ་བསམ་བློ་གཏོང་བ་དང་། བདེ་དུས་ཉེན་ཁ་མི་བརྗེད་པ། མཐུན་སྒྲིལ་དམ་ཟབ་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་མུ་མཐུད་དེ་མདུན་དུ་སྐུལ་དགོས།
འབད་འཐབ་ཀྱི་ལོ་རྒྱུས་གསར་པ་འབྱེད་པ་ནི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལ་གུས་འདུད་ཞུ་སྟངས་ཡག་ཤོས་ཤིག་རེད། ད་ལོའི་ལོ་སྨད་དུ་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱོགས་བསྡོམས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་ཀྱི་བཀོད་ཇུས་འདིང་རྒྱུ་རེད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་འདོམས་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས། ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་རྒྱུན་མཐུད་ངང་འགན་སྲུང་དང་ལེགས་བཅོས་བྱེད་པ། བརྟན་བརླིང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་ཁམས་བདེ་ལ་མི་དམངས་སྐྱིད་པའི་སྤྱི་ཚོགས་ཁོར་ཡུག །སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་བཅས་མཐའ་འཁྱོངས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས།