༄༅། །དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།
(2020ལོའི་ཟླ་6ཚེས་29ཉིན།)
དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་ཏང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས། ང་ཚོས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱི་ཚན་རིག་དང་མཐུན་པའི་གོ་དོན་དང་ལག་ལེན་གྱི་བླང་བྱར་གོ་བ་ཡང་དག་པ་ལེན་དགོས་ཤིང་། དམིགས་འབེན་ཁྲིད་ཕྱོགས་སུ་འཛིན་པ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་པ། གྲུབ་འབྲས་ཁྲིད་ཕྱོགས་སུ་འཛིན་པ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་ལ། ལག་བསྟར་དོན་འཁྱོལ་བྱ་རྒྱུའི་གཞི་རྩའི་བླང་བྱའི་གནད་ཟིན་དགོས།
དང་པོ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ཡག་པོར་འཛིན་དགོས། ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བྱེད་ཡིན། ཆབ་སྲིད་ལམ་ཕྱོགས་ཡང་དག་པས་རྩ་འཛུགས་ལམ་ཕྱོགས་ཡང་དག་པ་གཏན་འཁེལ་བྱེད་པ་དང་། རྩ་འཛུགས་ལམ་ཕྱོགས་ཡང་དག་པས་ཆབ་སྲིད་ལམ་ཕྱོགས་ཡང་དག་པར་ཞབས་ཞུ་དང་འགན་ལེན་བྱེད་པ་ཡིན། ཏང་ནི་ཏང་སྲིད་དམག་དམངས་སློབ་དང་། ཤར་ལྷོ་ནུབ་བྱང་དབུས་བཅས་ཐམས་ཅད་ལ་འགོ་ཁྲིད་བྱེད་མཁན་ཡིན་ཞིང་། དེ་ནི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་བྱས་པའི་ཆེས་རྩ་ཆེ་བའི་ཉམས་མྱོང་ཡིན། ཏང་གི་རྩ་འཛུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱ་རྒྱུ་དེ་ཡིན། བཅིངས་འགྲོལ་དམག་འཁྲུག་གི་དུས་སྐབས་སུ། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྲིད་དབང་བརྩོན་ལེན་བྱེད་ཆེད་ལས་བྱེད་པའི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས་ཚུལ་བཏོན་རྗེས། རིམ་པ་ཁག་གི་རྩ་འཛུགས་སྡེ་ཁག་གིས་ཟླ་3མ་འགོར་བར་ལས་བྱེད་པ་ཁྲི་5.3བཅིངས་འགྲོལ་ས་ཁུལ་གསར་པར་ལས་ཀ་བྱེད་པར་སྐོང་འཐེན་བྱས་པ་དང་། 1952ལོ་ནས་1954ལོའི་བར་གྱི་ལོ་3རིང་། གཞི་རྒྱ་ཆེ་བའི་དཔལ་འབྱོར་འཛུགས་སྐྲུན་བྱེད་ཆེད། རྒྱལ་ཡོངས་སུ་ལས་བྱེད་པ་ཁྲི་16ལྷག་བཟོ་ལས་སྡེ་ཁག་ཏུ་སྐོང་འཐེན་བྱས་ཡོད་ལ། དེའི་ནང་དུ་སུའུ་ལེན་གྱིས་རོགས་སྐྱོར་བྱས་པའི་གཙོ་གནད་བཟོ་གཏེར་ལ་འགོ་ཁྲིད་ལས་བྱེད་པ་3000ལྷག་བདམས་གསེས་སྐོང་འཐེན་བྱས་པ་དང་། 1956ལོར་ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ནང་དུ་ཤེས་ཡོན་ཅན་གྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ་བཏོན་པས། 1957ལོའི་ཟླ་6པའི་ཟླ་མཇུག་ཏུ་སླེབས་དུས། རྒྱལ་ཡོངས་ཀྱི་མཐོ་རིམ་ཤེས་ཡོན་ཅན་ཁྲི་11ལས་ཏང་ཡོན་17500ལྷག་གསོ་སྐྱོང་བྱས་ཡོད་པ་དང་། ལི་སི་ཀོང་[1]དང་ཆན་ཞུའེ་སེན་[2]སོགས་ཚང་མ་དུས་རབས་གོང་མའི་ལོ་རབས་50པའི་ནང་ཏང་ནང་ལ་ཞུགས་པ་རེད། ད་ལྟ་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་འབྱུང་གྲབས་ཡོད་པ་དང་། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འཐབ་ལམ་གསར་པ་འགོ་རྩོམ་གྲབས་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ང་ཚོའི་མདུན་དུ་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མང་པོ་ལྷགས་ཡོད། རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ། ང་ཚོས་ཕྱོགས་ཡོངས་ནས་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ངེས་ཤེས་བྱེད་པ་དང་། འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་འཇལ་བ་དང་། ཉེན་ཁ་ཆེན་པོ་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་དུ་གསོད་པ། འགལ་བ་ཆེན་པོ་སེལ་བ་བཅས་བྱེད་པ་དང་། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ལ། དེའི་ཆེས་རྩ་བར་གྱུར་པའི་ཁག་ཐེག་ནི་སྔར་བཞིན་ཏང་གི་འགོ་ཁྲིད་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་རྩ་བར་གྱུར་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། ཏང་ཡོངས་ལ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ངེས་ཤུགས་དང་མདུན་སྐྱོད་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)དང་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་བཅས་སྒྲིག་འཛུགས་ནུས་ལྡན་བྱེད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་རྒྱ་ཁྱབ་ཏུ་གོང་བུར་བསྒྲིལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
གཉིས་པ། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་ཡག་པོ་འཛིན་དགོས། རྩ་འཛུགས་ནི་ཕྱིའི་“རྣམ་པ་”ཡིན་པ་དང་། བསམ་བློ་ནི་ནང་གི་“བླ་སྲོག་”ཡིན། ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་“རྣམ་པ་”སྐྲུན་དགོས་ལ་“བླ་སྲོག་”ཀྱང་སྐྲུན་དགོས། ང་ཚོའི་ཏང་གིས་ཉེ་རབས་ཚུན་གྱི་ཆབ་སྲིད་སྟོབས་ཤུགས་སྣ་ཚོགས་ཀྱིས་འགྲུབ་མི་སྲིད་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། མི་དམངས་ཀྱི་སྣེ་ཁྲིད་དེ་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་འོད་སྟོང་འབར་བའི་གྲུབ་འབྲས་ལེན་ཐུབ་དོན་ནི། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བཟུང་བ་དང་། ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། སྲ་བརྟན་གྱི་བློ་སྟོབས། མཐུན་སྦྱོར་གྱི་བྱ་སྤྱོད། སྟོབས་ལྡན་གྱི་འཐབ་འཛིང་ནུས་པ་བཅས་མཐའ་འཁྱོངས་བྱེད་ཐུབ་པ་བྱུང་བས་ཡིན། ང་ཚོའི་ཏང་ནི་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་ཡིན་པའི་ཆ་ནས་ཆེ་ན་ཆེ་བའི་རྣམ་པ་དང་ཆེ་ན་ཆེ་བའི་དཀའ་ཁག་ཡོད། ཇི་ལྟར་བྱས་ནས་ཏང་ཡོངས་ཐུན་མོང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞིའི་ཐོག་ཚད་མཐོའི་གཅིག་སྡུད་དང་གཅིག་གྱུར་ཡོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་ནི་དེ་བས་ཀྱང་ལས་སླ་པོ་ཞིག་མིན། མར་ཁེ་སིའི་རིང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་གི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྤྱི་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཚོན་ཆ་ཁོང་དུ་ཆུད་པར་བྱས་ཏེ་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་བེད་སྤྱོད་བྱེད་ནུས་ཆེ་རུ་གཏོང་བ་དང་། མཉམ་དུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་སུ་སྒྱུར་དགོས། རིམ་པ་ཁག་གི་ཏང་ཨུ་དང་དེའི་རྩ་འཛུགས་སྡེ་ཁག་གིས་རང་རྟོགས་ཀྱིས་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྤྱད་དེ་ཏང་གི་རྩ་འཛུགས་འཛུགས་སྐྲུན་བྱེད་པར་སློབ་སྟོན་དང་། དོན་དངོས་གསར་པ་དང་ཟུང་འབྲེལ་གྱིས་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་ནས་ལས་དོན་ཁག་ནས་སྔར་ལས་ལྷག་པར་དུས་རབས་རང་བཞིན་མཚོན་པ་དང་། ཆོས་ཉིད་རང་བཞིན་ངེས་པ། གསར་གཏོད་རང་བཞིན་འཛོམས་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་ལས་འགན་མངོན་འགྱུར་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་སྟོབས་ལྡན་བྱེད་དགོས།
གསུམ་པ། ཏང་གི་རྩ་འཛུགས་མ་ལག་གི་འཛུགས་སྐྲུན་ཡག་པོར་འཛིན་དགོས། ཚགས་དམ་པའི་རྩ་འཛུགས་མ་ལག་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་དགེ་མཚན་དང་སྟོབས་ཤུགས་གནས་ས་ཡིན། ལེ་ཉིན་གྱིས་འབྱོར་མེད་གྲལ་རིམ་དེ་“ཕམ་པར་རྒྱག་མི་ཐུབ་པའི་སྟོབས་ཤུགས་ཤིག་ཏུ་འགྱུར་ཐུབ་པར་མ་ཟད་འགྱུར་ངེས་ཡིན་པའི་རྒྱུ་མཚན་ནི། དེས་མར་ཁེ་སིའི་རིང་ལུགས་ཀྱི་རྩ་དོན་ལྟར་བསམ་བློ་གཅིག་གྱུར་བྱུང་བ་དེ་རྩ་འཛུགས་ཀྱི་དངོས་པོའི་གཅིག་གྱུར་ལ་བརྟེན་ནས་སྲ་བརྟན་དུ་བཏང་ཡོད་པས་ཡིན་”[3]ཞེས་གསུངས་མྱོང་། ང་ཚོའི་ཏང་གིས་ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚུད་པའི་རྩ་འཛུགས་ཀྱི་མ་ལག་ཚགས་དམ་པོ་བཙུགས་ཡོད། དེའི་ནང་དུ་ས་གནས་ཏང་ཨུ་3200ལྷག་ཙམ་དང་། ཏང་ཙུའུ་དང་ལས་དོན་ཨུ་ལྷན་ཁྲི་14.5དང་། གཞི་རིམ་ཏང་རྩ་འཛུགས་ཁྲི་468.1བཅས་ཡོད་པ་ནི་འཛམ་གླིང་གི་སྲིད་ཏང་གཞན་དག་གང་ལའང་མེད་པའི་བཟང་ཆ་ཆེན་པོ་ཞིག་ཡིན། ཏང་གི་ཀྲུང་དབྱང་རྩ་འཛུགས་དང་། ས་གནས་རྩ་འཛུགས། གཞི་རིམ་རྩ་འཛུགས་བཅས་ཚང་མས་ཞུམ་མེད་སྟོབས་ལྡན་ཡིན་ལ་སྒོ་ཀུན་ནས་ནུས་པ་འདོན་སྤེལ་བྱས་ཚེ། ཏང་གི་རྩ་འཛུགས་མ་ལག་གི་བཟང་ཆ་དང་ཟིལ་ཤུགས་ད་གཟོད་སྒོ་ཀུན་ནས་མངོན་ཐུབ་པ་རེད། ཏང་གི་རྩ་འཛུགས་རིམ་པ་ཁག་ཚང་མ་འཐུས་སྒོ་ཚང་ཞིང་ཉམས་སད་ཐེག་ཐུབ་པ་དང་། གོང་འོག་སྦྲེལ་མཐུད་ཐུབ་པ་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་ཀྱི་མ་ལག་ཅིག་ཆགས་ཚེ། ཏང་གིས་འགོ་ཁྲིད་བྱེད་སྐབས་“ལུས་ཀྱིས་དཔུང་པ་སྤྱོད། དཔུང་པས་མཛུབ་མོ་སྤྱོད་”[4]ཅེས་པ་བཞིན་བཀོད་འདོམས་བྱེད་བདེ་པོ་ཆགས་ཐུབ་ལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་“རྩ་འཛུགས་ཀྱི་མ་ལག་འཛུགས་སྐྲུན་བྱ་རྒྱུ་གཙོ་བོར་འཛིན་དགོས་”ཞེས་ནན་བཤད་བྱེད་པའང་འདི་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གི་འཛུགས་སྐྲུན་འཛིན་པར་ཐོག་མར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅས་ཀྱི་འཛུགས་སྐྲུན་བཟུང་བ་ཡིན་ལ། གཏན་འབེབས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་ཁག་ཚང་མས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ལ་སྔར་ལས་མཐོ་བའི་ཚད་གཞི་བཏོན་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་སྒྲིག་ཁྲིམས་སྲུང་ཞིང་སྒྲིག་ལམ་ལ་སྣང་ཆེན་བྱེད་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་སོགས་ཀྱི་ཐད་ཏང་ཡོངས་ཀྱི་བློ་མཐུན་ཚོར་ཚད་གཞི་དང་མིག་དཔེ་སྟོན་དགོས་པའི་བླང་བྱ་བཏོན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་“ཐོག་མའི་སྤྱི་ལེ་གཅིག་”ཡིན་པས་“འགོག་རྐྱེན་”འབྱུང་མི་རུང་ལ། ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག་དང་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དེ་ཆབ་སྲིད་ལ་སྣང་ཆེན་དང་། སྒྲིག་ཁྲིམས་སྲུང་བ། འགན་འཁྲི་འཁུར་བ། ལས་ཆོད་ཆེ་བ་བཅས་ཀྱི་དཔེ་བཟང་ལས་ཁུངས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས། ས་གནས་ཏང་ཨུ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་“བར་མའི་དུམ་མཚམས་”ཡིན་པས་“བར་འགག་”འབྱུང་མི་རུང་ལ། ས་གནས་ཏང་ཨུའི་ལས་ཀའི་སྲོལ་ཡིག་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བསྟར་ནས་ས་གནས་ཏང་ཨུ་ཉིད་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་དང་། དོ་དམ་ནན་པོ། ལྟ་སྐུལ་ནུས་ལྡན། ཚན་ཆུང་མཐུན་སྒྲིལ། སྤྱོད་ཚུལ་གཙང་མ་བཅས་ཡིན་པའི་རྩ་འཛུགས་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་“མཐའ་མའི་སྤྱི་ལེ་གཅིག་”ཡིན་པས་“སྣེ་མོ་ཆད་ལམ་”འབྱུང་མི་རུང་བར། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དུ་དག་ཐེར་བྱས་ཏེ། ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་ནུས་ལྡན་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་སྣ་ཚོགས་གང་མགྱོགས་ཀྱིས་གསབ་པ་དང་། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་འཛུགས་སྐྲུན་བྱེད་དགོས། དུས་མཚུངས་སུ་ཏང་ཡོན་བསྡུ་འཇུག་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལ་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ནང་དུ་གདོང་ལེན་མིག་དཔེའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དུ་འཇུག་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་སྒྲིག་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་མཐོ་རུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས།
བཞི་པ། སྲིད་སྐྱོང་རྐང་འཛིན་དཔུང་ཁག་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ཡག་པོ་བྱེད་དགོས། གནའ་མིའི་བཤད་རྒྱུན་དུ་“སྤྱོད་ཡོན་གཉིས་ལྡན་མང་ན། །རྒྱལ་སྲིད་རྟག་ཏུ་བརྟན་ལ། །སྤྱོད་ཡོན་གཉིས་ལྡན་ཉུང་ན། །སྲིད་སྐྱོང་སྟོབས་ཀྱང་ཞན་ནོ། །”[5]ཞེས་པ་ལྟར། ལས་བྱེད་པའི་ལས་དོན་ཡིན་ནའང་འདྲ། ཤེས་ལྡན་མི་སྣའི་ལས་དོན་ཡིན་ནའང་འདྲ། ངོ་བོའི་ཐོག་ནས་བཤད་ན་ཚང་མ་མི་བཀོལ་སྤྱོད་བྱེད་པའི་གནད་དོན་ཡིན། ང་ཚོས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། གོ་སྐབས་གསར་པ་སྐྲུན་པ། རྣམ་པ་གསར་པ་གཏོད་པ། བསྐྱར་དར་དོན་དུ་གཉེར་བ་བཅས་བྱེད་དགོས་ན། ཏང་གི་རིམ་པ་ཁག་གི་འགོ་ཁྲིད་ཚན་པ་དང་ལས་བྱེད་པའི་དཔུང་ཁག་ཡག་པོར་འཛུགས་སྐྲུན་དང་སྟོབས་དང་ལྡན་པར་འཛུགས་སྐྲུན་བྱ་རྒྱུ་ནི་འགག་རྩ་ཡིན། ངས་བསམ་བློ་དང་བཀོད་སྒྲིག་ཡོད་དུ་ཆུགས་ཀྱང་མི་ཕུལ་བྱུང་ཅན་གྱིས་མ་བསྒྲུབས་ན་བྱ་བ་འགྲུབ་དཀའ་ཞེས་བཤད་མྱོང་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཀྱིས་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ། མཛངས་མི་ཁོ་ན་བསྐོ་གཞག་བྱེད་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་བཏོན་པ་ནི། ལས་བྱེད་པ་འདེམས་སྒྲུག་དང་ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པར་ཀུན་སྤྱོད་ལ་མཐོང་ཆེན་བྱེད་དགོས་ལ། འཇོན་ཐང་ལའང་སྣང་ཆུང་བྱེད་མི་རུང་བ་ནན་གྱིས་བསྟན་པ་ཡིན། འཇོན་ཐང་ལྡན་ཡང་ཀུན་སྤྱོད་མི་བཟང་ན་དོན་ཆེན་བརླག་སླ་ལ། ཀུན་སྤྱོད་ལྡན་ཡང་འཇོན་ཐང་མེན་ན་དོན་ཆེན་འགྲུབ་དཀའ། ཀུན་སྤྱོད་དང་འཇོན་ཐང་གཉིས་ཀ་འཛོམས་ན་ད་གཟོད་དོན་ཆེན་འགྲུབ་ཐུབ་པ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་འཛིན་དགོས་པ་ནན་གྱིས་བསྟན་ཡོད། བསམ་བློ་ཞུན་བརྡར་དང་། ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་ལ་ཤུགས་སྣོན་རྒྱག་པའི་ཐོག་ནས་རྒྱ་ཆེའི་ལས་བྱེད་པ་ཚོས་གཟབ་ནན་ངང་ལམ་ལུགས་ལྟར་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་དམ་པོར་བསྲུངས་ནས་ཆབ་སྲིད་དང་སྤྱོད་གཙང་གི་ཐད་གནད་དོན་ཡོད་མཁན་རྣམས་ལ་གཡོ་ཟོལ་གྱིས་ཐར་ས་དང་སྐབས་འཚོལ་གྱིས་དམིགས་ཡུལ་འགྲུབ་ས་གཏན་ནས་མེད་པར་བཟོ་དགོས། བྱང་ཚད་དང་ནུས་པའི་འགག་སྒོ་དམ་སྲུང་བྱེད་པ་དང་། བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོར་དམིགས་ནས་འགོ་ཁྲིད་ཚན་ཆུང་བཀོད་སྒྲིག་དང་ལས་བྱེད་པ་བཀོལ་སྤྱོད་བྱེད་དགོས་ཤིང་། བྱ་བ་སྒྲུབ་འདོད་པ་དང་། བྱ་བ་ངོ་མ་སྒྲུབ་པ། བྱ་བ་འགྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་དུས་ཐོག་ཏུ་ཤེས་རྟོགས་དང་བསྐོ་སྤྱོད་བྱེད་དགོས། ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་དུས་བཟང་པོའི་ནང་ནས་ཧྲག་འདེམས་དང་། སྤུས་ཀར་སྣང་ཆེན་བྱེད་དགོས་པ་ལས། ལྗང་བུ་ལག་འཐེན་བྱེད་མི་རུང་ལ། ཚད་གཞི་དམའ་རུ་དེ་བས་ཀྱང་གཏོང་མི་རུང་། ལས་བྱེད་པ་བཟང་པོ་ནི་འདེམས་སྒྲུག་བྱས་ནས་བྱུང་བ་ཡིན་ལ། གསོ་སྐྱོང་དང་དོ་དམ་བྱས་ནས་བྱུང་བའང་ཡིན། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་པ་ཚོའི་ཆབ་སྲིད་ཀྱི་བྱང་ཚད་དང་། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད། ཆེད་ལས་ཀྱི་ནུས་པ། ལག་ལེན་གྱི་འཇོན་ཐང་བཅས་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་འཚམ་པར་བྱེད་དགོས། ལས་བྱེད་པའི་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་། བསམ་བློ་ལ་དོ་དམ་དང་། ལས་ཀར་དོ་དམ། སྤྱོད་ཚུལ་ལ་དོ་དམ། སྒྲིག་ཁྲིམས་ལ་དོ་དམ་བཅས་ནན་པོ་བྱེད་པའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ལས་བྱེད་པ་གོ་གནས་འཕར་ཆག་གཉིས་རུང་དང་འཛུལ་ཐོན་གཉིས་རུང་ཡོང་བར་སྐུལ་འདེད་བཏང་སྟེ། འཇོན་ཐང་ཅན་ཡར་སྤར་བ་དང་། ཕུལ་བྱུང་ཅན་ལ་བྱ་དགའ་སྤྲོད་པ། ཐ་མལ་བ་མར་ལ་འབེབས་པ། ཞན་པ་འདོར་བ་བཅས་ཀྱི་ཁྲིད་ཕྱོགས་ཡང་དག་པ་ཆགས་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པས་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པའི་སྐུལ་སློང་དང་སྲུང་སྐྱོབ་ལམ་སྲོལ་ཆ་ཚང་བཟོས་ནས་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་འགན་འཁུར་དགོས་པ་དང་། ཁུར་ལེན་ཕོད་པའི་ལས་བྱེད་པར་འགན་འཁུར་དགོས་ལ། དམ་འཛིན་དང་དོ་དམ་བྱེད་ཕོད་པའི་ལས་བྱེད་པར་རྒྱབ་དཔུང་བྱེད་དགོས། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་། བཀོལ་སྤྱོད། གདེང་འཇོག །འཁོར་སྐྱོད། བསྔགས་སྐུལ་སོགས་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་ནས་སྔར་ལས་དགེ་མཚན་ལྡན་པ་དང་། སྔར་ལས་སྒོ་འབྱེད་ཡིན་པ། སྔར་ལས་ཕན་ནུས་ལྡན་པ་བཅས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་ལག་བསྟར་བྱེད་དགོས། བློ་འགུག་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཤེས་ལྡན་མི་སྣའི་ལམ་ལུགས་ཀྱི་མ་ལག་ཆགས་པར་བྱེད་པ་དང་། ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་གང་ཐུབ་བྱེད་དགོས།
ལྔ་པ། ཏང་གི་རྩ་འཛུགས་ལམ་ལུགས་འཛུགས་སྐྲུན་ཡག་པོར་འཛིན་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་ང་ཚོའི་ཏང་གི་རྩ་བའི་རྩ་འཛུགས་ལམ་ལུགས་དང་འགོ་ཁྲིད་ལམ་ལུགས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་ཞིག་དང་། ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག །ས་གནས་ཏང་ཨུའི་ལས་དོན་སྲོལ་ཡིག །ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག །ཀྲི་པུའུ་ཡི་ལས་དོན་སྲོལ་ཡིག །དེ་བཞིན་གྲོང་གསེབ་དང་། གཞུང་ཁོངས་ཁེ་ལས། ལས་ཁུངས་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག་སོགས་རྩ་འཛུགས་འཛུགས་སྐྲུན་ཐད་ཀྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རབ་དང་རིམ་པ་སྔ་རྗེས་སུ་གཏན་འབེབས་དང་བཟོ་བཅོས་བྱས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་རྩ་འཛུགས་ལམ་ལུགས་སྲུང་སྐྱོང་དང་ཆ་ཚང་དུ་གཏོང་རྒྱུ་དེ་ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ནང་དུ་བཅུག་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་རྩ་འཛུགས་ཁྲིམས་སྲོལ་དང་ཏང་ཀྲུང་དབྱང་གིས་བཏོན་པའི་བླང་བྱ་བྱེ་བྲག་ཅན་དུ་གཏོང་དགོས་པ་དང་། རྩ་འཛུགས་ཀྱི་སྒྲིག་བཀོད་དང་། རྩ་འཛུགས་ཀྱི་འཚོ་བ། རྩ་འཛུགས་ཀྱི་འཁོར་སྐྱོད། རྩ་འཛུགས་ཀྱི་དོ་དམ། རྩ་འཛུགས་ཀྱི་ལྟ་སྐུལ་སོགས་ཚུད་པའི་རྩ་འཛུགས་ལམ་ལུགས་ཀྱི་མ་ལག་ཆ་ཚང་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ལ། ཏང་ཨུ་(ཏང་ཙུའུ་)ཡིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་མ་ཟད་ལག་བསྟར་དམ་འཛིན་བྱེད་དགོས། ཏང་གི་རྩ་འཛུགས་འཛུགས་སྐྲུན་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
མཆན་འགྲེལ།
[1] ལི་སི་ཀོང་(1889 — 1971)ནི་ཧུའུ་པེའི་ཧོང་ཀང་གི་མི་ཡིན། ཀྲུང་གོའི་ས་གཤིས་རིག་པའི་མཁས་པ་དང་། ཀྲུང་གོའི་ས་གཤིས་རིག་པའི་བྱ་གཞག་གི་སྲོལ་འབྱེད་པའི་གྲས་ཤིག་ཡིན།
[2] ཆན་ཞུའེ་སེན་(1911 — 2009)ནི་ཀྲེ་ཅང་ཧང་ཀྲོའུ་ཡི་མི་ཡིན། ཀྲུང་གོའི་ཤུགས་རིག་པའི་མཁས་པ་དང་། བཟོ་སྐྲུན་ཚོད་འཛིན་སྨྲ་བ་དང་དངོས་ལུགས་ཤུགས་རིག་པའི་སྲོལ་འབྱེད་པ་དང་། ཀྲུང་གོའི་བར་སྟོང་ལག་རྩལ་དང་རྩ་ལག་ཚན་རིག །རྩ་ལག་བཟོ་སྐྲུན་བཅས་ཀྱི་རྨང་འདིང་མཁན་ཡིན།
[3] ལེ་ཉིན་གྱི་《གོམ་གང་མདུན་དུ་སྤོས། གོམ་དོ་ཕྱི་ལ་ནུར་》(《ལེ་ཉིན་གྱི་གསུང་འབུམ་》དེབ་8པ། མི་དམངས་དཔེ་སྐྲུན་ཁང་། 2017ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་415པ།)ཞེས་པར་གསལ།
[4] སུང་ལྷོ་མའི་ལུའི་ཀྲུང་གི་《གོང་མའི་སྲིད་གཞུང་གི་དོན་ཆེན་དཀར་ཆག་ལས་གོང་མ་ཐའེ་ཙུའུ་》ཞེས་པར་གསལ།
[5] 《མུའོ་ཙི་•མཁས་བཀུར་གྱི་སྟོད་ཆ་》ཞེས་པར་གསལ།
༄༅། །རུལ་རྒོལ་འཐབ་རྩོད་ལ་ཐོག་མར་ཆབ་སྲིད་ཐོག་ནས་བལྟ་དགོས།
(2021ལོའི་ཟླ་1ཚེས་22ཉིན།)
གཅིག །
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངས་རུལ་རྒོལ་འཐབ་རྩོད་སྤེལ་དགོས་ན་ཐོག་མར་ཆབ་སྲིད་ཐོག་ནས་བལྟ་དགོས་ཞེས་ནན་བཤད་ཡང་ཡང་བྱས་ཤིང་། གཙོ་བོར་ཕྱོགས་5ཡི་བླང་བྱ་ཡོད། གཅིག་ནི་རུལ་སུངས་གནད་དོན་གྱིས་ཏང་གི་སྲིད་སྐྱོང་རྨང་གཞིར་གཏོར་བརླག་ཆེ་ཤོས་བྱེད་ལ་གནོད་འཚེ་ཆེ་ཤོས་གཏོང་བས། སྲིད་དབང་རྩ་སློག་གཏོང་སླ་ཤོས་ཀྱི་གནད་དོན་ཡིན་པ་དང་། ཏང་གི་མདུན་དུ་ལྷགས་པའི་འཇིགས་སྐུལ་ཆེ་ཤོས་ཡིན་ཞིང་། རུལ་རྒོལ་འཐབ་རྩོད་ནི་ཕམ་ཁ་མི་འཁྱོགས་ལ་ཕམ་ཡང་གཏན་ནས་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་གནད་ཆེན་ཞིག་ཡིན་པས། ངེས་པར་དུ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས། གཉིས་ནི་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་དང་། ཏང་གི་ངོ་བོ་དང་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ། ཏང་གིས་རང་ངོས་གསར་བརྗེ་བྱེད་པར་ངེས་པར་དུ་དུས་ཡུན་རིང་པོར་དམ་འཛིན་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་བཅས་ཡིན་པས། ངེས་པར་དུ་ཏང་གིས་རུལ་སུངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་དར་ཆ་གསལ་སྟོན་བྱས་ཏེ་རུལ་སུངས་པ་ཏང་ནང་ཁུལ་དུ་སྐུང་ས་མེད་པར་བཟོ་དགོས། གསུམ་ནི་ཆབ་སྲིད་ཀྱི་རུལ་སུངས་ནི་རུལ་སུངས་ཆེ་ཤོས་ཡིན་པས། ངེས་པར་དུ་ཏང་ནང་ཁུལ་གྱི་ཆབ་སྲིད་ཀྱི་བག་ཉལ་འགལ་རྐྱེན་མེད་པར་བཟོ་དགོས་ཤིང་། ཏང་ནང་ཁུལ་དུ་ཁེ་ཕན་ཚོགས་ཁག་ཆགས་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། གལ་ཏེ་ཁོ་ཚོས་ཏང་གི་དབང་ཆ་ཧམ་འཕྲོག་བྱས་པ་དང་། ཏང་གི་འགོ་ཁྲིད་ལས་བྱེད་པ་ཁོ་ཚོའི་ངོ་ཚབ་ཏུ་གྱུར་པར་མ་ཟད་ཐ་ན་དེ་ཚོ་རང་ཉིད་ཀྱིས་ཁེ་ཕན་ཚོགས་ཁག་གཉེར་ཚེ། དམར་པོའི་སྲིད་དབང་གི་ཁ་དོག་འགྱུར་སྲིད་པ་རེད། བཞི་ནི་དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པ་དང་། མི་དམངས་མང་ཚོགས་ཞེ་སྡང་ལངས་ཆེ་ཤོས་ནི་རུལ་སུངས་ཡིན། རུལ་སུངས་པ་བརྒྱ་ཕྲག་སྟོང་ཕྲག་ལ་ཕོག་ཐུག་མ་བཏང་ན། མི་དམངས་དུང་ཕྱུར་14ལ་ཕོག་ཐུག་བཟོ་དགོས་ངེས་ཡིན་པས། དེ་ནི་ཆབ་སྲིད་ཀྱི་རྩིས་ཁྲ་དང་མི་སེམས་གཏད་ཕྱོགས་ཀྱི་རྩིས་ཁྲ་གསལ་ཐག་ཆོད་པ་ཞིག་ཡིན་པས། ངེས་པར་དུ་སྤྱོད་སྲོང་སྒྲིག་ནན་གྱིས་རུལ་སུངས་ལ་རྒོལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་སེམས་དམག་སེམས་དམངས་སེམས་གཅིག་སྒྲིལ་དང་། ཏང་གིས་སྲིད་དབང་སྐྱོང་བའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་དགོས། ལྔ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ནམ་ཡང་བྱེད་བཞིན་པའི་ལམ་ན་ཡོད་པས། ངེས་པར་དུ་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་སེམས་ཤུགས་དང་བློ་རྩ་བརྟན་པོའི་ཐོག་ནས་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ཡག་པོར་བརྒྱབ་སྟེ། ཏང་གི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་ཉམས་པ་མེད་པ་བཟོ་དགོས།
གཉིས།
ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཐོག་ནས་བལྟས་ན། ཆབ་སྲིད་བརྡར་ཤ་གཅོད་ནུས་ཆེ་རུ་གཏོང་རྒྱུ་ནི། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་གཙོ་བོར་འཛིན་པ་དང་། མི་དམངས་གནད་ཆེར་འཛིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་རྩ་བར་འཛིན་པ་བཅས་བྱས་ཏེ། རུལ་སུངས་ཀྱི་གནད་དོན་སྣ་ཚོགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་གནོད་འཚེ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རིག་པ་དྭངས་གསལ་གྱིས་བྱ་སྤྱོད་ཀྱི་ཡིན་མིན་དབྱེ་འབྱེད་བྱེད་པ། ཉེན་ཁ་དང་འགྲན་སློང་བཀག་འགོག་ནུས་ལྡན་བཅས་བྱས་ཏེ། དམར་པོའི་སྲིད་དབང་གི་ཁ་དོག་ནམ་ཡང་མི་འགྱུར་བར་ཁག་ཐེག་བྱེད་དགོས་པ་དེ་ཡིན། ཆབ་སྲིད་ངེས་ཤེས་འདྲོང་ནུས་མཐོ་རུ་གཏོང་བ་ནི། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་གི་དགོངས་དོན་ལ་ཆབ་སྲིད་ཀྱི་ཐོག་ནས་གོ་བ་ཡག་པོ་ལེན་པ་དང་གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་གནད་ཆེན་དང་། རྩ་དོན་གནད་ཆེན། ལས་འགན་གཙོ་བོ་བཅས་ཀྱི་ཆབ་སྲིད་ཀྱི་སྙིང་དོན་ཡིད་ལ་འཇགས་པར་བྱས་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དེ་ཡིན། ཆབ་སྲིད་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་ནི། ཏང་ཀྲུང་དབྱང་གིས་གསལ་སྟོན་བྱས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གཏན་ལ་ཕབ་པའི་མདུན་སྐྱོད་ཀྱི་ལམ་ཕྱོགས་ལྟར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་སྤེལ་བ་དང་། རྟག་པར་ཚད་བསྡུར་ཡང་ཡང་བྱས་ནས་ཕྱོགས་འཛོལ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་པ་བཅས་ཡིན།
༄༅། །ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་གཙོ་གནད་འབུར་དུ་ཐོན་དགོས།
(2021ལོའི་ཟླ་2ཚེས་20ཉིན།)
ཏང་ཀྲུང་དབྱང་གིས་དཔར་འགྲེམ་བྱས་པའི་《བརྡ་ཐོ་》[1]ལས་ཐེངས་འདིའི་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ལས་ཀར་བླང་བྱ་གསལ་པོ་བཏོན་ཡོད་དེ། སྤྱིའི་ཆ་ནས་བཤད་ན་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱས་ཏེ། ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། གོ་རྟོགས་སད་པ། དངོས་དོན་སྒྲུབ་པ། ལས་འགོ་གསར་འཛུགས་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
དང་པོ། བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་སྔར་བས་ཤེས་རྟོགས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ཀྱི་ཆབ་སྲིད་རང་རྟོགས་ལ་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་དགོས། བསམ་བློ་ནི་སྟོབས་ཤུགས་ཡིན། མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་སྐད་ཅིག་ཙམ་ཡང་མེད་མི་རུང་ལ། བསམ་བློའི་ཁྲིད་སྟོན་སྐད་ཅིག་ཙམ་ཡང་མེད་མི་རུང་། ཉེ་རབས་ཀྱི་ཀྲུང་གོ་ཉེན་ཁ་ཆེ་ཤོས་སུ་གནས་པའི་སྐབས་དེར། ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་རྙེད་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག །མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་འགའ་ཤས་རིང་གསར་དུ་བཏོད་པའི་ཤེས་དཔལ་རླབས་པོ་ཆེ་སོར་ཆུད་བྱས་ནས་ཀྲུང་ཧྭའི་ཤེས་དཔལ་ལ་ཡང་བསྐྱར་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་དུ་བཅུག་ཡོད། མར་ཁེ་སིའི་རིང་ལུགས་ནི་ང་ཚོས་འཇིག་རྟེན་ངོས་འཛིན་དང་། ཆོས་ཉིད་ངེས་ཤེས། བདེན་དོན་བརྩོན་ལེན། འཇིག་རྟེན་སྒྱུར་བཀོད་བཅས་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ལྡན་ཞིག་ཡིན་པ་དང་། ང་ཚོའི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་དགོས་པའི་མཛུབ་སྟོན་བསམ་བློ་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད།
རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་གསར་གཏོད་ལ་ཐུག་ཡོད། མར་ཁེ་སིའི་རིང་ལུགས་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བ་དང་། ཀྲུང་གོས་ཀྱང་མར་ཁེ་སིའི་རིང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལོ་བརྒྱའི་རིང་ལ། ང་ཚོའི་ཏང་གིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་ཕན་ཚུན་གཅིག་གྱུར་དང་། གཞི་རྩ་བརྟན་པོ་དང་བདེན་སྲུང་གསར་གཏོད་ཕན་ཚུན་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་ཡུལ་ཁམས་གསར་པ་ཟམ་མི་ཆད་པར་བཏོད་པས། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བྱུང་ཞིང་། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས་ཡོད། ང་ཚོའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བའི་ལོ་རྒྱུས་ཤིག་དང་། རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་བཏང་བ་དང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱས་པའི་ལོ་རྒྱུས་ཤིག་རེད།
ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཏང་གི་སྤྱིར་བཏང་མིན་པའི་ལོ་རྒྱུས་འཕེལ་རིམ་ལས་མར་ཁེ་སིའི་རིང་ལུགས་ཀྱིས་ཀྲུང་གོ་དང་འཛམ་གླིང་ལ་ཇི་ལྟར་འགྱུར་ལྡོག་གཏིང་ཟབ་གཏོང་བར་གོ་བ་རྙེད་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ལ་ངེས་ཤེས་ཟབ་མོ་འདྲོང་བ། ཀྲུང་གོ་ཅན་དུ་འགྱུར་བའི་མར་ཁེ་སིའི་རིང་ལུགས་ནི་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་ངོ་བོར་ངོས་ཟིན་ཇེ་ཟབ་ཏུ་གཏོང་བ་བཅས་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་བཅས་བྱ་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།
གཉིས་པ། ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་སྔར་བས་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་དབང་ཟིན་དགོས། ལོ་རྒྱུས་ཀྱི་འཕེལ་རྒྱས་ལ་དེའི་ཆོས་ཉིད་ལྡན་ཡོད་མོད། ཡིན་ནའང་དེའི་ནང་དུ་མི་རྣམས་ནི་ནུས་མེད་གཞན་དབང་ཞིག་གཏན་ནས་མིན། དེ་ཡང་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཕེལ་ཕྱོགས་ཆེན་པོ་ངེས་པ་དང་། ལོ་རྒྱུས་འཕོ་འགྱུར་ཡོང་བའི་གོ་སྐབས་ཟིན་ནས་དུས་བསྟུན་ལས་སྒྲུབ་དང་འབད་འབུངས་ཡར་བརྩོན་བྱས་པ་ཡིན་ཕྱིན། ང་ཚོ་སྔར་ལས་ལེགས་པའི་སྒོ་ནས་མདུན་སྐྱོད་བྱེད་ཐུབ། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་ལོ་ངོ་170ལྷག་གི་སྔོན་ལ་སྤྱི་ཚོགས་རིང་ལུགས་ཀྱིས་མ་རྩའི་རིང་ལུགས་ཀྱི་ཚབ་བྱེད་ངེས་ཡིན་པའི་ལོ་རྒྱུས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་སྒོ་ནས་གསལ་སྟོན་གནང་ཡོད། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བའི་ལྡོག་ཐབས་མེད་པའི་སྤྱིའི་འཕེལ་ཕྱོགས་ཤིག་ཡིན། ཡིན་ན་ཡང་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་བརྒྱུད་དགོས་པ་རེད། བརྒྱུད་རིམ་དེའི་ནང་དུ་ང་ཚོས་དོན་དངོས་ལ་གཞི་འཛུགས་པ་དང་། དུས་རིམ་སོ་སོའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ངེས་པར་བྱས་ཏེ་མིག་མདུན་གྱི་ལས་དོན་ཡག་པོར་སྒྲུབ་དགོས།
ལོ་ངོ་བརྒྱའི་རིང་གི་འབད་འཐབ་ལས་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་དང་ངེས་ཤེས་བྱས་པ་དང་། ཀྲུང་གོ་དང་འཛམ་གླིང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ཤིང་། ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་དང་བེད་སྤྱོད་ལེགས་པོ་བྱེད་མཁས་པོ་བྱས་ཡོད། ང་ཚོའི་ཏང་དབུ་བརྙེས་པ་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པའི་འབྲས་བུ་ཡིན། ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་དར་རྒྱས་བྱུང་བ་ནི་སྐབས་དེའི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་རེད། ང་ཚོའི་ཏང་ནི་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དེ་ལས་བྱུང་སྟེ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་རེད། ལྗར་འགོག་དམག་འཁྲུག་གི་སྐབས་སུ། ང་ཚོའི་ཏང་གིས་འཛམ་གླིང་གི་ཧྥ་ཞི་སིར་རྒོལ་བའི་དམག་འཁྲུག་དང་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་རྒྱལ་སྐྱོབ་ཀྱི་འདུན་པ་དྲག་པོ་བཅངས་པའི་འཕེལ་ཕྱོགས་ཆེན་པོ་ནས་འགོ་བརྩམས་ཏེ། ལྗར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་ལ་སྐུལ་འདེད་བཏང་བར་མ་ཟད། མཇུག་མཐར་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་བླངས་པ་རེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་སྲ་བརྟན་དུ་བཏང་བ་དེའང་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་དང་བསྟུན་ནས་བྱུང་བ་ཞིག་རེད། སྐབས་དེར་སྤྱི་ཚོགས་རིང་ལུགས་གོང་འཕེལ་ཡར་རྒྱས་བྱུང་བ་དང་། ཨེ་ཤ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་བཅས་ཀྱི་མི་རིགས་བཅིངས་འགྲོལ་ལས་འགུལ་ཆར་རླུང་འཁྲིགས་པ་ལྟར་ལངས་ཏེ། “ཤར་རླུང་གིས་ནུབ་རླུང་གནོན་པའི་”རྣམ་པ་བྱུང་བ་དང་། ཀྲུང་གོ་གསར་པ་ནི་ཤར་རླུང་དེ་འདྲའི་ནང་དུ་སྦྱངས་པ་ཐོབ་ནས་དབུ་བརྙེས་པར་མ་ཟད་གཞི་ཚུགས་པ་རེད། བསྒྱུར་བཅོས་སྒོ་འབྱེད་ཀྱི་ཇུས་ཐག་གལ་ཆེན་བཅད་པ་དེ་ཡང་ང་ཚོའི་ཏང་གིས་དུས་རབས་ཀྱི་འཕེལ་ཕྱོགས་ལ་ཉམས་རྟོགས་གཏིང་ཟབ་ལོན་པ་ལས་བྱུང་བ་ཞིག་རེད། སྐབས་དེར་འཛམ་གླིང་གི་དཔལ་འབྱོར་དང་ཚན་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས་རང་རྒྱལ་གྱི་འཕེལ་རྒྱས་དང་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་བར་གྱི་ཧེ་བག་མངོན་གསལ་ཇེ་ཆེར་སོང་བས། བློ་མཐུན་ཏེང་ཞའོ་ཕིན་གྱིས་“ང་ཚོས་དུས་རབས་ཀྱི་རྗེས་ཟིན་པར་བྱ་རྒྱུ་ནི་ང་ཚོས་བསྒྱུར་བཅོས་བྱེད་པའི་དམིགས་ཡུལ་ཡིན་”[2]ཞེས་གསུངས་པ་རེད། ང་ཚོའི་ཏང་གིས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་དེ། བློ་ཐག་རྦད་བཅད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལྟེ་གནས་བསྒྱུར་ཏེ། སྤོབས་པ་ཆེན་པོས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་ཡོལ་བ་ཕྱེས་པ་རེད།
“ཤེས་རབ་ཆེར་ལྡན་ཡང་། །བབ་དང་བསྟུན་པ་ལེགས། །”[3]ལོ་རྒྱུས་ཤེས་ཚེ་ཕུགས་དོན་རྟོགས་ཐུབ་པ་དང་། ལོ་རྒྱུས་རྟོགས་ཚེ་ཕུགས་ལམ་བགྲོད་ཐུབ་པ་ཡིན། ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཡིད་ལ་འཛིན་པ་དང་། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་བསྐྱེད་དེ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་པོ། གོ་ལ་ཧྲིལ་པོའི་འཕོ་འགྱུར་བཅས་ལས་འཕོ་འགྱུར་གྱི་གནས་ལུགས་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་འཚོལ་རྟོག་བྱེད་དགོས་པ་དང་། བབ་བསྟུན་གྱི་འཐབ་ཇུས་དང་ཇུས་གཞི་འདོན་དགོས་ཤིང་། ལས་ཀའི་མ་ལག་རང་བཞིན་དང་། སྔོན་ཚོད་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་དགོས།
གསུམ་པ། ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་ངོས་ཟིན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ངོ་བོ་གསལ་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ང་ཚོའི་ཏང་ནི་མི་དམངས་ལས་བྱུང་བ་དང་། ཏང་གི་གཞི་རྩ་དང་རྒྱུད་པ་གནས་ས་ནི་མི་དམངས་ཡིན། མི་དམངས་ཀྱི་དོན་དུ་བྱུང་ཞིང་མི་དམངས་ཀྱི་དོན་དུ་དར་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་གནས་པ་དང་། མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འབད་འཐབ་བྱེད་པ་ནི་ང་ཚོའི་ཏང་གིས་ཏང་འཛུགས་པ་དང་ཏང་དར་རྒྱས་གཏོང་བ། ཏང་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་རྩ་བའི་ཀུན་སློང་དང་དམིགས་ཡུལ་ཡིན།
ང་ཚོའི་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བའི་ལོ་རྒྱུས་ཤིག་དང་། ཏང་དང་མི་དམངས་གཅིག་སེམས་གཅིག་སྦྲེལ་དང་། སྐྱིད་སྡུག་མཉམ་མྱོང་། ལས་དབང་མཉམ་འཁུར་བཅས་ཀྱི་ལོ་རྒྱུས་ཤིག་ཡིན། གསར་བརྗེ་ཆེན་པོར་ཕམ་ཁ་བྱུང་རྗེས་རང་སྲོག་བློས་བཏང་བའི་གསར་བརྗེ་པ་ཁྲི་30ལྷག་ལས་མང་ཆེ་བ་ནི་ང་ཚོའི་ཏང་གི་རྗེས་སུ་འབྲངས་ནས་གསར་བརྗེ་བྱེད་མཁན་གྱི་མི་དམངས་མང་ཚོགས་ཡིན། དམར་དམག་གི་སྐབས་སུ་མི་དམངས་མང་ཚོགས་ནི་ཏང་དང་མི་དམངས་དམག་དཔུང་གི་ཟངས་ཀྱི་གྱང་དང་ལྕགས་ཀྱི་རྩིག་པ་ལྟ་བུ་ཡིན། ལྗར་འགོག་དམག་འཁྲུག་གི་སྐབས་སུ་ང་ཚོའི་ཏང་གིས་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ནས་ལྗར་པན་བཙན་འཛུལ་པ་མི་དམངས་དམག་འཁྲུག་གི་རྒྱ་མཚོ་ཆེན་པོར་བྱིང་བར་བྱས་ཡོད། ཧོའེ་ཧའེ་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མི་སེར་གྱིས་འདྲུད་འཁོར་ཆུང་བ་དེད་ནས་བླངས་པ་དང་། འབྲི་ཆུ་འཕྲེད་བརྒལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ནི་མི་སེར་གྱིས་གྲུ་ཆུང་བཏང་བ་ལ་བརྟེན་ནས་ཐོབ་པ་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་ནི་མི་དམངས་མང་ཚོགས་ཀྱིས་བསྒྲུབས་ནས་བླངས་པ་ཡིན། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཟློས་གར་རླབས་པོ་ཆེ་ནི་མི་དམངས་མང་ཚོགས་དུང་ཕྱུར་མང་པོས་གཙོ་འཁྲབ་བྱས་པ་ཡིན། རྒྱལ་སྲིད་ནི་མི་དམངས་ཡིན་པ་དང་། མི་དམངས་ནི་རྒྱལ་སྲིད་ཡིན་ཞིང་། མི་དམངས་ཀྱི་བློ་ཁ་ཕྱོགས་མིན་དེ་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་ཡོད་པ་ལོ་རྒྱུས་ཐོག་ལས་ར་སྤྲོད་གསལ་པོ་བྱུང་ཡོད། མི་དམངས་ཀྱི་ཡིད་ཆེས་དང་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་ཕྱིན། ཏང་གིས་དཀའ་ངལ་ཡོད་ཚད་སེལ་ཐུབ་པ་དང་། བྱ་བ་གང་བྱས་ཀྱང་མི་འགྲུབ་པ་མེད། དེ་ལས་ལྡོག་ན་ང་ཚོས་བྱ་བ་གང་ཡང་འགྲུབ་མི་ཐུབ་པ་དང་ཐ་ན་ཉམས་ཉེས་སུ་འགྲོ་ངེས་རེད།
ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཀྱང་ཡིན་པ་ང་ཚོའི་ཏང་གི་སྒྲིག་ཡིག་ལས་གཏན་འབེབས་གསལ་ཐག་ཆོད་པ་བྱས་ཡོད། ཏང་གི་སྒྲིག་ཡིག་ལས་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་མང་ཚོགས་དང་བདེ་སྡུག་མཉམ་མྱོང་དང་། འབྲེལ་བ་དམ་ཟབ་མཐའ་འཁྱོངས་བྱེད་དགོས་པ་གཏན་ལ་ཕབ་ཡོད། དེས་ང་ཚོར་ངེས་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་དང་མི་དམངས་ལོ་རྒྱུས་ཀྱི་བྱེད་པོ་ཡིན་པའི་གོ་གནས་ལ་བརྩི་འཇོག་བྱེད་པའི་གཅིག་གྱུར་རང་བཞིན་དང་། བླ་ན་མེད་པའི་ཕུགས་བསམ་གྱི་ཆེད་དུ་འབད་འཐབ་བྱེད་པ་དང་ཆེས་རྒྱ་ཆེ་བའི་མི་དམངས་ལ་ཁེ་ཕན་སྒྲུབ་པའི་གཅིག་གྱུར་རང་བཞིན། ཏང་གི་ལས་དོན་ཁག་ཡོངས་འགྲུབ་དང་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་གཅིག་གྱུར་རང་བཞིན་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་དང་ནམ་ཡང་ཁ་མི་འབྲལ་བ་དང་། མང་ཚོགས་དང་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་། སྡུག་གི་ཁུར་བོ་མཉམ་འཁུར། སྐྱིད་ན་མཉམ་སྐྱིད། སྡུག་ན་མཉམ་སྡུག་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་ཡོངས་ཀྱིས་ཏང་གི་ངོ་བོ་དང་དམིགས་ཡུལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་དགོས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་འཛིན་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་སྒྲུབ་པར་སྐུལ་འདེད་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་དོན་དམ་པའི་འཕེལ་སྐྱེད་མངོན་གསལ་འབྱུང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་14པོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་གཅིག་ཏུ་བསྒྲིལ་དགོས།
བཞི་པ། ཏང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་སྔར་ལས་ལྷག་པ་བྱས་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ང་ཚོའི་ཏང་རིམ་པ་རེ་རེ་བཞིན་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་གི་གལ་ཆེ་ཤོས་ཤིག་ནི་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་བསྡོམས་དང་འཇོན་ཐང་ཆེ་རུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཉེན་ཁར་ཁ་གཏད་འཇལ་བ་དང་འགྲན་སློང་གདོང་བསུ་བྱེད་ལ་ཉེན་ཁ་ཁྱད་དུ་གསོད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དེ་རེད། ཏང་གི་ཉམས་མྱོང་ནི་གནམ་ནས་ཟགས་པ་ཞིག་མིན་ལ། དཔེ་དེབ་ཐོག་ནས་བཤུས་པ་ཞིག་ཀྱང་མིན་པར། དེ་ནི་ང་ཚོའི་ཏང་གིས་དཀའ་བ་ཚད་མེད་སྤྱད་ཅིང་དཀའ་སྡུག་ཚད་མེད་མྱངས་ནས་འཚོལ་ཞིབ་ཡུན་རིང་བྱས་པ་ལས་བྱུང་བ་ཞིག་རེད། དེའི་ནང་དུ་རྒྱལ་ཕམ་དང་ཐོབ་ཤོར་མང་པོ་འདུས་ཡོད་པ་དང་། ཁྲག་དྲོན་དང་རྔུལ་ཆུས་བརླན་ཡོད་ཅིང་། བློ་གྲོས་དང་སྤོབས་པས་ཁེངས་ཡོད།
མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ནི་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་ལ་འཕྲད་ཡོད་དེ། རྒྱལ་ནང་ནས་བྱུང་བའི་ཉེན་ཁ་དང་འགྲན་སློང་ཡོད་ལ་རྒྱལ་སྤྱི་ནས་བྱུང་བའང་ཡོད། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་སོགས་ཀྱི་ཁྱབ་ཁོངས་ནས་བྱུང་བ་ཡོད་ལ་རང་བྱུང་ཁམས་ནས་བྱུང་བའང་ཡོད། སྲོལ་རྒྱུན་ཅན་ཡོད་ལ་སྲོལ་རྒྱུན་མིན་པ་ཅན་ཡང་ཡོད། “ངང་པ་ནག་པོ་”དང་“བསེ་རུ་སྐྱ་བོ་”ད་དུང་དུས་ངེས་མེད་ནང་ཐོན་ཡོང་གི་རེད། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཏུ་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་སྔར་ལས་ལྷག་པ་འཇལ་དགོས་ན། ང་ཚོས་ངེས་པར་དུ་ལོ་རྒྱུས་ལས་བློ་སྒོ་འབྱེད་པ་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལས་དགྲ་ལས་རྣམ་པར་རྒྱལ་བའི་ཐབས་མཆོག་འཚོལ་དགོས། སྔོན་ཆད་བློ་མཐུན་མའོ་ཙེ་ཏུང་གིས་གསར་བརྗེའི་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གནང་སྟེ། འཐབ་ཕྱོགས་གཅིག་གྱུར་དང་། དྲག་པོའི་འཐབ་རྩོད། ཏང་གི་འཛུགས་སྐྲུན་བཅས་ནི་དགྲ་ལས་རྣམ་པར་རྒྱལ་བའི་“ནོར་བུ་རྣམ་གསུམ་”དུ་སྙིང་བསྡུས་བྱས་ནས་ང་ཚོའི་ཏང་གིས་དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ལེན་པར་ནུས་པ་གལ་ཆེན་བཏོན་ཞིང་། ད་ལྟའང་སྔར་བཞིན་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཏང་དབུ་བརྙེས་ནས་ལོ་ངོ་95འཁོར་བ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་སོགས་ལ་རྟེན་འབྲེལ་ཞུ་བའི་ཡུལ་དངོས་གལ་ཆེན་དག་ཏུ། ངས་ཕྱོགས་མི་འདྲ་བའི་ཐད་ནས་ཏང་གི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་སྙིང་བསྡུས་བྱས་ཡོད། ང་ཚོས་ཏང་བཙུགས་ནས་ལོ་ངོ་100འཁོར་བའི་དུས་མཚམས་གལ་ཆེན་འདི་དམ་འཛིན་བྱས་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་ནས་འགོ་བརྩམས་ཏེ། ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་ཁག་ཏུ་རྒྱལ་ཁའི་ངང་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཕྱོགས་བསྡོམས་དང་བེད་སྤྱོད་བྱེད་པ་དང་། ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་ལ་དུས་ཡུན་རིང་ཙམ་ཁ་གཏད་འཇལ་རྒྱུའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱས་ཏེ། མུ་མཐུད་ནས་འཐབ་རྩོད་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། འཐབ་རྩོད་ཀྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་དང་། རྒྱལ་སྲིད་སྐྱོང་བའི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ། ཆེས་སྡུག་ཤོས་ལ་བསམ་བློ་བཏང་ནས་གྲ་སྒྲིག་འཐུས་ཤོས་བྱེད་དགོས་པ་དང་། ཆེས་བཟང་ཕྱོགས་ལ་འབད་བརྩོན་བྱས་ཏེ་འབྲས་བུ་བཟང་ཤོས་ལེན་གང་ཐུབ་བྱེད་དགོས།
བཙན་རྫོང་ནི་ནང་ཁུལ་ནས་གཏོར་སླ་ཤོས་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། ཏང་དབུ་བརྙེས་པ་ནས་བཟུང་ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་ཉེན་ཁ་ཆེ་ཤོས་ནི་ནང་ཁུལ་གྱི་ངོ་བོ་དང་ཁ་དོག །བྲོ་བ་བཅས་འགྱུར་ནས་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ཀྱི་གཞི་མདངས་ཤོར་ཞིང་། ཏང་གི་དམིགས་ཡུལ་དང་འགལ་ནས་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཤོར་བ་དེ་རེད། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ང་ཚོའི་ཏང་གིས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་། ཐོར་ཞིག་དང་རུལ་སུངས་སུ་འགྱུར་བའི་ཉེན་ཁ་རྒྱུན་ཆད་མེད་པར་སྔོན་འགོག་བྱས་པའི་ལོ་རྒྱུས་ཤིག་ཡིན། ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱེད་པ་བརྒྱུད། ཏང་འཛུགས་སྐྲུན་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རུལ་འགོག་འགྱུར་འགོག་དང་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས་ང་ཚོའི་ཏང་འདི་ཉིད་འཛམ་གླིང་གི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ཐོག་མཐའ་བར་གསུམ་དུ་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བ་བཅས་འགན་ལེན་ཏན་ཏིག་བྱེད་དགོས།
ལྔ་པ། གསར་བརྗེའི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་འཐབ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱེད་དགོས། “གནམ་སའི་བར་གྱི་མི་ཚེ་འདིའི། །བཤུལ་ལམ་རིང་པོར་བདེ་སྡུག་མང་། །”[4]ཞེས་པ་ལྟར། འཛམ་གླིང་ཐོག་ང་ཚོའི་ཏང་ལྟར་དཀའ་སྡུག་དང་ཉེན་ཁ་དེ་འདྲ་མང་པོར་ཕྲད་མྱོང་བ་དང་། ཤི་གསོན་གྱི་ཉམས་སད་དེ་འདྲ་མང་པོ་ཐེག་མྱོང་བ། ཡ་ང་བའི་བློས་བཏང་དེ་འདྲ་མང་པོ་བྱས་མྱོང་བའི་ཏང་གཅིག་ཀྱང་མེད། ལོ་བརྒྱའི་རིང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་རིང་། ང་ཚོའི་ཏང་གིས་དགྲ་ལ་མི་འཇིགས་པ་དང་། ཉེན་ཁར་མི་སྐྲག་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་དཔའ་གདེང་དང་གཤིས་རྒྱུད་ཞུན་བརྡར་བྱས་ཡོད། འདི་ནི་ང་ཚོའི་ཏང་གི་ཆེས་མངོན་གསལ་གྱི་གཤིས་རྒྱུད་དང་ཁྱད་ཆོས་ཡིན། ལོ་ངོ་བརྒྱ་ཡི་སྤྱིར་བཏང་མ་ཡིན་པའི་འབད་འཐབ་ཀྱི་བརྒྱུད་རིམ་ནང་དུ། མི་རབས་ནས་མི་རབས་བར་གྱི་ཀྲུང་གོའི་གུང་ཁྲན་ཏང་མིས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་ལྷོད་མེད་བྱས་ནས་རང་སྲོག་བློས་གཏོང་བར་འཇིགས་པ་མེད་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་། ཞུམ་མེད་འབད་འཐབ་བྱེད་པའི་རྟུལ་ཕོད་ཅན། རང་དོན་རྒྱབ་སྐྱུར་སྒོས་ཡོད་ཚད་བློས་གཏོང་བའི་སྔོན་ཐོན་དཔེ་བཟང་འབོར་ཆེན་བྱོན་པ་དང་། ཅིན་ཀང་རི་བོའི་སྙིང་སྟོབས་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། ཞི་པེ་ཕོའི་སྙིང་སྟོབས། བྲག་དམར་གྱི་སྙིང་སྟོབས། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། “མདེལ་གཉིས་སྐར་གཅིག་”གི་སྙིང་སྟོབས། དམིགས་བསལ་ཁུལ་གྱི་སྙིང་སྟོབས། ཆུ་ལོག་འགོག་པའི་སྙིང་སྟོབས། ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས། རིམས་འགོག་སྙིང་སྟོབས་སོགས་སྙིང་སྟོབས་རླབས་པོ་ཆེ་བྱུང་བར་བརྟེན། ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་སྙིང་སྟོབས་མ་ལག་བསྐྲུན་ཡོད། ང་ཚོའི་ཏང་ལོ་ངོ་བརྒྱ་ཕྲག་སོན་ཡང་ལང་ཚོ་དར་ལ་བབ་ཅིང་དཀའ་ངལ་ཚད་མེད་མྱངས་ཀྱང་མི་རབས་ནས་མི་རབས་སུ་ཉམས་པ་མེད་པའི་རྒྱུ་མཚན་ནི་གསར་བརྗེའི་ཁ་ལ་སྲོག་བསྡོས་བསྣན་པའི་སྙིང་སྟོབས་ཆེན་པོ་དེ་འདྲ་ཞིག་ལྡན་ཡོད་པས་རེད།
རིན་ཐང་བྲལ་བའི་བསམ་པའི་རྒྱུ་ནོར་དེ་དག་ཡུལ་དུས་ལས་བརྒལ་ཞིང་ཉམས་པ་མེད་པར་གནས་ལ། ཏང་གི་འགྱུར་མེད་ཀྱི་དད་སེམས་དང་། རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་བསྡུས་ཀྱིས་མཚོན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་བརྩོན་དང་། རང་སྲོག་བློས་གཏོང་། གསར་གཏོད་ཡར་བརྩོན་བཅས་བྱེད་པའི་གཤིས་རྒྱུད་རླབས་པོ་ཆེ་གོང་བུ་གཅིག་ཏུ་དྲིལ་བ་དང་། ང་ཚོའི་ཏང་དང་། རྒྱལ་ཁབ། མི་རིགས། མི་དམངས་བཅས་ཀྱི་ཁྲག་རྒྱུན་ནང་གཏིང་ཟབ་ཏུ་འདྲེས་ནས་ང་ཚོས་ཏང་འཛུགས་པ་དང་ཏང་དར་རྒྱས་གཏོང་བ། ཏང་སྟོབས་ལྡན་དུ་གཏོང་བ་བཅས་ལ་འཚོ་བཅུད་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཡོད།
དེ་དང་ལྷན་དུ་ང་ཚོས་རིག་པ་དྭངས་གསལ་གྱིས་མཐོང་དགོས་པ་ཞིག་ནི། ང་ཚོའི་ཏང་གིས་དུས་ཡུན་རིང་པོར་སྲིད་དབང་བསྐྱངས་པས། ཏང་ཡོན་ལས་བྱེད་པ་ཚོའི་ནང་དུ་བདེ་བར་སྡོད་རྒྱུ་རིང་དྲགས་ནས་སྒྱིད་ལུག་གི་བསམ་པ་སྐྱེ་སླ་བ་རེད། ལ་ལའི་བསམ་པར་ད་ལྟ་ལྷོད་ལྷོད་བག་ཡངས་ངང་བརྟན་བརླིང་དཔོན་དང་བདེ་འཇགས་དཔོན་བྱས་ནས་བསྡད་ཆོག་ཆོག་ཡིན་པར་འདོད་པ་དང་། ལ་ལས་“གྲུ་གཟིངས་གྲུ་ཁ་དང་རླངས་འཁོར་འབབ་ཚུགས་སུ་སླེབས་ཚར་སོང་”བསམས་ནས་རྣམ་གཡེང་ལེ་ལོ་དང་ཁྲལ་སེལ་སླ་བཅོས་ངང་ཉི་མ་འཁྱོལ་ཐབས་བྱེད་པ། ལ་ལས་སྒེར་དོན་ཁོ་ན་བསམ་ཞིང་། ཐོབ་ཤོར་ལ་སེམས་ཁྲལ་ཆེ་དྲགས་པ་དང་། འཁུར་ལེན་མི་ཕོད་པར་ཁེ་གྲགས་དང་ལོངས་སྤྱོད་ལ་རྔམ་པ། འགའ་ཞིག་ནི་“དུང་བརྡ་”དང་“ལམ་ཚུགས་”བྱེད་རྒྱུ་གོམས་གཤིས་ཆགས་ནས་དཀའ་ངལ་དང་འཕྲད་ན་གཡོལ་ནས་འགྲོ་བ་དང་། དཀའ་གནད་ལ་འཕྲད་སྐབས་གོང་རིམ་ལ་སྤྲོད་པ་ལས་འགག་སྒྲོལ་དཀའ་སེལ་གྱི་ངར་ཤུགས་དང་བློ་སྟོབས་མེད་པ་རེད། ངས་གསར་བརྗེ་མཐར་ཕྱིན་པར་བྱེད་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ཡང་ཡང་ནན་བཤད་བྱེད་ཀྱི་ཡོད་ལ། རྒན་རབས་གསར་བརྗེ་བ་རྣམས་ཀྱིས་“རྒྱལ་ཁ་ཐོབ་མུར་ཇག་ལྷག་འདུལ་དགོས་ལས། །པ་ཝང་བཞིན་དུ་སྙན་གྲགས་གཉེར་མི་རུང་། །”[5]ཞེས་པའི་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། གུང་ཁྲན་ཏང་མིའི་“རང་སྲོག་འདོར་བའི་བློ་སྟོབས་རབ་ཏུ་བསྐྱེད། འཇིག་རྟེན་གསར་པར་ཅི་ལ་བསྒྱུར་མི་ཕོད་”[6]ཅེས་པ་ལྟ་བུའི་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་ནན་བཤད་བྱེད་ཀྱི་ཡོད་པ་འདི་ནི་བསམ་བློ་ཟབ་མོ་བཏང་ནས་བཤད་པ་ཞིག་ཡིན། ཚང་མས་བསམ་བློ་ཞིག་ཐོངས་དང་། རང་རྒྱལ་ལྟ་བུའི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཅིག་ཏུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་དང་ཅི་འདྲའི་དཀའ་མོ་ཞིག་རེད་ཨང་། ཏང་ཡོངས་ལ་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། གསར་བརྗེ་བའི་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འཐབ་ལམ་གསར་པ་དང་དུས་རབས་གསར་པར་འབད་པས་བསྐྱོད་པའི་སྙིང་སྟོབས་རྒྱས་པར་བྱེད་དགོས།
དྲུག་པ། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་སྔར་ལས་ཤུགས་ཆེ་རུ་བཏང་ནས་ཏང་ཡོངས་གོམ་སྟབས་གཅིག་གྱུར་གྱིས་མདུན་དུ་བསྐྱོད་པར་འགན་ལེན་ཏན་ཏིག་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་དང་། ཏང་གི་མཐུན་སྒྲིལ་དང་གཅིག་སྡུད་གཅིག་གྱུར་འགན་ལེན་བྱ་རྒྱུ་ནི་ཏང་གི་སྲོག་རྩ་ཡིན་ལ། ང་ཚོའི་ཏང་ལོ་བརྒྱའི་ཏང་ཞིག་ཆགས་ཤིང་དུས་རབས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་ཐུབ་པའི་གནད་འགག་ཐུག་སའང་ཡིན། ལག་ལེན་ལས་ར་འཕྲོད་བྱུང་གསལ། ཏང་ཡོངས་“སྲ་ཞིང་མཁྲེགས་པའི་ངར་ལྕགས་གོང་བུ་གཅིག་”ལྟ་བུར་མཐུན་སྒྲིལ་བྱུང་ཚེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་བྱས་ནས་མི་བརྒྱ་སེམས་གཅིག་དང་དོ་ཟླ་བྲལ་བའི་སྟོབས་ཤུགས་ཆེན་པོ་ཆགས་ཐུབ་ལ། དགྲ་བོ་སྟོབས་ཆེན་མཐའ་དག་དང་དཀའ་ཉེན་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་པ་རེད།
ཏང་ཡོངས་ཀྱིས་ཀྲུང་དབྱང་ལ་བརྩི་བཀུར་ཞུ་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་འགན་ལེན་བྱེད་པ་ནི། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོ་ཡིན་པས་ངེས་པར་དུ་ལྷོད་མེད་དམ་འཛིན་བྱེད་དགོས། ཏང་གི་ལོ་རྒྱུས་ཐོག་ཙུན་དབྱིའི་གྲོས་ཚོགས་ནི་ཁ་ཕྱོགས་སྒྱུར་བའི་དོན་སྙིང་རླབས་ཆེན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཐེངས་དེའི་གྲོས་ཚོགས་ནི་དམར་དམག་གིས་“བསྐོར་བཅོམ་”ལ་ངོ་རྒོལ་ཐེངས་ལྔ་པ་བྱེད་སྐབས་ཕམ་ཉེས་བྱུང་བ་དང་རྒྱང་སྐྱོད་ཀྱི་ཐོག་མའི་དུས་སྐབས་སུ་བར་ཆད་ཚབས་ཆེན་བྱུང་བའི་ལོ་རྒྱུས་ཀྱི་འགག་རྩར་ཐུག་པའི་སྐབས་སུ་འཚོགས་ནས་བློ་མཐུན་མའོ་ཙེ་ཏུང་གི་ཏང་ཀྲུང་དབྱང་དང་དམར་དམག་གི་འགོ་ཁྲིད་གོ་གནས་གཏན་འཁེལ་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སིའི་རིང་ལུགས་ཀྱི་ལམ་ཕྱོགས་ཡང་དག་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་གཏན་འཁེལ་བྱེད་འགོ་ཚུགས་ཤིང་། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་དང་པོའི་ཀྲུང་དབྱང་འགོ་ཁྲིད་ཚན་པ་གྲུབ་ནས་ང་ཚོའི་ཏང་གིས་རང་བཙན་རང་བདག་གིས་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པ་འགོ་བརྩམས་པ་དང་། ཉེན་ཁ་ཆེ་ཤོས་ཀྱི་སྐབས་སུ་ཏང་དང་། དམར་དམག །ཀྲུང་གོའི་གསར་བརྗེ་བཅས་བསྐྱབས་པ་རེད། ཡིན་ནའང་། ཙུན་དབྱིའི་གྲོས་ཚོགས་འཚོགས་རྗེས། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཡོང་བ་དང་། རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་ད་དུང་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་བྱུང་བ་རེད། རྒྱང་སྐྱོད་ཀྱི་ལམ་བར་དུ་ང་ཚོའི་ཏང་ལ་མཐུན་སྒྲིལ་ཧ་ཅང་མཁོ་བའི་སྐབས་སུ། ཀྲང་གོ་ཐའོ་ཡིས་དམག་དཔུང་ལ་བརྟེན་ནས་རང་ཆེ་རང་མཐོ་བྱས་ཤིང་ཟུར་དུ་ཀྲུང་དབྱང་བཙུགས་ཏེ། མངོན་སུམ་འཛེམ་མེད་ཀྱིས་ཏང་དང་དམར་དམག་ཁ་བྲལ་གཏོང་བའི་ལམ་དུ་བསྐྱོད་པ་རེད། ལྗར་འགོག་དམག་འཁྲུག་གི་དུས་འགོར། ཝང་མིང་གིས་ཏང་ནང་དུ་ཤོག་ཁག་བསྒྲིགས་པ་དང་རང་སྣང་གང་ཤར་གྱིས་ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་མ་ཉན་པས། ཏང་ཡོངས་ལ་ཡང་བསྐྱར་ལྡོག་ཕྱོགས་ནས་སློབ་གསོ་བཏང་བ་རེད། ཡན་ཨན་གྱི་དུས་སྐབས་སུ་ཏང་ནང་དུ་གནས་པའི་བསམ་བློའི་ཕྱོགས་འགལ་དང་ཕྱོགས་རིས་རིང་ལུགས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད། ང་ཚོའི་ཏང་གིས་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་གཞི་ཁྱོན་ཆེན་པོ་སྤེལ་བས་ཏང་ཡོངས་སྔར་བྱུང་མ་མྱོང་བའི་མཐུན་སྒྲིལ་དང་གཅིག་གྱུར་བྱུང་ནས་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཡོངས་བཅིངས་འགྲོལ་འཐོབ་པའི་ཆེད་དུ་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་ཧ་ཅང་བརྟན་པོ་བཏིང་བ་རེད།
“རྩ་བ་བཟུང་ན་ཆ་ལག་ངང་གིས་ཟིན་”[7]ཞེས་པ་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་ཚང་དུ་བཏང་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་སྲ་བརྟན་དུ་བཏང་ཡོད། དེ་དང་དུས་མཚུངས་སུ་ང་ཚོས་མཐོང་དགོས་པ་ནི། ད་ལྟ་ད་དུང་ཏང་ཡོན་དང་ལས་བྱེད་པ་ཁག་ཅིག་གི་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་མེད་པ་དང་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་མེད་པ། ཆབ་སྲིད་ཀྱི་ཐོག་ནས་གནད་དོན་ལ་ལྟ་ཞིབ་དང་ཐག་གཅོད་བྱེད་མཁས་པོ་མེད་ལ། “རྒྱལ་ཁབ་ཀྱི་དོན་ཆེན་”ལ་སེམས་འཁུར་མི་བྱེད་པ། ཆབ་སྲིད་ཀྱི་བླང་བྱ་དང་ཆབ་སྲིད་ཀྱི་སྒྲིག་ལམ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ལ་དང་དོད་མི་བྱེད་པ། གནད་དོན་སྣ་ཚོགས་ཀྱི་ཆབ་སྲིད་ཀྱི་གནོད་འཚེའི་རང་བཞིན་ལ་དོ་སྣང་མི་བྱེད་པ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱེད་ཕྱོགས་ཆེན་པོ་ལག་བསྟར་དོན་འཁྱོལ་བྱེད་པར་མཐོང་ཆེན་མི་བྱེད་པ། ཆབ་སྲིད་ལ་དང་དོད་བྱ་རྒྱུ་དེ་ཕྱིའི་བླང་བྱ་ནས་ནང་གི་རང་འགུལ་དུ་ད་དུང་བསྒྱུར་ཐུབ་མེད་པ་བཅས་རེད། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱ་རྒྱུ་དེ་ཁ་བཤད་ཙམ་གྱིས་མི་ཆོག་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོན་དགོས། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ལས་དྲང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་ལ་མིག་ལྟོས་བྱེད་པ་དང་། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་ལེན་བསྟར་ནུས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་དུ་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། ཏང་ཡོངས་གོང་འོག་རྡོག་རྩ་གཅིག་སྒྲིལ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། སྟོབས་ཤུགས་ཕྱོགས་གཅིག་ཏུ་བཀོལ་བ་བཅས་བྱེད་དགོས།
མཆན་འགྲེལ།
[1] 《བརྡ་ཐོ་》ནི་འདིར་《ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ་》ཞེས་པར་གོ་དགོས།
[2] ཏེང་ཞའོ་ཕིན་གྱི་《བསྒྱུར་བཅོས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་398པ།)ཞེས་པར་གསལ།
[3] 《མེང་ཙི་•ཀུང་སུན་ཁྲོའུ་ཡི་སྟོད་ཆ་》ཞེས་པར་གསལ།
[4] ཅིན་རྒྱལ་རབས་ཀྱི་ཡོན་ཧའོ་ཝུན་གྱི་《ལེན་ཧྥིན་དུ་ལི་རུས་ཅན་ལ་བསྩལ་བའི་སྙན་ངག་》ཅེས་པར་གསལ།
[5] མའོ་ཙེ་ཏུང་གི་《ཆི་ལུའི་•མི་དམངས་བཅིངས་འགྲོལ་དམག་གིས་ནན་ཅིན་བླངས་པ་》(《མའོ་ཀྲུའུ་ཞིའི་སྙན་ཚིག》 མི་རིགས་དཔེ་སྐྲུན་ཁང་གི་1968ལོའི་བོད་ཡིག་པར་གཞི། ཤོག་ངོས་50པ།)ཞེས་པར་གསལ།
[6] པོད་འདིའི་《ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་》ཅེས་པའི་མཆན་3པར་གསལ།
[7] 《དེབ་ཐེར་ལུའི་ཧྲི་ཁྲུན་ཆིའུ་•དམངས་སྐྱོང་》ཞེས་པར་གསལ།
༄༅། །ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་ཐུབ་དགོས།
(2021ལོའི་ཟླ་3ཚེས་22ཉིན་ནས་ཟླ་7ཚེས་23ཉིན་བར།)
གཅིག །
ཧྥུ་ཅན་ནི་གསར་བརྗེའི་གནས་རྙིང་ཁུལ་ཡིན་ཞིང་། ཏང་གི་ལོ་རྒྱུས་ཐོག་གི་དོན་ཆེན་མང་བ་དང་། གསར་བརྗེའི་ཐོན་ཁུངས་མང་བ། གསར་བརྗེའི་སྔོན་བྱོན་པ་མང་བ་བཅས་ཡོད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བར་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ལས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་བྱེད་དགོས། གནས་ལུགས་གསལ་རྟོགས་ནི་དད་སེམས་འཕེལ་བ་དང་། སྤྱོད་བཟང་གོང་བཀུར། ལག་ལེན་ནན་བསྟར་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་། དཀའ་ཚེགས་ཆེ་བའི་ལོ་རྒྱུས། ལོ་རྒྱུས་ཀྱི་ཉམས་མྱོང་། སྲོལ་རྒྱུན་བཟང་པོ་བཅས་ཀྱི་ནང་ནས་ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་པ་སོགས་ཀྱི་གནས་ལུགས་ཤེས་རྟོགས་གཏིང་ཟབ་བྱས་ནས་དེའི་ནང་གི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་གསལ་པོར་ཤེས་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་ལ་གོ་བ་ཟབ་མོ་ལེན་དགོས་པ་དང་། ཏང་གི་འགོ་ཁྲིད་ལ་ཡིད་ཆེས་བརྟན་པོ་བྱེད་དགོས། མར་ཁེ་སིའི་རིང་ལུགས་དང་དེ་ཀྲུང་གོ་ཅན་དུ་འགྱུར་བའི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་ལག་བསྟར་དོན་འཁྱོལ་བྱེད་པའི་བློ་རྩ་བརྟན་པའི་རང་བཞིན་ཆེ་རུ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་ཡང་དག་པའི་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡང་དག་པ་ཉག་གཅིག་པུ་འདིར་སྐྱོད་དགོས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་སྲ་བརྟན་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ་དང་། རུལ་སུངས་བྱེད་མི་འདོད་པའི་ཕྱོགས་བསྡུས་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
(2021ལོའི་ཟླ་3ཚེས་22ཉིན་ནས་ཚེས་25ཉིན་བར་ཧྥུ་ཅན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་གནད་བསྡུས་ཡིན།)
གཉིས།
ཀོང་ཞི་རུ་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ནང་དུ་གསར་བརྗེའི་ཐོན་ཁུངས་འདི་དག་བེད་སྤྱོད་ཡག་པོ་བྱས་ཏེ། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བར་བྱེད་དགོས། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བར་བྱེད་པ་ཞེས་པ་ནི་དད་མོས་དང་། དད་སེམས། ཡིད་ཆེས་གསུམ་ཆེ་རུ་སྐྱེད་རྒྱུ་དེ་ཡིན་ལ། དེ་ནི་ང་ཚོས་སྟོབས་ལྡན་གྱི་དགྲ་བོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། དཀའ་ངལ་ཐམས་ཅད་ཁྱད་དུ་བསད་པ། རྒྱལ་ཁ་ཐམས་ཅད་ལོན་པ་བཅས་ཀྱི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། མར་ཁེ་སིའི་རིང་ལུགས་དང་། གུང་ཁྲན་རིང་ལུགས་ལ་དད་པ་སྐྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏང་གི་ལོ་བརྒྱའི་འབད་འཐབ་ནང་གི་དད་མོས་ཀྱི་སྟོབས་ཤུགས་མྱོང་ཚོར་བྱེད་དུ་འཇུག་པ་དང་། ཐོག་མཐའ་བར་གསུམ་དུ་ཞུམ་མེད་སྙིང་སྟོབས་མཐའ་འཁྱོངས་བྱེད་པ། དཀའ་ངལ་ཆེན་པོ་དང་འགྲན་སློང་དྲག་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལོ་རྒྱུས་འཕེལ་རྒྱས་ཀྱི་ལྡོག་མེད་འབྲས་བུ་ཡིན་པ་དང་། ཀྲུང་གོ་འཕེལ་རྒྱས་གཏོང་བར་ངེས་པར་བརྒྱུད་དགོས་པའི་འགྲོ་ལམ་ཞིག་ཡིན་ལ། ལག་ལེན་གྱིས་ཞིབ་བཤེར་བྱས་པའི་ཚན་རིག་དང་མཐུན་པའི་བདེན་དོན་ཞིག་ཡིན་པ་བཅས་ལ་ངོས་འཛིན་ཟབ་མོ་བྱས་ནས་ཐོག་མཐའ་བར་གསུམ་དུ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོ་ཡོང་བར་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་། རྣམ་པར་རྒྱལ་ངེས་པའི་བློ་གདེང་ཆེར་བསྐྱེད་ཀྱི་སྒོ་ནས་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་པ་དང་། ང་ཚོ་མི་རབས་འདིའི་ཡིན་ལ་དུས་རབས་གསར་པར་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་བྱས་རྗེས་འབད་པས་སྐྲུན་དགོས། དད་མོས་དང་། དད་སེམས། ཡིད་ཆེས་བཅས་ནི་རུལ་འགོག་སྨན་རྫས་ཡག་ཤོས་དེ་རེད། ཐོག་མཐའ་བར་གསུམ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་རྒྱུ་ཡག་པོར་བཟུང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བར་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་སྔར་བས་མང་བ་དང་བཅོས་སྐྱོང་གི་ཕན་འབྲས་སྔར་བས་ཆེ་བ་ཡོད་པར་བྱེད་དགོས།
(2021ལོའི་ཟླ་4ཚེས་25ཉིན་ནས་ཚེས་27ཉིན་བར་ཀོང་ཞི་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་གནད་བསྡུས་ཡིན།)
གསུམ།
ང་ཚོའི་ཏང་གིས་ལོ་བརྒྱའི་འབད་འཐབ་ལས་རང་ཆོས་གསལ་བའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པ་ཞིག་གསོ་སྐྱོང་བྱས་ནས་གྲུབ་ཡོད་ལ། ཏང་གི་འགྱུར་མེད་དད་སེམས་དང་རྩ་བའི་དམིགས་ཡུལ། སྤྱོད་ཚུལ་བཟང་པོ་བཅས་གཅིག་སྡུད་སྒོས་མཚོན་ཡོད། དེ་ནི་ང་ཚོར་འབད་བརྩོན་ལྷོད་མེད་བྱེད་པར་སྐུལ་མ་གཏོང་བའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ནང་དུ་ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བྱེད་པ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། བླ་ན་མེད་པའི་ཀུན་སྤྱོད་དང་གཤིས་རྒྱུད་གསོ་སྐྱོང་ལ་ཁྲིད་སྟོན་བྱེད་པ་དེ་ཡིན། གཅིག་ནས་ཏང་ལ་བློ་དཀར་བའི་ཀུན་སྤྱོད་གོང་དུ་བཀུར་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ནམ་ཡིན་ཡང་ཏང་ལ་ཞུགས་སྐབས་བཞག་པའི་ཏང་ལ་བློ་དཀར་བ་དང་དུས་ནམ་ཡང་ཏང་ལ་རྒྱབ་གཏོད་མི་བྱེད་པའི་དམ་བཅའ་བརྗེད་མི་རུང་ལ། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བ་དང་ཏང་གི་བྱ་གཞག་ལ་བློ་དཀར་བ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲང་བ་དང་ཤི་ཡང་འགྱོད་པ་མེད་པ་བྱེད་དགོས། གཉིས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཀུན་སྤྱོད་གོང་དུ་བཀུར་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་དགོས་ལ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་དང་མཉམ་ཤི་མཉམ་གསོན་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ཧུར་ཐག་འབད་ཐག་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་ཆེས་རྩ་བར་གྱུར་པའི་ལས་འགན་བྱེད་དགོས། གསུམ་ནས་རང་གཅུན་ནན་པོ་བྱེད་པའི་ཀུན་སྤྱོད་གོང་དུ་བཀུར་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་ཞིབ་ཆར་གཟབ་ནན་བྱས་ནས་མི་སྐྱོན་མེད་ལྷད་མེད་ཅིག་བྱེད་པ་དང་། བྱ་བ་གཙང་མ་གཙང་རྐྱང་ཞིག་སྒྲུབ་པའི་ཐོག་ནས་མཆོག་ཏུ་གྱུར་པའི་མི་ཞིག་དང་རྣམ་པར་དག་པའི་མི་ཞིག་དང་། ཀུན་སྤྱོད་ལྡན་པའི་མི་ཞིག །དགའ་ཕྱོགས་ངན་པ་དང་བྲལ་བའི་མི་ཞིག །མི་དམངས་ལ་ཕན་པའི་མི་ཞིག་བཅས་བྱེད་པར་འབད་བརྩོན་བྱེད་དགོས།
(2021ལོའི་ཟླ་6ཚེས་7ཉིན་ནས་ཚེས་9ཉིན་བར་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་གནད་བསྡུས་ཡིན།)
བཞི།
ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་པོ་ཞིག་བསྟར་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་དམིགས་ཡུལ་ཡིན་པས། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་དགོས། ཏང་གཤིས་ཞུན་བརྡར་ཐད་དུ་ལག་ལེན་ནན་བསྟར་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་ལ་བརྟེན་ནས་ཏང་གཤིས་བློ་སྦྱོང་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་འཆང་བ། ཐོག་མཐའ་བར་གསུམ་དུ་ཏང་གཤིས་ཀྱི་རྩ་དོན་ལ་བརྟེན་ནས་བློ་སྦྱོང་རང་གཅུན་བྱེད་པ། འགྱུར་མེད་ཀྱི་ཏང་གཤིས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མང་ཚོགས་ལ་ཁྲིད་སྟོན་ཏན་ཏིག་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐད་དུ་ལག་ལེན་ནན་བསྟར་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་དབུས་སུ་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བའི་མི། སྣེ་ཁྲིད་པ་ཡག་པོ་བྱེད་པ། མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་བློ་བརྩེ་ནུས་གསུམ་སྤྱད་ནས་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ནན་བསྟར་བྱས་ནས་ཏང་ཡོན་དང་ལས་བྱེད་པ་ཚོར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་བདེན་གཉེར་དངོས་སྒྲུབ་དང་ཁུར་ལེན་ལས་བརྩོན་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་སྒོས་སེལ་བ། འཕེལ་རྒྱས་ཀྱི་བཟང་ཆ་རྒྱས་སྐྲུན་བཅས་བྱས་ཏེ་ཧུར་བརྩོན་གྱིས་ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས།
(2021ལོའི་ཟླ་7ཚེས་21ཉིན་ནས་ཚེས་23ཉིན་བར་བོད་ལྗོངས་སུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ཀྱི་གནད་བསྡུས་ཡིན།)
ཆེན་པོའི་དོན་འགྲུབ་ཅིང་ལྗིད་པོའི་འགན་ལྕོགས་པའི་ཀ་གདུང་ལྟ་བུའི་ཤེས་ལྡན་པ་ཆགས་པར་ཧུར་ཐག་བྱེད་དགོས།
༄༅། །ཆེན་པོའི་དོན་འགྲུབ་ཅིང་ལྗིད་པོའི་འགན་
ལྕོགས་པའི་ཀ་གདུང་ལྟ་བུའི་ཤེས་ལྡན་པ་
ཆགས་པར་ཧུར་ཐག་བྱེད་དགོས།
(2021ལོའི་ཟླ་9ཚེས་1ཉིན།)
ད་ལོ་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཚིགས་ཡིན་ཞིང་། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བཞིན་ཡོད། ལྷན་རྒྱས་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ནས་ཅུང་ཟད་བརྒྱུད་རིམ་ལྡན་པའི་ཏང་གཤིས་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་སྦྱོང་བརྡར་དང་ལེན་བྱ་རྒྱུར་དགོས་པ་ཆེན་པོ་ཡོད་པ་རེད། གཞོན་དར་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་ཐེངས་ལྟར་རེ་བཞིན་ང་ཡོང་དོན་ནི། གཙོ་བོ་ལྷན་རྒྱས་ལ་སེམས་གཏམ་བཤད་པ་དང་ཚང་མར་བླང་བྱ་འགའ་འདོན་འདོད་པ་དེ་ཡིན།
དང་པོ། དད་སེམས་བརྟན་དགོས་པ་དང་ཏང་ལ་བློ་དཀར་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ངས་ཏང་ཡོན་ལས་བྱེད་པར་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་དགོས་ཞེས་ནན་བཤད་ཡང་ཡང་བྱས་པ་ཡིན། ངས་གནད་དོན་འདི་ནན་བཤད་ཡང་ཡང་བྱེད་དོན་ནི། དུས་སྐབས་ཤིག་རིང་། ནོར་འཁྲུལ་གྱི་བསམ་བློ་དང་མགོ་རྨོངས་པའི་འདུ་ཤེས་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཏང་ཡོན་ལས་བྱེད་པ་མང་པོ་ཞིག་གིས་ཁེ་ཕན་ཁོ་ནར་དང་དོད་བྱེད་པ་ལས་ཕུགས་བསམ་ལ་དང་དོད་མི་བྱེད་པ་དང་། སྒེར་འདོད་ཁོ་ནར་དང་དོད་བྱེད་པ་ལས་དད་མོས་ལ་དང་དོད་མི་བྱེད་པར་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་དབྱུགས་བཞག་པའི་རྐྱེན་གྱིས་ཡིན།
ཀྲུང་གོའི་གུང་ཁྲན་ཏང་ནི་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་བཅངས་ཡོད་པའི་ཏང་ཞིག་ཡིན། ཕུགས་བསམ་དང་དད་སེམས་ཞེས་པ་ནི་མར་ཁེ་སིའི་རིང་ལུགས་ཀྱི་དད་མོས་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་ཡིན། ཕུགས་བསམ་དད་སེམས་ཞེས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་རྟེན་གཞི་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞིའང་ཡིན། ངས་རྟག་ཏུ་ང་ཚོའི་ཏང་གི་ཕུགས་བསམ་དང་དད་སེམས་ཐད་དུ་རབ་བེ་རིབ་བེ་དང་ཁ་ནེ་ཁུན་ནེ་བྱེད་མི་ཉན་པར་དར་ཆ་གསལ་སྟོན་དང་བདེན་ཡོད་ཞུམ་མེད་ཀྱིས་བཤད་དགོས་ཞེས་ནན་བཤད་བྱས་པ་ཡིན། གུང་ཁྲན་ཏང་གིས་ནམ་ཞིག་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་དབྱུགས་ཚེ། སྲིད་ཏང་གཞན་དག་དང་ངོ་བོའི་ཐོག་ཁྱད་པར་ཅི་ཡང་མེད་པར་གྱུར་པ་ཡིན་ལ། བསམ་པའི་སྒུལ་ཤུགས་དང་བསམ་པའི་འབྲེལ་ཐག་ཤོར་ངེས་ཡིན་པ་དང་། ཁྭ་ཏའི་ཁྱུ་ཚོགས་ལྟར་མཇུག་མཐར་ཕམ་ཉེས་འབྱུང་རྒྱུ་ལས་མེད་ངེས་རེད། དེར་བརྟེན། ངས་ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་“ཀལ་”ཡིན་པས། གུང་ཁྲན་ཏང་མིར་གལ་ཏེ་ཕུགས་བསམ་དང་དད་སེམས་མེད་ན། བསམ་པའི་ཐོག་“ཀལ་མི་འདང་”བ་དང་། “རུས་སྙིའི་ནད་”བྱུང་ནས་ཆབ་སྲིད་ཐད་ངོ་བོ་འགྱུར་བ་དང་། དཔལ་འབྱོར་ཐད་འདོད་རྔམ་ཆེ་བར་འགྱུར་བ། ཀུན་སྤྱོད་ཐད་ངན་རུལ་དུ་འགྱུར་བ། འཚོ་བའི་ཐད་རུལ་སུངས་སུ་འགྱུར་བ་བཅས་ཏན་ཏན་ཡོང་གི་རེད་ཅེས་ནན་བཤད་ཡང་ཡང་བྱས་པ་ཡིན།
ཏང་ཡོན་ལས་བྱེད་པར་མཚོན་ན། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པ་ཡིན་ནམ། ཡང་ན་སེམས་ལ་ཁེ་འདོད་གྲགས་འདོད་ཀྱིས་ཁེངས་ཡོད་པ་གང་ཡིན་དེས་མི་ཞིག་གི་བསམ་བློའི་གོ་འཕང་དང་བྱ་བའི་སྤྱོད་ལམ་གང་ཡོང་ཐག་གཅོད་ཀྱི་ཡོད། ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ན་ད་གཟོད་ཉམས་སད་སྣ་ཚོགས་ཐེག་ཐུབ་པ་དང་། བརྟན་པོར་སྐྱོད་ཐུབ་ལ་ལམ་མཐའ་འཁྱོལ་ཐུབ་པ་རེད། ཕུགས་བསམ་དང་དད་སེམས་མེད་པའམ་ཡང་ན་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ཚེ། དཀའ་སྡུག་དང་བར་ཆད་འཁུར་དུ་མི་བཟོད་པ་དང་། འགག་རྩའི་དུས་སུ་སྒེར་སེམས་སྣ་ཚོགས་སྐྱེས་ཡོང་ཞིང་། ཐ་ན་དམག་མ་བརྒྱབ་གོང་ལ་བྲོས་བྱོལ་ཡང་བྱེད་སྲིད་པ་རེད། མངོན་སུམ་འཚོ་བའི་ནང་དུ། ཏང་ཡོན་དང་ལས་བྱེད་པ་ལ་ལ་སེམས་པ་སྟོང་ལུས་དང་། བློ་སྟོབས་ཉམས་པ། འདོད་ཡོན་གྱི་བྲན་དུ་གྱུར་པ། རྒྱུ་ནོར་མཆོག་ཏུ་འཛིན་པ། ཁེ་གྲགས་མཆོག་ཏུ་འཛིན་པ། སྐྱིད་འདོད་མཆོག་ཏུ་འཛིན་པ་བཅས་ཀྱི་གནས་སུ་གྱར་བ་དང་། ཉུང་ཤས་ཤིག་གིས་དེ་བས་ཀྱང་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་སྒེར་དོན་གཉེར་ཐབས་སུ་སྤྱོད་པ་དང་། རུལ་སུངས་ཀྱི་གཡང་དུ་ལྷུང་བ་ནི། མཐར་གཏུགས་ནས་བཤད་ན་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པའི་རྐྱེན་གྱིས་བཟོས་པ་རེད།
ངས་རྟག་པར་གུང་ཁྲན་ཏང་མིའི་“སེམས་ཁམས་རིག་པ་”སྦྱོང་བརྡར་བྱས་ཏེ། སྦྱོང་བསམ་བཀོལ་གསུམ་སྦྲེལ་མཐུད་དང་ཤེས་རྟོན་སྤྱོད་གསུམ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ཤོད་ཀྱི་ཡོད། དེའི་རྒྱུ་མཚན་གལ་ཆེན་ཞིག་ནི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པ་དང་ཏང་གཤིས་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་འདོན་ཕྱིར་ཡིན། ཕུགས་བསམ་དང་དད་སེམས་བརྟན་པོ་ཆགས་རྒྱུ་དེ་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་དང་། དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་མིན་ལ། རང་ཉིད་ཀྱིས་བརྟན་པོ་བྱུང་ཡོད་འདོད་པ་ཙམ་གྱིས་བརྟན་པོ་བྱུང་བ་ཡང་མིན་པར་འཐབ་རྩོད་ཀྱི་ལག་ལེན་ནང་དུ་རྒྱུན་ཆད་མེད་པར་ཞུན་བརྡར་བྱེད་པ་དང་ཉམས་སད་ཐེག་དགོས། དེར་མ་ཟད་ཉམས་སད་དེ་རིགས་གནས་ཡུན་རིང་ཞིང་དུས་སྐབས་མང་པོ་ཞིག་ལ་ད་དུང་ཡ་ང་བ་ཞིག་ཡིན་པ་དང་། མི་ཚེ་གང་པོར་ཐེག་ཐུབ་དགོས་པ་ཞིག་ཡིན། གསར་བརྗེའི་སྔོན་གཤེགས་དཔའ་བོ་གྲངས་མེད་གསར་བརྗེའི་འགྲོ་ལམ་དུ་བསྐྱོད་པར། དང་ཐོག་ཁོང་ཚོས་རྒྱལ་ཁབ་དང་མི་དམངས་སྐྱོབ་པའི་ཆེད་དུ་རྒྱུན་ཆད་མེད་པར་བདེན་དོན་འཚོལ་ཞིབ་བྱས་པ་དང་། མཇུག་མཐར་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་བདམས་པ་རེད། ཉེ་ཆར་བསྟན་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་《གོ་རྟོགས་སད་པའི་ལོ་རབས་》ཞེས་པ་ལས། ང་ཚོའི་ཏང་གི་སྔ་དུས་ཀྱི་འགོ་ཁྲིད་པ་རྣམ་པས་འཐབ་རྩོད་ཀྱི་ཆར་རླུང་དྲག་པོ་དང་། རིང་ལུགས་འདྲ་མིན་སྣ་ཚོགས་ལ་གདོང་གཏད་དེ། མཇུག་མཐར་བློ་བརྟན་འགྱུར་མེད་ཀྱིས་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་བདམས་པའི་བྱུང་རབས་གསོན་ཉམས་ལྡན་པའི་ངང་བསྟན་ཡོད་པ་ཚང་མས་ཀྱང་བལྟས་ཡོད་ཤས་ཆེ། ལི་ཏ་ཀྲའོ་ཡིས་“མི་ཚེའི་དམིགས་ཡུལ་ནི་རང་ཉིད་ཀྱི་ཚེ་སྲོག་གྱ་ནོམ་པ་ཞིག་ཡོང་ཆེད་ཡིན་མོད། ཡིན་ཡང་ཚེ་སྲོག་གྱ་ནོམ་པ་བཟོ་བའི་ཆེད་དུ་རང་སྲོག་བློས་གཏོང་དགོས་པའི་དུས་ཀྱང་ཡོད་སྲིད།……བླ་ན་མེད་པའི་འཚོ་བ་ནི་གཟི་རྔམ་ཆེན་པོས་རང་སྲོག་བློས་གཏོང་བའི་ནང་དུ་ཡོད་”[1]ཅེས་གསུངས་པ་རེད། ལི་ཏ་ཀྲའོ་ཡིས་ལག་དམར་གྱི་བཤན་གྲི་ལ་གདོང་གཏོད་དུས་ཀྱང་བདེན་དོན་གྱི་ཆེད་དུ་དཔའ་ངར་ཆེར་བསྐྱེད་དང་འཇིགས་པ་མེད་པར་རང་སྲོག་བློས་བཏང་ཞིང་། རང་གི་ཕུགས་བསམ་དང་དད་སེམས་ཧ་ཅང་བརྟན་པོ་ཡོད་པ་བྱ་སྤྱོད་ཀྱི་ཐོག་ནས་བདེན་དཔང་མཛད་ཡོད། ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ལྟ་དུས། ཏང་ཡོན་ཁྲི་སྟོང་མང་པོས་ཟུག་རྔུ་དང་འཆི་གསོན་གྱི་ཉམས་སད་བརྒྱུད་དེ་ལས་མཐའ་མ་འཁྱོལ་བར་དུ་བསྐྱོད་པ་དང་། ཏང་ཡོན་གྲངས་ལས་འདས་པས་ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཕུལ་བ་རེད། མི་མང་པོ་ཞིག་གིས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་དང་གདུག་རྩུབ་ཆེ་བའི་འཐབ་རྩོད་ནང་དུ་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་དང་ཐ་ན་རྒྱབ་གཏོད་ཀྱང་བྱས་པ་རེད། ཏང་གི་ཚོགས་ཆེན་དང་པོར་ཞུགས་པའི་མི་13གྱི་ནང་ནས་ཝང་ཅིན་མེ་དང་། ལི་ཧན་ཅུན། ཏེང་ཨེན་མིང་། ཧོ་ཧྲུའུ་ཧེང་། ཁྲེན་ཐན་ཆིའུ་བཅས་མི་5ཡིས་རང་སྲོག་བློས་བཏང་བ་དང་། ལ་ལ་ཞིག་ཏང་གི་སྐྱིད་སྡུག་ལས་ཐོན་པ་རེད། ད་དུང་ཁྲེན་ཀུང་པོ་དང་། ཀྲོའུ་ཧྥོ་ཧའེ། ཀྲང་གོ་ཐའོ་བཅས་མི་3གྱིས་ལ་རྒྱ་ཤོར་ནས་ཏང་ལ་ངོ་ལོག་བྱས་ཡོད། རླབས་ལངས་བྱེ་འཚག་བྱེད་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན། ལུའུ་ཞུན་[2]གྱིས་“མཐར་ཐུག་གི་དམིགས་ཡུལ་མི་འདྲ་བའི་རྐྱེན་གྱིས། མདུན་སྐྱོད་ཀྱི་བརྒྱུད་རིམ་ལས་དུས་དང་རྣམ་པ་ཀུན་ཏུ་ལ་ལ་གྲལ་ནས་ཐོན་པ་དང་། ལ་ལ་བྲོས་བྱོལ་དུ་འགྲོ་ལ། ལ་ལའི་བློ་སྟོབས་ཉམས་པ་དང་། ལ་ལ་ངོ་ལོག་མོད། འོན་ཀྱང་གལ་སྲིད་མདུན་སྐྱོད་ཀྱི་གོམ་སྟབས་ལ་བཀག་འགོག་མ་ཐེབས་པ་ཡིན་ཕྱིན། ཇི་ཙམ་གྱིས་མཇུག་མཐར་སླེབས་ན་དཔུང་སྡེ་དེའང་དེ་ཙམ་གྱིས་རྣལ་མ་ཞིག་དང་གོ་ཧྲག་ཅིག་ཏུ་འགྱུར་གྱི་ཡོད་”[3]ཅེས་གསུངས་པ་ནང་བཞིན་རེད། ན་གཞོན་ལས་བྱེད་པའི་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ནི། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་ནི་ཚེ་གང་གི་དོན་དག་ཅིག་ཡིན་པས། རྒྱུན་དུ་སྦྱོང་བརྡར་བྱེད་དགོས་པ་དང་། ཚེ་གང་པོར་ཡིད་ཆེས་བྱེད་པ་དང་ཚེ་གང་པོར་བསྲུང་དགོས་པ་ལས། བློ་སྣ་མང་པོ་དང་། ལས་མཐའ་མ་འཁྱོལ་བ་དང་ཐ་ན་ཐོག་མའི་བསམ་འདུན་ལ་རྒྱབ་གཏོད་བྱས་ན་གནད་དོན་ཆེན་པོ་ཐོན་ངེས་རེད།
ཕུགས་བསམ་དང་དད་སེམས་བརྟན་པ་དང་ཏང་ལ་བློ་དཀར་བ་ནི་འབྲེལ་བ་དམ་ཟབ་ཅན་ཡིན། ཕུགས་བསམ་དང་དད་སེམས་བརྟན་ན་གཞི་ནས་ཏང་ལ་བློ་དཀར་ཐུབ་པ་དང་། ཏང་ལ་བློ་དཀར་བ་ནི་ཕུགས་བསམ་དང་དད་སེམས་བརྟན་པའི་སྒྲུབ་བྱེད་ཡག་ཤོས་རེད། 《བྲག་དམར་》ཞེས་པའི་བརྩམས་སྒྲུང་ནང་གི་ལིའུ་སི་དབྱང་གི་དཔེ་གཞི་ལིའུ་གོ་ཀྲི་ནི་སི་ཁྲོན་གྱི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐྱེས་པ་དང་། ངོ་ལོག་པས་གཡོ་འཚོང་བྱས་པས་བཙོན་དུ་ཚུད་པ་རེད། གསང་མྱུལ་པས་ཁོང་ལ་རྩ་འཛུགས་ངོས་ལེན་དང་། ཏང་གི་སྐྱིད་སྡུག་ནས་ཐོན་པ་ཚགས་པར་ཐོག་བཀོད་ཚེ་ལམ་སང་གློད་གྲོལ་གཏོང་གི་ཡིན་ཞེས་བཤོལ་བ་བཏབ་པར། ཁོང་གིས་ཚིག་ཐག་ཆོད་པོའི་ངང་ང་ཤི་ཡང་ཏང་ཡོད་པས། ང་མ་ཤི་བ་དང་གཅིག་པ་རེད། ངས་རྩ་འཛུགས་གཡོ་འཚོང་བྱས་ན་གསོན་པོར་བསྡད་ཀྱང་སྙིང་པོ་ཅི་ཞིག་ཡོད་ཅེས་ལན་བཏབ་པ་རེད། བློ་མཐུན་ཁྲེན་དབྱི་ཡིས་“གསར་བརྗེ་བྱེད་པར་གཙོ་བོ་བློ་རྩ་བརྟན་དགོས་”ཞེས་པ་ཚེ་གང་གི་བསྲུང་བྱའི་གདམས་ངག་ཏུ་བཟུང་ཡོད། ཁོང་ནན་ཁྲང་འོས་ལངས་ཀྱི་རྗེས་མ་ཆོད་ནའང་། དུས་ཕྱིས་དཀའ་ངལ་མང་པོ་སེལ་མཐར་འོས་ལངས་དམག་དཔུང་གི་རྗེས་ཆོད་ཅིང་། ཐེན་ཞིན་ཞུས་གྲོང་དུ་སླེབས་དུས་དམག་མི་800མ་གཏོགས་ལྷག་མེད། ཁོང་གིས་བློ་མཐུན་ཀྲུའུ་ཏེར་རོགས་རམ་བྱས་ནས་དམག་དཔུང་བསྡུས་པ་མ་ཟད་ཚང་མར་“རྒྱལ་ཁ་ཐོབ་ནས་འཕེལ་རྒྱས་འགྲོ་དུས་དཔའ་བོ་བྱེད་སླ་བ་དང་། ཕམ་ཉེས་བྱུང་ནས་ཕྱིར་འཐེན་བྱེད་པའི་གནས་ཚུལ་འོག་དཔའ་བོ་བྱེད་ཧ་ཅང་དཀའ་བ་རེད། ཕམ་ཁ་བརྒྱུད་མྱོང་བའི་དཔའ་བོ་ནི་དཔའ་བོ་ངོ་མ་རེད། ང་ཚོ་ཕམ་ཁའི་དུས་ཀྱི་དཔའ་བོ་བྱེད་དགོས།” ཞེས་གསུངས། ཏང་ལ་བློ་དཀར་ན་དེ་འདྲ་བྱེད་དགོས་པ་རེད། དུས་བབ་བཟང་ངན་གང་ཡིན་རུང་འགྱོད་པ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་རྗེས་སུ་འབྲང་དགོས་པ་རེད།
ཏང་ཡོན་ལས་བྱེད་པ་ཏང་ལ་བློ་དཀར་མིན་ཞིབ་དཔྱད་བྱེད་པར། གསར་བརྗེའི་ལོ་རབས་སུ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་གདོང་མཆོང་བྱེད་ཐུབ་མིན་དང་ཤི་གསོན་རྒྱབ་ཏུ་སྐྱུར་ཐུབ་མིན་ལ་བལྟ་དགོས། ཞི་བདེའི་དུས་སྐབས་སུའང་ཞིབ་དཔྱད་ཀྱི་ཚད་གཞི་གསལ་པོ་ཡོད་དེ། དཔེར་ན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་དུ་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱེད་ཐུབ་མིན་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་སེམས་ཐག་གཙང་བཅད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བྱེད་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱས་ཏེ། ཆབ་སྲིད་ཐོག་གི་མི་གོ་ཤེས་ཅན་དང་མི་དྲང་གཞག་ཅིག་བྱེད་ཐུབ་མིན། ཏང་དང་མི་དམངས་ཀྱི་བྱ་གཞག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་རྩ་འཛུགས་ཀྱི་ཐག་གཅོད་ལག་བསྟར་དང་། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་བརྩི་འཇོག་བྱེད་ཐུབ་མིན་ལ་སོགས་ཚང་མ་ཏང་ལ་བློ་དཀར་མིན་གྱི་ཐད་ཀའི་ཞིབ་དཔྱད་ཡིན། དུས་ཡུན་རིང་པོའི་ནང་དུ་ང་ཚོའི་ཏང་ལ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཞིག་ཡོད་པ་ནི། ཏང་གིས་བྱ་བ་གང་ཞིག་སྒྲུབ་ཏུ་བཅུག་ན་དེ་སྒྲུབ་པ་དང་། ཏང་གིས་གང་དུ་མངགས་ན་དེར་འགྲོ་བ། བྱ་གཞག་གང་དུ་ཡོད་ན་དེ་ག་ཁྱིམ་གཞི་བྱེད་པ་བཅས་ལས་མི་འདོད་པའི་སྐད་ཆ་གཏན་ནས་མི་བཤད་པ་དང་འཁང་ར་གཏན་ནས་མི་བྱེད་པ་དེ་ཡིན། ད་ལྟ་ང་ཚོས་སྔར་བཞིན་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་འདི་དར་སྤེལ་ཤུགས་ཆེན་གཏོང་དགོས། ད་ལྟ་ལས་བྱེད་པ་ལ་ལ་ཞིག་“པེ་ཧྲང་ཀོང་གསུམ་”དུ་སྡོད་འདོད་ཡོད་པ་ལས་“ཞིན་བོད་ལན་གསུམ་”དུ་འགྲོ་འདོད་ཀྱི་མེད། འདོད་ཚུལ་དེ་རིགས་ཡོད་མཁན་ལ་ཕུགས་བསམ་དང་དད་སེམས་བརྟན་པ་དང་ཏང་ལ་བློ་དཀར་བ་རེད་ཅེས་བརྗོད་མི་རུང་། རྩ་འཛུགས་ཀྱིས་ན་གཞོན་ལས་བྱེད་པ་དཀའ་ཚེགས་ཆེ་བའི་བས་མཐའ་ས་ཁུལ་དུ་ལས་ཀ་བྱེད་པར་བཀོད་སྒྲིག་བྱེད་པ་ནི། ན་གཞོན་ལས་བྱེད་པར་ཡིད་ཆེས་བྱས་པ་ཡིན་ལ་དེ་བས་ཀྱང་གསོ་སྐྱོང་བྱེད་པ་ཡིན་པས། ན་གཞོན་ལས་བྱེད་པས་དེ་གཟི་བརྗིད་ཅིག་ཏུ་བརྩི་བ་དང་། ང་འགྲོ་ཁོ་འགྲོའི་རྩོད་རེས་བྱེད་དགོས་པ་ལས། ལས་ཀ་ཡང་བར་དགའ་ཞིང་ལྕི་བར་སྐྲག་པ་དང་། བཟང་འདེམས་ཞན་སྐྱུར། ཁེ་གྱོང་ཁོ་ནར་ལྟ་བ། འགྲོ་བར་ཆ་རྐྱེན་འདོན་པ་བཅས་བྱེད་མི་རུང་། ཏང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་ཀའི་མདུན་དུ་སོམ་ཉིར་ཚུད་པའམ་དྲན་རྒྱུ་བསམ་རྒྱུ་མང་བའི་ལས་བྱེད་པའི་རིགས་བཀོལ་སྤྱོད་ཆེན་པོ་བྱེད་མི་ཉན་ལ། བྱས་ན་འགག་རྩའི་དུས་སུ་གནད་དོན་འབྱུང་ངེས་རེད། དཀའ་སྡུག་ཉམས་སུ་མྱངས་པ་ན། །གྲུབ་འབྲས་ཁྱད་འཕགས་འཐོབ་ངེས་ཡིན། །གྲི་ཁ་རྡོ་ལ་བརྡར། །འཇོན་ཐང་ལས་ཐོག་སྦྱོང་། །དཀའ་བ་མ་སྤྱད་ཅིང་མཐོང་རྒྱ་མ་བསྐྱེད་པར་ཤེས་ལྡན་པ་ཆེན་པོ་ཆགས་དཀའ་བ་རེད།
གཉིས་པ། དོན་དངོས་ལ་མཐོང་ཆེན་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། བྱ་བ་གང་བྱེད་ཚང་མ་དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། བྱ་བ་སྒྲུབ་པ་བཅས་ཀྱི་འགོ་འཛུགས་ས་དང་མཇུག་སྒྲིལ་ས་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་སྔ་མོ་ནས་བསྟན་དོན། “གནས་ཚུལ་དངོས་དང་བསྟུན་ནས་ལས་ཀའི་བྱེད་ཕྱོགས་གཏན་འབེབས་བྱ་རྒྱུ་དེ་ནི་གུང་ཁྲན་ཏང་ཡོན་ཚང་མས་ངེས་པར་དུ་སེམས་ལ་བརྟན་པོར་འཇོག་དགོས་པའི་ལས་ཀའི་ཐབས་ཤེས་ཆེས་རྩ་བར་གྱུར་བ་ཞིག་ཡིན། ང་ཚོར་ནོར་འཁྲུལ་བྱུང་བ་མཐའ་དག་གི་འབྱུང་རྐྱེན་ལ་ཞིབ་འཇུག་བྱས་ན་དེ་དག་ཚང་མ་ང་ཚོས་ཡུལ་དེ་དང་དུས་དེའི་གནས་ཚུལ་དངོས་དང་ཁ་བྲལ་ནས་རང་སྣང་གང་ཤར་གྱིས་རང་གི་ལས་ཀའི་བྱེད་ཕྱོགས་གཏན་ལ་ཕབ་པའི་རྐྱེན་གྱིས་རེད།”[4] བློ་མཐུན་མའོ་ཙེ་ཏུང་གིས་གསུངས་པར་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ངས་“བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ་བཅས་བྱེད་དགོས་ལ། ལས་ཀ་དྲང་པོ་དང་། ལས་གཏོད་དྲང་པོ། མི་དྲང་པོ་བཅས་བྱེད་དགོས།” ཞེས་ཁ་གསལ་བཏོན་པར་མ་ཟད། ཏང་ཡོངས་སུ་ཆེད་དོན་སློབ་གསོ་སྤེལ་བ་ཡིན། དེའི་དམིགས་ཡུལ་ཡང་འདིར་ཐུག་ཡོད། ཏང་ཀྲུང་དབྱང་གིས་བླང་བྱ་མང་པོ་བཏོན་པ་ཚང་མ་རྒྱུན་འཁྱོངས་ལྷོད་མེད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས།
དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་དོན་དངོས་ལ་ཟབ་ཞུགས་དང་དོན་དངོས་ཤེས་རྟོགས་བྱ་རྒྱུ་དེ་ཡིན། དེ་ལྟར་བྱས་ན་ད་གཟོད་དངོས་ཐོག་བདེན་འཚོལ་བྱེད་ཐུབ། དེ་དང་འདྲ་བར་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་བཟུང་ན་ད་གཟོད་དོན་དངོས་ལ་ཟབ་ཞུགས་དང་དོན་དངོས་ཤེས་རྟོགས་བྱེད་པར་མཐོང་ཆེན་བྱེད་ཐུབ། དོན་དངོས་ཤེས་རྟོགས་བྱེད་དགོས་ན་བརྟག་དཔྱད་ཞིབ་འཇུག་བྱེད་པའི་གཞི་རྩའི་ནུས་རྩལ་འདི་ཤེས་དགོས། ད་ལྟ་ཕྱོགས་སོ་སོས་བརྟག་དཔྱད་ཞིབ་འཇུག་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། འོན་ཀྱང་ད་དུང་འབད་བརྩོན་སྔར་ལས་ཆེན་པོ་བྱེད་དགོས་ཏེ། གནད་འགག་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་ཅིག་བྱ་རྒྱུར་ཐུག་ཡོད། ཕྱི་ཚུལ་ཙམ་དང་རྣམ་པ་ཙམ་དུ་མི་འགྱུར་བར་བྱེད་དགོས། མིག་གིས་གཤམ་ལ་ལྟ་བ་དང་གོམ་པ་གཤམ་ལ་སྤོ་བ། རྒྱུན་དུ་མགོ་སྒུར་སྒུར་བྱས་ནས་འཐབ་ཕྱོགས་དང་པོར་སྐྱོད་པ་དང་། ཐག་ཉེ་རིང་ཚང་མར་འགྲོ་དགོས་ལ། བཟང་ངན་ཚང་མར་ལྟ་དགོས་ཤིང་། ལས་བྱེད་མང་ཚོགས་ཀྱི་བསྟོད་བསྔགས་དང་སྐྱོན་བརྗོད་ཚང་མར་ཉན་ནས་གནས་ཚུལ་ངོ་མ་ཤེས་རྟོགས་བྱེད་དགོས། ད་ལྟ་ཆ་འཕྲིན་དར་རྒྱས་ཆེ་བས། ཁ་པར་རེ་རྒྱག་པ་དང་། སྐད་འཕྲིན་རེ་གཏོང་བ། དཔྱད་གཞིའི་ཡིག་རིགས་འགའ་ཀློག་པ་བཅས་ཀྱི་ཐོག་ནས་ཀྱང་གནས་ཚུལ་མང་པོ་ཤེས་རྟོགས་བྱེད་ཐུབ་མོད། འོན་ཀྱང་བར་མཚམས་ཤིག་ཡོད་པས་ཡུལ་དངོས་སུ་ལྟ་བ་དང་། དངོས་སུ་ཐོས་པ། ཐད་ཀར་འདྲི་བ་སོགས་དང་། “ཁ་མང་ལྕེ་མང་”གིས་གྲོས་བསྡུར་བྱེད་པ་དང་བསྡུར་ན་མིག་མཐོང་ལག་ཟིན་ཅིག་ཡོང་མི་ཐུབ། སྔོན་ཆད་རྒྱུན་དུ་སྤྱོད་པའི་“དངོས་གྱར་བརྟག་དཔྱད་ཞིབ་འཇུག་”དང་“བྱིའུ་གཤགས་དཔྱད་”ཚུལ་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ཀྱིས་ད་ལྟ་ཡང་སྔར་བཞིན་གོ་ཆོད་པ་རེད། ང་ཚོས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚོད་ལྟ་སྣ་ཚོགས་ནི། ལེགས་འགྲུབ་བྱུང་ན་རིམ་བཞིན་ཁྱབ་སྤེལ་གཏོང་གི་ཡོད། དེ་ཡང་“བྱིའུ་གཤགས་དཔྱད་”ཀྱི་ཐབས་ཤེས་རེད། “ལུས་པོ་གཞི་རིམ་དུ་འགྲོ་”དགོས་ལ། དེ་བས་ཀྱང་“སེམས་པ་གཞི་རིམ་དུ་གཏུག་”དགོས། སྐད་ཆ་ངོ་མར་ཉན་པ་དང་། གནས་ཚུལ་ངོ་མར་བརྟག་པ། གནད་དོན་ལ་ཞིབ་འཇུག་ངོ་མ་དང་གནད་དོན་ངོ་མར་ཞིབ་འཇུག་བྱེད་དགོས་པ་ལས། ཕྱི་ཚུལ་ཙམ་གྱི་བརྟག་དཔྱད་ཞིབ་འཇུག་དང་། གཞོང་ལྗོངས་རྣམ་པའི་བརྟག་དཔྱད་ཞིབ་འཇུག །ཕྱི་ཚུལ་གྱི་རྣམ་འགྱུར་སྟོན་པ་ཙམ་ལས་ཟབ་ཞུགས་མི་བྱེད་པའི་བརྟག་དཔྱད་ཞིབ་འཇུག་བཅས་བྱེད་མི་རུང་། “མཁས་ཉམས་བསྟན་ནས་མི་རྣམས་རང་ཉིད་ལ་དགའ་རུ་འཇུག་ཐབས་མ་གཏོགས་དངོས་ཐོག་བདེན་འཚོལ་བྱ་རྒྱུའི་བསམ་པ་མེད་ན་”[5]མི་འགྲིག །འདི་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚབས་ཆེན་རེད། དབྱེ་ཞིབ་དང་བསམ་གཞིགས་གཏིང་ཟབ་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་པ་དང་། སྙིགས་དོར་བཅུད་ལེན་དང་། རྫུན་སྤངས་བདེན་འཛིན། གཅིག་ཤེས་ཀུན་གྲོལ། ཕྱི་ལས་ནང་ཤེས་བཅས་བྱས་ཏེ། བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་འཚོལ་བ་དང་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་དགོས། བརྗེ་རེས་དང་། གཤིབ་བསྡུར། ཡང་སྐོར་བསྐྱར་སྐོར་བཅས་ཀྱི་བྱེད་ཐབས་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། མི་ཉུང་ཤས་ཀྱི་བསམ་འཆར་དང་ངོ་རྒོལ་གྱི་བསམ་འཆར་ཚུད་པའི་ཕྱོགས་སོ་སོའི་བསམ་འཆར་ཉན་རྒྱུར་མཐོང་ཆེན་བྱས་ཏེ་ཕྱོགས་མཚམས་ཀུན་ནས་དབྱེ་ཞིབ་བྱེད་པ་དང་། སྔོན་ལ་བསམ་བློ་ཡང་ཡང་གཏོང་དགོས་པ་ལས། རང་བསམ་བདེན་རློམ་དང་རང་ཉིད་མཆོག་འཛིན་བྱེད་རིགས་སྔོན་འགོག་བྱེད་དགོས། ཕྱོགས་མང་གཏམ་ལ་ཉན་ན་མཁས། །ཕྱོགས་གཅིག་ཁོ་ནར་ཉན་ན་རྨོངས། །སྐད་ཆ་འདྲ་མིན་སྣ་ཚོགས་གོ་བ་ནི་བྱ་བ་ངན་པ་ཞིག་མ་ཡིན་ཞིང་། “མ་ཡིན་པ་ལས་ལོག་པ་”ཐེངས་མང་བརྒྱུད་དེ་བཏང་བའི་བསམ་བློ་དང་བཅད་པའི་ཇུས་གཞི་ད་གཟོད་དོན་དངོས་དང་མཐུན་པ་རེད།
ངས་དབུལ་སྐྱོར་གནད་འཕིགས་འཐབ་ཇུས་བཏོན་པ་དེའང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བཏོན་པ་ཡིན། དབུལ་བྲལ་ཡོང་རྒྱུ་ནི་དབུལ་ཕོངས་མང་ཚོགས་ཀྱི་རེ་བ་ཚ་པོ་ཡིན་ལ་རྒན་རབས་གསར་བརྗེ་པ་ཚོའི་ཡུན་རིང་གི་བསམ་འདུན་ཡང་ཡིན། གལ་ཏེ་དབུལ་བྲལ་བྱ་བ་ལེགས་པོར་སྒྲུབ་མ་ཐུབ་ན། ང་ཚོས་དབུལ་ཕོངས་ས་ཁུལ་གྱི་མི་སེར་རྣམས་ལ་ངོ་གནོང་དགོས་ལ། རྒན་རབས་གསར་བརྗེ་པ་ཚོར་ཡང་ངོ་གནོང་དགོས་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་སོང་བར་ང་ཧོ་པེའི་ཧྥུ་ཕིང་རྫོང་དུ་དབུལ་བྲལ་ལས་ཀར་རྟོག་ཞིབ་བྱེད་དུ་ཕྱིན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་རང་གཅིག་བསྡུས་ཡུག་འབྲེལ་གྱི་དམིགས་བསལ་དབུལ་ཕོངས་ས་ཁུལ་14ལ་སོང་བར་མ་ཟད། ལོ་ལྟར་འགྲོ་བ་དང་རྒྱུན་དུ་འགྲོ་གི་ཡོད། ཐད་ཀར་དབུལ་ཕོངས་དུད་ཁྱིམ་ལ་སོང་ནས་དབུལ་ཕོངས་ངོ་མར་བལྟས་ལ། དབུལ་ཕོངས་ངོ་མར་དབུལ་སྐྱོར་བྱས་པ་དང་། དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཐད་ཀར་ཉན་པ་དང་། དབུལ་སྐྱོར་གྱི་བསམ་ཕྱོགས་དང་དབུལ་སྐྱོར་གྱི་ཐབས་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ལས་ཀར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་ཡིན། བརྩེ་སེམས་བཅངས་ནས་དམ་འཛིན་བྱས་པ་དང་དམིགས་ཡུལ་ལག་ལེན་དུ་བསྟར་བའི་དམ་བཅའ་བཞག་ནས་དམ་འཛིན་བྱས་ཡོད། མཇུག་མཐར་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་འོག་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དགའ་སྤྲོ་འཕེལ་བ་དང་། རྒན་རབས་གསར་བརྗེ་པ་ཚོ་ཡང་ཕྱི་མའི་ཡུལ་དུ་དབུགས་དབྱུང་ཐོབ་ཡོད་ཀྱི་རེད།
དོན་དངོས་གཞིར་འཛིན་པ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་ནི་བསམ་བློ་གཏོང་སྟངས་ཀྱི་གནད་དོན་ཙམ་མིན་པར། ཏང་གཤིས་ཤུགས་ཆེ་མིན་གྱི་གནད་དོན་ཞིག་ཀྱང་ཡིན། མིག་སྔའི་ལས་བྱེད་པའི་དཔུང་ཁག་གི་དོན་དངོས་ལ་བལྟས་ན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཐག་གཅོད་བྱེད་དགོས་ཤོས་ཀྱི་ཏང་གཤིས་ཀྱི་གནད་དོན་ཞིག་རེད། ངའི་པཱ་ལགས་ཀྱིས་“ང་ཚོའི་ཏང་གིས་ཏང་གཤིས་ལ་སྣང་ཆེན་བྱེད་ཀྱི་ཡོད། ངས་བལྟས་ན་དངོས་ཐོག་བདེན་འཚོལ་བྱ་རྒྱུ་ནི་ཏང་གཤིས་ཆེ་ཤོས་རེད་”ཅེས་བཤད་མྱོང་། 1943ལོར་ཡན་ཨན་གྱིས་ལས་བྱེད་པར་ཞིབ་བཤེར་བྱེད་པའི་ལས་འགུལ་འགོ་བརྩམས་པ་རེད། སྐབས་དེར་གོ་མིན་ཏང་ལོག་སྤྱོད་སྟོབས་ཤུགས་ཀྱིས་གསར་བརྗེའི་གནས་གཞིའི་ས་ཁུལ་ལ་འཛེམ་བག་མེད་པར་སིམ་འཛུལ་དང་གཏོར་བརླག་བྱེད་བཞིན་པའི་གནས་ཚུལ་འོག །ལས་བྱེད་པའི་དཔུང་ཁག་ལ་ཞིབ་བཤེར་ནན་ཏན་བྱ་རྒྱུ་ནི་དགོས་པ་ཡོད་ཤ་སྟག་ཅིག་རེད། ཡིན་ནའང་ལས་ཀ་དངོས་ཀྱི་ནང་དགྲ་བོའི་གནས་ཚུལ་ལ་ཚོད་དཔག་བྱེད་ཚབས་ཆེ་དྲགས་པ་དང་། ལྷག་པར་དུ་ལས་ཀ་དེར་འགན་དངོས་སུ་འཁུར་མཁན་ཁང་ཧྲེང་གིས་གཡོན་ཐལ་བྱེད་སྟངས་སྤེལ་ཏེ་ཚ་འདྲི་ངོས་ལེན་བྱེད་དུ་བཅུག་ཅིང་དེ་ལ་ཡིད་ཆེས་བྱེད་པ་སོགས་ཀྱི་དབང་གིས། ལས་བྱེད་པར་ཞིབ་བཤེར་བྱེད་པའི་ལས་ཀར་ནོར་འཛོལ་ཚབས་ཆེན་བྱུང་ཞིང་། ཉེས་མེད་ཉེས་འགེལ་དང་། མི་བདེན་རྫུན་སྒྲིག་དང་། ནོར་འཁྲུལ་ཅན་བཅས་ཀྱི་གྱོད་གཞི་འབོར་ཆེན་ཐོན་ཡོད། ངའི་པཱ་ལགས་ནི་སྐབས་དེར་སུའེ་ཏེ་ས་ཨུའི་ཧྲུའུ་ཅི་ཡིན་པ་དང་། ཁོང་གིས་སུའེ་ཏེ་དགེ་འོས་སློབ་གྲྭ་རུ་སློབ་མ་མི་ཉུང་བ་ཞིག་གིས་ཚ་འདྲི་མ་བཟོད་པར་“ངོས་ལེན་རྫུན་མ་བྱས་པའི་”གནས་ཚུལ་བྱུང་བ་ཤེས་རྗེས་སེམས་སྡུག་ཆེན་པོ་བྱུང་ཡོད་པ་རེད། ཁོང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད། བསམ་བློའི་ངོས་འཛིན་གྱི་གནད་དོན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱི་གནད་དོན་གཉིས་དབྱེ་བ་ཕྱེ་ནས་ལས་བྱེད་པར་ཞིབ་བཤེར་བྱེད་པའི་ལས་ཀའི་ནང་གི་“ཇེ་ཆེར་བཏང་བའི་”ནོར་འཁྲུལ་འགོག་དགོས་ཞེས་བཏོན་པར་མ་ཟད། ཏང་ཀྲུང་དབྱང་དང་ནུབ་བྱང་ཅུས་ལ་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་ཞུས་ཏེ། ཏང་ཀྲུང་དབྱང་ལ་དུས་ཐོག་ཏུ་ཚ་འདྲི་ངོས་ལེན་བྱེད་དུ་འཇུག་པ་དང་དེར་ཡིད་ཆེས་བྱེད་པ་བཀག་འགོག་དང་“གཡོན་”ལྷུང་གི་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད། སྐབས་དེའི་གནས་ཚུལ་འོག་དེ་ལྟར་བསྒྲུབས་ན་ཆབ་སྲིད་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོང་གི་ཡོད། འོན་ཀྱང་ངའི་པཱ་ལགས་ཀྱིས་ཏང་ལ་བློ་དཀར་ན་རྫུན་གཏམ་ཤོད་མི་རུང་བསམས་པས་ཁོང་གིས་ཉེན་ཁར་མ་འཛེམས་པར་དེ་ལྟར་བསྒྲུབས་པ་རེད། རྫོང་ཨུའི་ཧྲུའུ་ཅིའི་མིག་དཔེ་བཟང་པོ་ཀུའུ་ཝུན་ཁྲང་ཡང་དངོས་ཐོག་བདེན་འཚོལ་བྱེད་མཁན་གྱི་མིག་དཔེ་ཞིག་ཡིན། ཏུང་ཧྲན་རྫོང་ནི་1950ལོའི་ཟླ་5པར་བཅིངས་འགྲོལ་ཐོབ་པ་རེད། གོ་མིན་ཏང་ཕམ་ནས་ཐའེ་ཝན་ལ་ཕྱིར་འཐེན་མ་བྱས་གོང་དུ་སྨྱོ་ཧམ་ཆེན་པོས་ཏུང་ཧྲན་གྱི་གཞོན་དར་འཛིན་བཟུང་བྱས་ཏེ་དམག་ཁུངས་སུ་བསྡུས་པ་དང་། དུད་ཚང་ཁྲི་1ལྷག་ལས་མེད་པའི་ཏུང་ཧྲན་དུ་གཞོན་ནུ་དར་མ་4700ལྷག་འཛིན་བཟུང་བྱས་ཤིང་། བཅིངས་འགྲོལ་སྐབས་སུ་དེ་ཚོའི་ནང་མི་“དགྲ་དམག་དང་རྫུས་དམག་གི་ནང་མིར་”གཏན་འཁེལ་བྱས་པ་རེད། སྐབས་དེར་ཏུང་ཧྲན་རྫོང་གི་ཆུས་དང་པོའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་པའི་ཀུའུ་ཝུན་ཁྲང་གིས། དར་མ་རྣམས་ནི་གོ་མིན་ཏང་གིས་བཙན་ཁྲིད་བྱས་པ་རེད། ཁོ་ཚོའི་ནང་མི་ནི་གནོད་འཚེ་ཕོག་མཁན་ཡིན་པས་“དགྲ་དམག་དང་རྫུས་དམག་གི་ནང་མི་”ཞེས་པ་དེ་“དམག་གནོད་ཕོག་པའི་ནང་མི་”ཞེས་པར་སྒྱུར་རྒྱུའི་གྲོས་འགོ་བཏོན། རྗེས་སུ་གོང་རིམ་གྱིས་གྲོས་འགོ་དེ་དང་ལེན་བྱས་པར་མ་ཟད། དེ་དག་ལ་ཆབ་སྲིད་ཐོག་མཐོང་ཆུང་མི་བྱེད་པ་དང་། དཔལ་འབྱོར་ཐད་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། འཚོ་བའི་ཐད་དཀའ་ངལ་ཡོད་པ་དག་ལ་རོགས་སྐྱོར་བྱ་རྒྱུ་དང་། ཁེར་ལུས་རྒན་རྒོན་རྣམས་ལ་གྲོང་གསེབ་ནས་ལྟ་སྐྱོང་བྱེ་རྒྱུ་ཐག་གཅོད་བྱས་པ་རེད། 1953ལོའི་ཟླ་7པར། གོ་མིན་ཏང་གི་དམག་མི་ཁྲི་1ལྷག་གིས་ཏུང་ཧྲན་ལ་འཇབ་རྒོལ་བྱས་མོད། འོན་ཀྱང་གླིང་ཕྲན་སྲུང་མཁན་རང་དམག་སྟོང་ཙམ་ལས་མེད་པས། དམག་ཤུགས་ཧེ་བག་ཆེན་པོ་ཤོར་ནའང་ཏུང་ཧྲན་དམག་དམངས་ཀུན་གྱིས་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་སྲུང་སྐྱོབ་དམག་འཐབ་བྱས་མཐར་རྒྱལ་ཁ་བླངས། དམག་གནོད་ཕོག་པའི་ནང་མིས་“གོ་མིན་ཏང་གིས་ང་ཚོའི་ནང་མི་བཟུང་སོང་། གུང་ཁྲན་ཏང་གིས་ང་ཚོ་ནང་མིར་བརྩིས་ནས་གསོས་ཡོད། འཆི་དགོས་རུང་ང་ཚོས་གུང་ཁྲན་ཏང་གི་དོན་དུ་གླིང་ཕྲན་བསྲུང་འདོད་ཡོད།” ཅེས་བཤད་པ་རེད། དམངས་སེམས་ཐོབ་པ་ནི་དངོས་ཐོག་བདེན་འཚོལ་ལ་བརྟེན་པ་རེད།
ལས་བྱེད་པས་དངོས་ཐོག་བདེན་འཚོལ་བྱེད་མིན་ལ་ཕྱོགས་མང་པོའི་ཐད་ནས་བརྟག་ཆོག །ཆེས་རྩ་བར་གྱུར་པ་ནི་སྐད་ཆ་དྲང་པོ་བཤད་མིན་དང་གཏམ་ངོ་མ་བཤད་མིན། དངོས་དོན་བསྒྲུབས་མིན་དང་དོན་འབྲས་གཉེར་མིན་ལ་བལྟ་དགོས། རྔ་བསྟུན་འཆམ་རྒྱག་དང་མགོ་བདེ་འཁྲབ་མཁན། འགལ་བ་གཡོ་འགེབས་དང་བདེ་འཇགས་ཡིན་མདོག་བྱེད་མཁན། ཕྱི་མཛེས་ནང་སྟོང་དང་དོན་དངོས་མི་སྒྲུབ་མཁན། ཆེ་འདོད་གྲགས་ཞེན་དང་འཕྲལ་ཕན་འཕྲལ་གཉེར་བྱེད་མཁན་བཅས་ཚང་མ་དངོས་གཙོའི་རིང་ལུགས་པ་ངོ་མ་མ་རེད། དེ་དག་ཚང་མ་སྒེར་སེམས་སྣ་ཚོགས་ལས་བྱུང་བ་རེད། ན་གཞོན་ལས་བྱེད་པ་ཚོས་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐད་ཆ་དྲང་པོ་བཤད་པ་དང་། བྱ་བ་དྲང་པོ་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་ཏང་གཤིས་བློ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་བདེན་དོན་རྒྱུན་འཁྱོངས་བྱེད་ཕོད་པ་དང་། རང་ཚུགས་བསམ་གཞིགས་བྱེད་མཁས་པ། བདེན་གཉེར་དངོས་སྒྲུབ་རྒྱུན་འཁྱོངས་བཅས་བྱེད་དགོས། དེ་ལྟར་བྱས་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་ཐོགས་ཡོད་ལ། རང་ཉིད་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཡང་ཕན་ཐོགས་ཡོད། མི་དྲང་པོ་བྱེད་པ་ནི་བླུན་རྨོངས་མིན་ལ། བྱ་བ་ཏན་ཏིག་གིས་བསྒྲུབས་ན་གྱོང་རག་མི་སྲིད། ཏང་ལ་བློ་མི་དཀར་བ་དང་མི་དྲང་པོ་ཞིག་མ་བྱས་ཚེ། གཡོ་ཧམ་སྐྱེ་སྲིད་པ་དང་། འབྲེལ་བ་དང་ཐབས་ལམ་འཚོལ་བ། དབང་དངུལ་བརྗེ་རེས་སོགས་སྐབས་འཚོལ་ཁེ་གཉེར་གྱི་སྤྱོད་ངན་སྤེལ་སྲིད་པ་དང་། སྤྱང་པོ་སྤྱང་ཐལ་ཤོར་ན་མཐའ་མར་རང་ཉིད་བརླག་པར་འགྱུར་གྱི་རེད།
གསུམ་པ། འཁུར་ལེན་བྱེད་ཕོད་པ་དང་བྱ་གཞག་སྒྲུབ་མཁས་པོ་བྱེད་དགོས། བྱ་བ་འཁུར་ལེན་བྱེད་པ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་ཡང་ཡིན། ཏང་གིས་ལས་བྱེད་པ་ལས་གནས་ཁག་ཏུ་བཞག་པ་ནི་ཚང་མར་བྱ་བ་འཁུར་ལེན་བྱེད་དུ་འཇུག་པ་ལས་དཔོན་པོར་བསྡད་ནས་དགའ་བདེར་རོལ་དུ་འཇུག་པ་མིན། བསྒྱུར་བཅོས་དང་། འཕེལ་རྒྱས། བརྟན་བརླིང་གསུམ་གྱི་ལས་ཀ་དེ་འདྲ་མང་པོ་ཡོད་པས། ལས་ཀ་ཡག་པོ་སྒྲུབ་དགོས་ན་འཁུར་ལེན་བྱེད་དགོས་པ་དང་བྱ་གཞག་སྒྲུབ་དགོས། གལ་ཏེ་འཁུར་ལེན་མི་བྱེད་པ་དང་བྱ་གཞག་མི་སྒྲུབ་ཅིང་། ལག་བསྟར་བྱེད་ནུས་དང་འཐབ་འཛིང་བྱེད་ནུས་མེད་ན་ཕམ་ཁ་འབྱུང་ངེས་རེད།
འཁུར་ལེན་བྱེད་པ་དང་བྱ་གཞག་སྒྲུབ་དགོས་ན། བདེན་གཉེར་དངོས་སྒྲུབ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་དགོས་པ་ལས། གནས་ལུགས་ཁོ་ན་བཤད་པ་དང་། དོན་མེད་སྟོང་བཤད་གཏན་ནས་བྱེད་མི་རུང་། ངས་ཅིན་རྒྱལ་རབས་གཉིས་ཀྱི་མཁས་རློམ་རྣམས་ཀྱིས་ཆོ་མེད་སྟོང་གཏམ་བཤད་དེ་དངོས་དོན་གཉེར་རྒྱུ་སྤངས་པའི་གཏམ་རྒྱུད་ཐེངས་མང་བཤད་མྱོང་། ཝང་ཡན་ནི་དེའི་ནང་གི་དཔེ་མཚོན་མི་སྣ་ཞིག་ཡིན་ཞིང་ཁོའི་ཁ་ལྕེ་ལ་འགྲན་ཟླ་མེད་ཟེར་ཆོག །ཅིན་ནུབ་མའི་དུས་མཇུག་ཏུ། ཅེ་རིགས་ཀྱི་འགོ་གཙོ་ཧྲི་ལེ་ཡིས་དམག་དྲངས་ནས་ལུའོ་དབྱང་ལ་དཔུང་འཇུག་བྱས་ཤིང་། ཝང་ཡན་དྲག་བློན་ཆེན་མོ་ཡིན་པའི་ཆ་ནས་དམག་དཔུང་དང་མཉམ་དུ་དྲག་འདུལ་བྱེད་དུ་སོང་མོད། མཐར་དམག་ཕམ་ནས་གསོན་བཟུང་ཐེབས་པ་རེད། ཧྲི་ལེ་ཡིས་ཁོ་ལ་ཅིན་ནུབ་མ་ཕམ་ཁ་བྱུང་རྐྱེན་དྲིས་པར། ཁོས་རང་ཉིད་ཀྱི་སྐྱོན་གཡོ་འགེབས་ཅི་ཐུབ་བྱས་ཏེ། རང་ཉིད་ལོ་ན་ཆུང་དུས་ནས་སྲིད་དོན་ལ་ཞུགས་མ་མྱོང་ཞེས་བཤད་པ་རེད། ཧྲི་ལེ་ཡིས་ཁོ་ལ་ཁ་རྡུང་བཏང་ནས་ཁྱོད་ཀྱི་མཚན་སྙན་ཕྱོགས་བཞིར་ཁྱབ། གོ་གནས་ཆེན་པོ་ཕྲག་ཏུ་འཁུར། གཞོན་དུས་ནས་བཟུང་སྲིད་ལ་ཞུགས། ད་ལྟ་མགོ་སྐྲ་དཀར་པོར་གྱུར། གོང་མའི་སྲིད་གཞུང་གི་སྲིད་དོན་ལ་ཞུགས་མ་མྱོང་ཞེས་ཤོད་རྒྱུ་ག་ལ་ཡོད། “རྒྱལ་ཁབ་ཐོར་ཞིག་སོང་བ་དེ། །ངེས་པར་ཁྱོད་ཀྱི་སྐྱོན་ཡིན་ནོ། །”[6]ཞེས་བརྗོད་པ་རེད། རྗེས་སུ་ཧྲི་ལེས་མི་མངགས་ནས་ཝང་ཡན་བསད་པ་རེད། ཝང་ཡན་གྱིས་འཆི་ཁར། གལ་ཏེ་རང་ཉིད་ཀྱིས་དུས་རྒྱུན་ཟོལ་ཟོག་རྣམ་གཡེང་མ་བྱས་པར་ཧུར་བརྩོན་གྱིས་བྱ་བ་བསྒྲུབས་ཡོད་ན་ཚད་འདིར་སླེབས་མི་སྲིད་ཅེས་སྨྲེ་སྔགས་བཏོན་པ་རེད། དངོས་ཡོད་འཚོ་བའི་ནང་དུ་མི་བཤད་དགུ་བཤད་བྱེད་པ་ལས་དངོས་དོན་མི་སྒྲུབ་པའི་མི་འདི་འདྲ་ཧ་ཅང་མང་པོ་ཡོད། ལ་ལ་ཁ་བཤད་ལ་མཁས་ཀྱང་ལག་ལེན་ལ་རྨོངས་པ་དང་། ལས་ཀ་འབོད་ཚིག་ཁོ་ནའི་ཐོག་ཏུ་དོན་འཁྱོལ་བྱེད་པ་དང་། ཆོད་སེམས་ངག་ཐོག་ཙམ་དུ་ལུས་པ། ལ་ལས་འདྲ་ཆགས་པོ་དང་ཕྱི་ཚུལ་ཙམ་གྱི་བྱ་བ་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་བཟོ་ལྟ་སྟོན་པ་དང་ཁྲལ་སེལ་སླ་བཅོས་བྱེད་པ། ལ་ལས་སྒྱིད་ལུག་རྣམ་གཡེང་དང་ཉི་མ་གང་འཁྱོལ་བྱེད་པ། གོང་ནས་སྒུལ་ཙམ་བྱས་ན་ད་གཟོད་འགུལ་ཙམ་བྱེད་པ་ལས། མ་སྒུལ་ན་མི་འགུལ་བ། དེ་བས་ཀྱང་འགའ་ཞིག་གིས་བཀའ་བསྒོས་ཀྱང་མི་སྒྲུབ་པ་དང་། བཀག་རྒྱ་བསྡོམས་ཀྱང་མི་སྲུང་བ། ཐ་ན་གོང་ལ་མགོ་སྐོར་དང་འོག་ལ་སྦ་གསང་། མི་བདེན་རྫུན་སྒྲིག་སོགས་བྱེད་པ་ལྟ་བུ་རེད། ད་ལོའི་ཚུན་ལ། ས་གནས་ལ་ལར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། རང་བྱུང་གནོད་འཚེ་ལ་འགོག་རྒོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད་སོགས་བྱེད་པའི་ཐད་དུ་གནད་དོན་འདྲ་མིན་སྣ་ཚོགས་ཐོན་འདུག །དེ་དག་ལ་ཞིབ་ཏུ་དཔྱད་ཚེ། རྒྱུ་རྐྱེན་གཙོ་བོ་ཞིག་ནི་ལས་བྱེད་པའི་སྤྱོད་ཚུལ་ཐད་དངོས་དོན་མ་གཉེར་བ་དང་། ལས་ཀ་ཏན་ཏིག་མི་སྒྲུབ་པ། འགན་འཁྲི་དོན་འཁྱོལ་མི་བྱེད་པ་བཅས་རེད།
འཁུར་ལེན་བྱེད་པ་དང་བྱ་གཞག་སྒྲུབ་པ་ནི་གཞི་གཅིག་མཐུན་པ་ཅན་ཡིན། བྱ་གཞག་མི་སྒྲུབ་པ་ནི་འཁུར་ལེན་མ་བྱས་པ་ཡིན་ལ། བྱ་གཞག་སྒྲུབ་དགོས་ན་འཁུར་ལེན་བྱེད་དགོས་པ་རེད། བྱ་བ་སྒྲུབ་ཚེ་ཉེན་ཁ་རྟག་ཏུ་འབྱུང་སྲིད་དེ། གནམ་འོག་ན་བདེ་འཇགས་ཉེན་མེད་ཡིན་ཞིང་ཐམས་ཅད་ལྷུན་གྱིས་འགྲུབ་པའི་བྱ་བ་དེ་འདྲ་མང་པོ་ག་ལ་ཡོད། ཉེན་ཁ་ཡོད་པའི་རྐྱེན་གྱིས་ད་གཟོད་འཁུར་ལེན་བྱེད་དགོས་པ་རེད། གལ་ཏེ་ལས་ཀ་ཚང་མ་བྱེད་བདེ་བ་ཞིག་དང་། སུ་ཞིག་གིས་ཀྱང་བྱེད་ཐུབ་པ་ཞིག་ཡིན་ན། འཁུར་ལེན་ཞེས་པ་དགོས་དོན་ཡོད་དམ། བྱ་དངོས་ནི་རྟག་ཏུ་འདི་འདྲ་ཡིན་ཏེ། ཇི་ལྟར་དོན་དག་འབྱུང་བར་སྐྲག་ན་དེ་ལྟར་དོན་དག་འབྱུང་སླ་བ་དང་། ཇི་ལྟར་འགལ་བར་གཡོལ་བསམ་ན་འགལ་བས་དེ་ལྟར་མདུན་ལམ་བཀག་ཡོང་གི་རེད། དེ་ལས་ལྡོག་སྟེ། གང་ལའང་མི་འཛེམ་པར་གདོང་མཆོང་བྱེད་ཕོད་པ་དང་། “རི་ལ་སྟག་མོ་ཡོད་པ་ཤེས་བཞིན་དུ། །སྟག་མོ་ཡོད་སའི་རི་ལ་བསམ་བཞིན་བསྐྱོད། །”ཅེས་པའི་ཆོད་སེམས་བཅངས་ནས་ལག་ལེན་ནང་དུ་དངོས་སྒྲུབ་ལྷུར་སྒྲུབ་བྱས་ན་གཞི་ནས་འགལ་བ་དང་དཀའ་ངལ་སེལ་ཐུབ་པ་རེད། ངས་ཧྥུ་ཅན་དུ་ལས་ཀ་བྱེད་སྐབས། ཧྥུ་ཅན་ནི་ནགས་ལས་ཞིང་ཆེན་ཆེན་པོ་ཡིན་ཡང་། རྒྱ་ཆེའི་ནགས་ལས་ཞིང་པས་“གསེར་རི་དངུལ་རི་”སྲུང་བཞིན་དབུལ་ཕོངས་ཀྱི་འཚོ་བ་སྐྱེལ་བཞིན་པའི་ཚུལ་ལ་གཞིགས་ནས་རྒྱུ་ནོར་བདག་དབང་གཏོགས་ཁོངས་མི་གསལ་བ་སོགས་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད། ནགས་དབང་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད། སྐབས་དེར་བསྒྱུར་བཅོས་འདི་འདྲ་བྱེད་པར་ཉེན་ཁ་ཡོད་པ་རེད། གཙོ་བོར་དུས་རབས་གོང་མའི་ལོ་རབས་80པའི་ནང་ས་གནས་ཁ་ཤས་སུ་ཤིང་ནགས་གང་བྱུང་དུ་གཅོད་པའི་གནས་ཚུལ་བྱུང་བས། ཀྲུང་དབྱང་གིས་ནགས་རི་དུད་ཚང་ལ་བགོ་བའི་ལས་ཀ་བྱེད་མཚམས་བཞག་པ་རེད། ལོ་ངོ་20ལྷག་འདས་ཟིན་ནའང་། ནགས་རི་དུད་ཚང་ལ་བགོ་ཐུབ་མིན་ཚང་མས་གསལ་པོར་ཤེས་ཀྱི་མེད། བསམ་བློ་ཡང་ཡང་བཏང་བ་བརྒྱུད་ངའི་བསམ་པར། ནགས་དབང་བསྒྱུར་བཅོས་བྱ་རྒྱུ་དེ་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། གནད་དོན་དེ་ཐག་གཅོད་མ་བྱས་ན། ནམ་ཞིག་གི་ཚེ་འགལ་བ་འབྱུང་ངེས་རེད། དེ་བས་སྔ་ས་ནས་ཐག་བཅད་ན་ཡག་གི་རེད། དེར་མ་ཟད། དཔལ་འབྱོར་འཕེལ་རྒྱས་སོང་བ་དང་ཞིང་པའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད་པས། གང་བྱུང་དུ་ཤིང་གཅོད་པའི་རྒྱུ་རྐྱེན་ཡང་ཉུང་དུ་སོང་ཡོད། གལ་སྲིད་སྲིད་ཇུས་གཏན་འབེབས་ཡག་པོ་བྱུང་བ་དང་བྱེད་ཐབས་འགྲིག་པ་ཡིན་ན། ཉེན་ཁ་ཚོད་འཛིན་བྱེད་ཐུབ་པ་རེད། སེམས་ཐག་བཅད་རྗེས། ང་ཚོས་“རི་ཇི་ལྟར་བགོ་བ་”དང་། “ཤིང་སྡོང་ཇི་ལྟར་གཅོད་པ།” “དངུལ་གང་ནས་འཚོལ་བ།” “ཁེར་རྐྱང་དུད་ཚང་གིས་ཇི་ལྟར་བྱེད་དགོས་པ་”བཅས་ཀྱི་དཀའ་གནད་བཞི་དམ་འཛིན་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་ཏེ། དམིགས་གཏད་ཡོད་པའི་བསྒྱུར་བཅོས་ཐབས་བཀོད་བཏོན་པ་ལས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ནགས་ལས་བསྒྱུར་བཅོས་ཀྱི་ཡིག་ཆ་ཨང་དང་པོ་བྱུང་བ་རེད། 2008ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་10པའི་ནང་དུ་ཧྥུ་ཅན་གྱི་ནགས་ལས་བསྒྱུར་བཅོས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་བསྡུ་ལེན་བྱས་པ་རེད། བྱ་བ་སྒྲུབ་ན་བློ་ཐག་ཆོད་པོ་དགོས། དཔོན་པོ་བྱེད་ན་ཐེག་པ་འཁུར་ལེན་དགོས། ཏང་དང་མི་དམངས་ལ་ཕན་པའི་བྱ་བ་ཡིན་ཕྱིན། ང་ཚོས་དཀའ་ངལ་ལས་གཡོལ་ཐབས་མི་བྱེད་པ་དང་འགན་འཁྲི་ལས་གཡོལ་ཐབས་མི་བྱེད་པར་བློ་ཁོག་ཆེན་པོ་དང་སེམས་ཐག་ཆོད་པོས་སྒྲུབ་དགོས། “རྒྱལ་ཁབ་དོན་དུ་གཅེས་སྲོག་གཏོང་ཕོད་པས། །གེགས་ལ་གཡོལ་ཞིང་བདེ་ལ་ཆགས་མི་སྲིད། །”[7]ཅེས་པ་ནང་བཞིན་བྱེད་དགོས།
བྱ་གཞག་སྒྲུབ་པ་དང་བསྒྱུར་བཅོས་འཛིན་པ་ལ་སྐབས་འཕྲལ་གྱི་ཁེ་ཕན་བཀོད་སྟངས་ལ་ཕོག་ཐུག་གཏོང་ངེས་པས། མི་ལ་ལའི་ཁེ་ཕན་ལ་ཕོག་ཐུག་བཏང་ན་རྩོད་རྙོག་རེ་འགའ་འབྱུང་སྲིད་པ་རེད། བྱ་བ་སྒྲུབ་པ་དང་། བསྒྱུར་བཅོས་བྱེད་པ། འགལ་བ་ཐག་གཅོད་པ་བཅས་བྱེད་དུས་རྩོད་རྙོག་རེ་འགའ་འབྱུང་བ་དང་ཐ་ན་སྙད་འཚོལ་ཡང་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། རྡོ་ཆུ་ནང་དུ་འཕངས་ན་ཆུ་རིས་སྐྱོད་ཡོང་བ་བཞིན། བྱ་གཞག་ཅིག་བསྒྲུབས་ནས་འགྲུབ་ཏུ་འཇུག་པ་ནི་དེ་བས་ཀྱང་སྨོས་མ་དགོས། རྩོད་རྙོག་ལ་སྐྲག་ནས་བག་འཁུམས་པ་དང་། བསྒྲུབ་འོས་མི་སྒྲུབ་པ་ནི་གུང་ཁྲན་ཏང་མིར་ཡོད་དགོས་པའི་རྣམ་འགྱུར་མ་རེད། ཕྱོགས་གང་ཅིའི་རྩོད་རྙོག་ལ་སེམས་རྣལ་དུ་ཕབ་ནས་ལྟ་སྟངས་འཛིན་པ་དང་རིགས་ཤེས་ཀྱིས་དབྱེ་ཞིབ་བྱེད་དགོས། གལ་ཏེ་སྒྲུབ་བཞིན་པའི་བྱ་བ་རྣམས་ཡང་དག་པ་ཡིན་ལ། ལག་ལེན་གྱི་ཐོག་ནས་ཀྱང་ཡང་དག་པ་ཡིན་པའི་ར་འཕྲོད་བྱུང་ན། ཕྱིར་བཤོལ་བྱེད་མི་རུང་། མ་ཉེས་ཁག་གཡོགས་དང་མིང་ངན་འཁུར་དགོས་རུང་ཕྱིར་བཤོལ་མི་བྱེད་པར་སྒྲུབ་དགོས། དུས་མཚུངས་སུ་ཐེ་ཚོམ་དང་དོགས་པ་སེལ་བྱེད་ཀྱི་འགྲེལ་བཤད་རྒྱག་པ་དང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པའི་ལས་ཀ་ཡང་ཡག་པོར་བསྒྲུབས་ནས་བསམ་ཤེས་དང་རྒྱབ་སྐྱོར་གང་ཆེ་ཆེ་ཐོབ་རྒྱུ་བརྩོན་ལེན་བྱེད་དགོས། གལ་ཏེ་གཞན་གྱིས་སྐྱོན་བརྗོད་བྱས་པ་ལུགས་མཐུན་ཡིན་ན་ཁེངས་སྐྱུང་གིས་དང་ལེན་བྱེད་པ་དང་ཧུར་ཐག་གིས་ལེགས་བཅོས་བྱས་ནས་ལས་ཀའི་འཆར་གཞི་དང་སྲིད་ཇུས་ཀྱི་བྱེད་ཐབས་སྔར་ལས་ཚན་རིག་དང་མཐུན་པ་དང་སྔར་ལས་འཐུས་སྒོ་ཚང་དུ་གཏོང་དགོས། བྱ་བ་སྒྲུབ་པར་བློ་སྟོབས་དང་། སྙིང་རུས། རང་གཅུན་ནུས་པ་བཅས་ཧ་ཅང་གལ་ཆེ་བ་དང་། སྙིང་སྟོབས་དང་ཐབས་ཇུས་ཧ་ཅང་གལ་ཆེ་བ་ཡིན། བྱ་བ་མང་པོ་ཞིག་རྒྱུན་འཁྱོངས་བྱས་ཏེ་ཡོངས་འགྲུབ་བྱེད་ཐུབ་པ་བྱུང་ན། རྩོད་རྙོག་རང་ཤུགས་ཀྱིས་འཇགས་འགྲོ་བ་རེད།
བཞི་པ། རྩ་དོན་རྒྱུན་འཁྱོངས་དང་འཐབ་རྩོད་བྱེད་ཕོད་དགོས། རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་གཤིས་རྒྱུད་གལ་ཆེན་ཞིག་དང་། ལས་བྱེད་པ་ཞིག་ལས་གོ་འཕེར་མིན་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་ཡིན། ད་ལྟ་ལས་བྱེད་པ་ལ་ལས་“མཐུན་པ་མཆོག་གྱུར་”ཞེས་པ་གོ་ནོར་ཐེབས་ནས་“བཟོད་སྒོམ་”དང་“མཐུན་ཐབས་”ཁོ་ནར་དང་དོད་བྱེད་ཅིང་མི་བཟང་ཇོ་བཟང་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་རྩ་དོན་གྱི་གནད་དོན་ལ་ཟ་རི་ཟི་རི་བྱེད་པ་དང་། ཡིན་མིན་ཆེན་པོའི་གནད་དོན་ལ་“མི་དྲག་བསམ་ཤེས་ཅན་”བྱེད་པ། སྣང་ཚུལ་མི་ལེགས་པ་རང་དགར་སྐྱུར་བ། ད་དུང་ལ་ལས་ཕར་བཟང་ཚུར་བཟང་དང་གཡས་མཐུན་གཡོན་འགྲིག་བྱེད་པ། ཡོང་ཁུངས་དང་འགྲོ་ཕྱོགས་ལ་བསྟུན་ནས་སྐད་ཆ་བཤད་པ་དང་བྱ་བ་སྒྲུབ་པ། ཆུ་སྣ་གར་ཁྲིད་དང་དར་ལྕོག་རླུང་སྐྱོད་བྱེད་པ་འདི་དག་ནི་ཏང་གཤིས་ཀྱི་རྩ་དོན་དང་རྒྱབ་འགལ་དུ་སོང་བ་ཡིན་པས། ངེས་པར་དུ་སེམས་ཐག་གཙང་བཅད་ཀྱིས་ཡོ་བསྲང་བྱེད་དགོས།
གུང་ཁྲན་ཏང་མིའི་ངོས་ནས་བཤད་ན། “ཨ་ཇོ་བཟང་པོ་”ནི་དོན་དམ་པའི་མི་བཟང་མ་རེད། མི་བཟང་རིང་ལུགས་ལག་ལེན་བྱེད་མཁན་ལ་སྒེར་སེམས་ཁོ་ན་ལས་སྤྱི་སེམས་མེད་པ་དང་། འདྲ་ཆགས་པོ་ཙམ་ལས་སྤྱོད་བཟང་མེད། སེམས་ལ་“རྩ་དོན་རྒྱུན་འཁྱོངས་བྱས་ན་རྩོད་གཞི་མང་། དཀའ་ངལ་ཅན་ལ་འཕྲད་ན་རྙོག་དྲ་མང་། ཉེན་མེད་བདེ་ལམ་སྙེག་ན་ཕན་པ་མང་། ཕན་ཚུན་འབྲེལ་བ་བཙུགས་ན་གྲོགས་པོ་མང་”ཞེས་བསམ་གྱི་ཡོད། གནའ་ནས་བཟུང་མི་རྣམས་ཀྱིས་དེའི་གྲས་ལ་ཁྲེལ་དགོད་བྱེད་པ་ཡིན། ཁུང་ཙིས་[8]“སྤྱོད་པ་འདྲ་ཆགས་སྟོན་པ་ནི། །སྤྱོད་བཟང་ཉམས་དམས་གཏོང་བ་ཡིན། །”[9]ཞེས་བརྗོད་པ་ནི་ཏག་ཏག་ལེགས་ཉེས་མི་འབྱེད་ཅིང་། ཁྱིམ་མཚེས་གཡས་གཡོན་ལ་གནས་ལུགས་བརྗོད་མི་ཕོད་པའི་“ཨ་ཇོ་བཟང་པོ་”ཚོ་ནི། མ་གཞིར་ཀུན་སྤྱོད་ཉམས་དམས་སུ་གཏོང་མཁན་ཡིན་པ་བསྟན་པ་རེད། མེང་ཙིས་[10]མི་དེ་གྲས་ནི་“ངན་པ་ཁྱུ་འདྲེས་དང་། སྲོལ་བཟང་མཉམ་སྣུབ་”[11]བྱེད་མཁན་དུ་དགོངས་ཡོད། 《ཐོག་ཁང་དམར་པོའི་རྨི་ལམ་》ནང་དུ་“ཁེ་བཟང་ཡང་རང་ལ་རག་འདོད་པ་དང་། གཞན་ལའང་ཕོག་ཐུག་གཏོང་མི་འདོད་”ཅེས་པའི་ཚིག་གིས་མི་དེའི་རིགས་ཀྱི་སྣང་བརྙན་ཟབ་མོར་མཚོན་ཡོད་པ་རེད། མི་བཟང་རིང་ལུགས་ལག་ལེན་བྱེད་མཁན་ལ་ཀུན་སློང་བཟང་པོ་མེད་པ་སྟེ་བཟང་པོ་རང་ལ་བྱས་པ་དང་ངན་པ་ལུགས་སྲོལ་དང་བྱ་གཞག་ནང་བསྲེས་ཡོད། དོན་དངོས་མང་པོ་ཞིག་གི་ཐོག་ནས་ར་འཕྲོད་བྱུང་དོན། ས་ཆ་ལ་ལ་དང་སྡེ་ཚན་ལ་ལར་སྲོལ་བཟང་པོ་དར་ཁྱབ་མེད་ལ་སྲོལ་ངན་དར་སོ་ཆེ་བ་དང་། དུས་ཡུན་རིང་པོར་ལས་ཀའི་རྣམ་པ་གཏོད་མི་ཐུབ་པ། འགལ་བ་དང་གནད་དོན་ལུང་པ་གང་བསགས་ཡོད་པ་ནི། མི་བཟང་རིང་ལུགས་དར་ཁྱབ་ཆེ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།
ང་ཚོའི་ཏང་གིས་སྔར་ནས་བཟུང་མཐུན་སྒྲིལ་དར་སྤེལ་གཏོང་གི་ཡོད། འོན་ཀྱང་མཐུན་སྒྲིལ་ནི་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་བསམ་བློའི་འཐབ་རྩོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས། རྩ་དོན་མེད་པར་མི་དགའ་དགའ་མདོག་བྱེད་པ་ཞིག་མ་རེད། གུང་ཁྲན་ཏང་མིས་ཏང་གཤིས་ལ་དང་དོད་དང་རྩ་དོན་ལ་དང་དོད་བྱེད་དགོས་ན་འཐབ་རྩོད་ལ་དང་དོད་བྱེད་དགོས། རྩ་དོན་གྱི་གནད་དོན་ཐོག་ཏུ་ཟ་རི་ཟི་རི་དང་གཟུར་བཤོལ་གཏན་ནས་བྱེད་མི་རུང་། དེ་ལྟར་མ་བྱས་ན་ཏང་དང་མི་དམངས་ལ་འགན་མ་འཁུར་བ་དང་ཐ་ན་བྱས་ཉེས་བསགས་པ་རང་རེད།
ཡིན་མིན་ཆེན་པོའི་མདུན་དུ་རྩ་དོན་འཛིན་དགོས་པར་མ་ཟད། དོན་དག་ཆུང་ཙག་གི་ཐད་ལའང་རྩ་དོན་ལ་དང་དོད་བྱེད་དགོས་པའི་གནད་དོན་ཡོད། ཀྲུང་གོ་ནི་ངོ་སོ་ལ་དང་དོད་བྱེད་པའི་སྤྱི་ཚོགས་ཤིག་ཡིན། ཚང་མ་སྤྱི་ཚོགས་ནང་འཚོ་བ་སྐྱེལ་བཞིན་ཡོད་ལ། ཚང་མར་གཉེན་ཉེ་དང་། གྲོགས་པོ། ངོ་ཤེས། ལས་གྲོགས། གོང་རིམ། མངའ་འོག་སོགས་ཡོད། ལས་ཀར་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་སྐབས་རྟག་ཏུ་རྩ་དོན་དང་ངོ་སོ་ལ་གདམ་ཀ་བྱེད་དགོས་པར་འཕྲད་ཀྱི་ཡོད། རྩ་དོན་དང་ངོ་སོ་གཉིས་གཅིག་གྱུར་བྱེད་ཐུབ་ན་ཡག་ཤོས་ཡིན་པ་སྨོས་ཅི་དགོས། འོན་ཀྱང་དེ་གཉིས་གཅིག་གྱུར་ཡོང་མི་ཐུབ་པའི་སྐབས་སུ་ང་ཚོས་ཐེ་ཚོམ་སྤུ་ཙམ་མེད་པར་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ལས། ངོ་སོ་ལ་བསྟུན་ཐབས་གཏན་ནས་བྱེད་མི་རུང་། བློ་མཐུན་ཧོང་ཁེ་ཁྲེང་གིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅིའི་འགན་བཞེས་སྐབས་ཏང་སྲོལ་དམ་འཛིན་བྱེད་པར་“ངོ་སོ་ཟློག་པར་སྐྲག་མི་རུང་”ཞེས་བཤད་པ་རེད། ཁོང་གི་རྗེས་སུ་འབྲངས་ནས་ལོ་མང་འགོར་བའི་མངའ་འོག་གི་མི་ཞིག་གིས་ཅིན་ཞི་མགྲོན་ཁང་དུ་གཞུང་དངུལ་སྤྱད་དེ་གསོལ་སྟོན་བཤམས་པར་ཡང་ཁོང་གིས་སྔར་བཞིན་ཐག་གཅོད་ནན་པོ་བྱས་ཡོད། སྐབས་དེའི་ཚོང་ལས་པུའུ་ཡི་པུའུ་ཀྲང་གིས་ཧྥེང་ཙེ་ཡོན་ཟ་ཁང་དུ་མགྲོན་པོར་གསོལ་ཚིགས་དྲངས་རྗེས་ཟས་རིན་ཉུང་ཤས་ཙམ་ཞིག་ལས་མ་སྤྲད་པས། ཁོང་གིས་མི་མངགས་ནས་གནས་ཚུལ་རྩད་ཆོད་མཐའ་གསལ་བྱུང་རྗེས་ཏང་ཡོངས་ལ་བརྡ་ཁྱབ་བཏང་བར་མ་ཟད། ད་དུང་《མི་དམངས་ཉིན་རེའི་ཚགས་པར་》ཐོག་ཡོངས་བསྒྲགས་བྱས་པ་རེད། ཏང་གི་ལས་བྱེད་པ་ཚང་མར་དྲང་པོ་དྲང་གཞག་དང་ཉེ་རིང་ཕྱོགས་ལྷུང་མེད་པའི་སྙིང་སྟོབས་ཡོད་དགོས། རྩ་དོན་ལ་དང་དོད་བྱེད་དགོས་པ་ལས་ངོ་སོ་མི་སྲུང་བ་དང་། ཏང་གཤིས་ལ་དང་དོད་བྱེད་པ་ལས་མི་སྒེར་གྱི་ངོ་སོ་སྲུང་རྒྱུ་མེད།
འཐབ་རྩོད་མེད་པའི་དུས་ནི་མེད་ལ། འཐབ་རྩོད་མེད་པའི་གནས་ཀྱང་མེད། དེང་སྐབས་འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པས་དུས་བདེ་ཞོད་འཇགས་ཀྱི་འཚོ་བ་བསྐྱལ་རྒྱུ་ལས་འཐབ་རྩོད་བྱེད་འདོད་མེད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། གུང་ཁྲན་ཏང་མིར་དུས་ནམ་ཡིན་ཡང་ངན་རེངས་སྟོབས་ཤུགས་ལ་མི་སྐྲག་པ་དང་། གཉོམ་ཆུང་བག་འཁུམས་མི་བྱེད་པའི་བརྟུལ་ཞུགས་དང་། དམ་ཚིག །བློ་སྟོབས་བཅས་ཡོད་དགོས།
ལྔ་པ། སྒྲིག་ལམ་ནན་སྲུང་དང་མཐའ་ཚད་ལས་མི་བརྒལ་བ་བྱེད་དགོས། གནད་དོན་འདི་ངས་“ཁ་མང་རྒན་མོ་”བཞིན་དུ་ཡང་ནས་ཡང་དུ་བཤད་པ་ཡིན། དེ་རིང་ཡང་དྲན་སྐུལ་རེ་གཏོང་གི་ཡིན། ང་ཚོའི་ཏང་གིས་ལས་བྱེད་པ་ཞིག་གསོ་སྐྱོང་བྱེད་པ་ལས་སླ་པོ་མིན། གལ་ཏེ་ལས་བྱེད་པས་རང་ཉིད་གཅུན་མ་ཐུབ་པར། སྒྲིག་འགལ་ཁྲིམས་འགལ་གྱི་ལོག་ལམ་དུ་བསྐྱོད་ཚེ་ཏང་གི་གསོ་སྐྱོང་དང་ཡིད་ཆེས་སྟོང་ཟད་དུ་བཏང་བ་རེད། ངས་འགོ་ཁྲིད་ལས་བྱེད་པ་རུལ་སུངས་ངན་རུལ་དུ་གྱུར་པའི་དཔྱད་ཡིག་ཁ་ཤས་མཐོང་དུས་ལྕགས་ལ་ངར་ཁ་མ་ཐོན་པ་སྐྱོ་ཨང་ཞེས་སེམས་སྡུག་སྐྱེས་ཡོང་གི་འདུག །ཉིན་འགའི་སྔོན་ལ། ངས་དཔྱད་ཡིག་ཅིག་ལ་བལྟས་པ་ཡིན། དེའི་ནང་དུ་ན་གཞོན་ལས་བྱེད་པ་ཁ་ཤས་“ལས་གནས་སུ་ཞུགས་ནས་ཡུན་རིང་མ་འགོར་བར་ལོག་ལམ་དུ་བསྐྱོད་པ་”བཀོད་འདུག །སྡེ་ཚན་གྱི་རྐང་འཛིན་པར་གྱུར་པའམ་འགོ་ཁྲིད་ཀྱི་ལས་གནས་སུ་ཞུགས་མ་ཐག་ཏུ་ལྐོག་ཟ་རུལ་སུངས་ཀྱི་གནས་སུ་གྱར་བ་ནི་ཚེ་མཇུག་གི་ལ་རྒྱ་ཤོར་བ་ག་ལ་ཡིན། གཞོན་དུས་ནས་ལ་རྒྱ་ཤོར་ཚར་པ་རེད། ཚང་མས་བསླབ་བྱ་འདི་དག་དང་དུ་ལེན་པ་དང་དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོར་སྲུང་དགོས།
སྒྲིག་ལམ་བརྩི་ཞིང་མཐའ་ཚད་སྲུང་དགོས་ན། ཐོག་མར་གུས་ཞུམ་གྱི་བསམ་པ་ཡོད་དགོས། སེམས་ལ་སྐྲག་ས་ཡོད་ན་ད་གཟོད་གཏམ་ལ་བཤད་ལུགས་དང་སྦྱོར་བར་འགྲོ་ལུགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རུལ་སུངས་ཀྱི་སྣང་ཚུལ་ལ་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། རྡུང་རྡེག་ཚ་ནན་གཏོང་བ་དང་། བཅོས་སྒྲིག་མཐར་ཕྱིན་བྱེད་པ། ཟིལ་གནོན་གནད་ལ་འཁེལ་བ་བཅས་བྱས་ཡོད། འོན་ཀྱང་ལས་བྱེད་པ་ལ་ལས་སྔར་བཞིན་རང་སྣང་གང་ཤར་དང་ཤེས་བཞིན་དུ་སྒྲིག་འགལ་བྱེད་ཀྱི་ཡོད། ཁོ་ཚོས་ནི་སྒྲིག་ཁྲིམས་སྒྲིག་ལམ་མ་ཤེས་པ་མ་ཡིན་པར་གུས་ཞུམ་གྱི་བསམ་པ་མེད་པ་རེད། ཁོ་ཚོས་བསགས་པའི་བྱས་ཉེས་དེ་དག་ནི་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་གསལ་པོར་གཏན་འགོག་བྱེད་རིགས་ཤ་སྟག་མ་ཡིན་ནམ། བྱས་ཉེས་གང་ཞིག་དཔེ་ལྟ་སའི་མེ་ལོང་མེད་པ་ཡིན་ནམ། གནའ་མིའི་བཤད་རྒྱུན་དུ། “གུས་ཞུམ་ཡོད་ན་བག་དང་ལྡན་པས་ཀུན་སྤྱོད་བཟང་། གུས་ཞུམ་མེད་ན་བག་ཚ་མི་མངའ་ཆག་སྒོ་སློང་།”[12]ཞེས་པ་ལྟར། གུས་ཞུམ་མེད་ན་གང་བྱུང་མང་བྱུང་ཚང་མ་སྒྲུབ་ཡོང་གི་རེད། མི་ལ་ལ་ཞིག་གིས་ཐོས་པ་ཙམ་གྱིས་སྐྱི་གཡའ་བའི་དོན་དག་དེ་འདྲ་མང་པོ་བསྒྲུབས་པའི་རྒྱུ་རྐྱེན་གཙོ་བོའང་གུས་ཞུམ་མེད་པས་རེད། ལས་བྱེད་པས་ངེས་པར་དུ་གུས་ཞུམ་ཤེས་པ་དང་། འཛེམ་བག་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས་པ་དང་། ཏང་ལ་གུས་ཞུམ་དང་། མི་དམངས་ལ་གུས་ཞུམ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ལ་གུས་ཞུམ་བཅས་བྱེད་དགོས་པ་ལས། “མུན་ནག་རླུང་ལྡིང་མཚན་མོར་སུས་ཀྱང་མཐོང་མི་འགྱུར་”ཞེས་པའི་རང་གཞན་མགོ་སྐོར་གཏོང་བའི་ངང་དུ་བློ་རིག་འཁྲུལ་མི་རུང་། “གསང་བ་ཤེས་མཁན་གནམ་ས་གཉིས་དང་ངེད་གཉིས་མ་གཏོགས་མེད་”ཅེས་པའི་ཁ་ཡག་ཚིག་འཇམ་གྱི་ངང་དུ་ཁ་ཕྱོགས་ནོར་མི་རུང་། “འབྱོར་བ་རྒྱས་འདོད་ན་ཉེན་ཁ་བརྒྱུད་ལོས་དགོས་”ཞེས་པའི་སྟེས་དབང་གི་བསམ་བློ་བཅངས་ནས་གཡང་ཁར་རྒྱུ་མི་རུང་། “ཁྲིམས་ལས་འགལ་མཁན་མང་ན་ཁྲིམས་ལྟར་ཉེས་ཆད་གཅོད་དཀའ་”ཞེས་པའི་ངོས་འཛིན་ནོར་འཁྲུལ་ཅན་བཟུང་ནས་རང་སྣང་གང་དྲན་བྱེད་མི་རུང་།
བློ་སྦྱོང་ནན་པོ་བྱས་ན་ད་གཟོད་རང་གཅུན་ནན་པོ་བྱེད་ཐུབ། ལས་བྱེད་པས་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི་སྤྱི་ཁྱབ་གློག་སྒོ་དམ་པོར་བརྒྱབ་ནས་བསམ་བློའི་གོ་རྟོགས་དང་བསམ་པའི་གོ་འཕང་ཇེ་མཐོར་བཏང་ན་ད་གཟོད་རུལ་སུངས་བྱེད་མི་ཕོད་པ་ནས་རུལ་སུངས་བྱེད་མི་འདོད་པར་འགྱུར་ཐུབ། མིང་རྒྱལ་རབས་ཀྱི་གནས་ལུགས་རིག་པ་སྨྲ་བ་ཞུའེ་ཞོན་གྱིས་སྤྱོད་གཙང་རང་གཅུན་བྱེད་པར་གོ་འཕང་རིགས་གསུམ་ཡོད་པར་འདོད་པ་ནི། ཚུལ་ལུགས་ཤེས་ནས་མི་བྱེད་པ་མཆོག་གོ །གྲགས་པ་བསམས་ནས་མི་བྱེད་པ་འབྲིང་ངོ་། །ཁྲིམས་ལ་སྐྲག་ཅིང་ཐོབ་གོ་ས་ཤོར་དོགས་ཀྱིས་བྱེད་མི་ཕོད་པ་ཐ་མའོ། །ང་ཚོ་གུང་ཁྲན་ཏང་མིས་བརྩོན་བྱ་སྤྱི་དོན་ཆེན་པོ་དང་། བསྲུང་བྱ་བདེན་དོན་ཆེན་པོ། བསྙེག་བྱ་བདག་ཆེན་པོ་ཡིན་པས། དེ་བས་ཀྱང་བསམ་པ་རྣམ་དག་དང་། གནས་ལུགས་གསལ་རྟོགས། སྤྱོད་བཟང་ལྷུར་ལེན། རང་གཅེས་རང་བདག་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་འཇོག་དགོས་པ་དང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་ལྷུར་ལེན་དང་། སྤྱོད་པ་ཚུལ་མཐུན། བསླད་སྐྱོན་བྲལ་བ་བཅས་ཀྱི་མི་ཞིག་བྱེད་དགོས། ས་ཨུའི་ཧྲུའུ་ཅི་ཕུལ་བྱུང་ཅན་དབྱང་ཧྲན་ཀྲོའུ་ནི་དེ་ལྟ་བུའི་དཔེ་མཚོན་མི་སྣ་ཞིག་རེད། ཁོང་གིས་ཚེ་གང་བོར་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ཚེ་གང་བོར་རང་གཅུན་སྤྱི་གཅེས་བྱས་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པར། གྲོང་གསེབ་ཀྱི་ཁྱིམ་ཚང་མང་པོས་ས་རྩིག་ཤིང་ཆའི་ཁང་པ་སོ་ཕག་གི་རྒྱ་ཕིབས་ཅན་བསྐྲུན་ཡོད། འོན་ཀྱང་ཁོང་གི་ཁྱིམ་ཚང་སྔར་བཞིན་རྩྭ་ཁང་དུ་བསྡད་ཡོད། ཁང་རྙིང་དེར་ཐིགས་ཆུ་ཟགས་དུས། ཁོང་གིས་ནང་མི་རྣམས་ལ་“ང་ལ་དངུལ་མེད། ཁྱོད་ཚོས་གནས་སྐབས་སྡུག་བསྲན་ཐུབ་དགོས། ཐིགས་ཆུ་ཟགས་ན་གཞོང་པ་འགའ་ཉོས་ཏེ་ཟེད་ཅིག་”ཅེས་བཤད། 1992ལོར། ཁོང་གིས་ཏ་ལེང་ཧྲན་ནགས་རར་སོ་ཕག་ཁང་པ་ཐོག་མ་དེ་བརྒྱབ་པ་རེད། འོན་ཀྱང་དེའི་ནང་དུ་ཡང་གསར་དུ་ཡོང་བའི་ལག་རྩལ་པ་སྡོད་དུ་བཅུག་ནས་རང་ཉིད་སྔར་བཞིན་སྣུམ་སྙིགས་ཕྱིང་ཁེབས་ཀྱི་སྤྱིལ་བུའི་ནང་བསྡད། ཐེངས་ཤིག་ཁོང་གྲོང་ཚོར་འགྲོ་དུས་ཁྱིམ་ཚང་ཞིག་ཏུ་བསྡད་དེ་ཟ་མ་ཟོས་པར། ཁྱིམ་དེ་གས་ཁོང་ལ་ཟ་མ་ཡག་པོ་བཟོ་ཐུབ་མ་སོང་སྙམ་ནས་ཟས་རིན་ལས་སྒོར་ཟུར་གཉིས་ལྐོག་ཏུ་ཕྱིར་བསློགས་པར། ཁོང་གིས་མཚན་མོར་ཨུ་ཚུགས་ཀྱིས་ལེ་དབར་བརྒྱ་ཡི་ལམ་ལ་བསྐྱོད་དེ་སྒོར་ཟུར་གཉིས་དེ་ཕྱིར་སྤྲད་པ་རེད། མི་ལ་ལས་ཁོང་ནི་ཟས་གོས་འགྲོ་འདུག་ལ་དང་དོད་མེད་པའི་“གླེན་པ་”ཞིག་རེད་འདོད་ཀྱི་ཡོད། ཡིན་ཡང་ཁོང་གིས། “མི་ལ་ལས་ངས་རང་སྡུག་རང་གིས་ཉོས་པ་རེད་ཟེར། དོན་དངོས་ཐོག་ང་རང་ཅི་འདྲའི་བག་ཕེབས་དགའ་སྤྲོ་ལྡན་པ་ཁྱོད་ཚོས་ཤེས་ཀྱི་མེད།” “གལ་ཏེ་གུང་ཁྲན་ཏང་མིར་ལས་རིགས་ཀྱི་ནད་ཅིག་ཡོད་ཟེར་ན། ནད་དེ་ནི་རང་སྡུག་རང་གིས་ཉོ་བའི་ནད་དེ་ཡིན།” ཞེས་བཤད་པ་རེད། དཀའ་སྤྱད་འབད་བརྩོན་དང་། དཀའ་སྡུག་དང་དུ་ལེན་པའི་སྙིང་སྟོབས་དེ་ནི་ནམ་ཡང་དུས་ལས་ཡོལ་རྒྱུ་མེད་པས་དུས་ནམ་ཡིན་ཡང་དར་སྤེལ་གཏོང་དགོས། གུང་ཁྲན་ཏང་གི་ལས་བྱེད་པས་མི་སྒེར་གྱི་སྙན་གྲགས་དང་། གོ་གནས། ཁེ་ཕན་བཅས་ལ་བརྩི་མཐོང་ཆུང་དགོས་ལ་དབྱུགས་ཐུབ་དགོས། “ཐག་རིང་ཡུལ་དུ་དཔོན་པོར་བསྙེགས་དོན་ནི། །ཁ་ཡི་ལྟོ་དང་རྒྱབ་ཀྱི་གོས་ཕྱིར་ཡིན། །”ཞེས་པའི་བཤད་སྟངས་དེ་རིགས་དོན་དུ་གཉེར་ན་མདུན་ལམ་གང་ཡང་མེད།
དྲུག་པ། དཀའ་སྤྱད་སྦྱོང་བརྡར་བྱེད་པ་དང་འཇོན་ཐང་ཆེ་རུ་གཏོང་དགོས། “སྒྱེ་མོ་ཆུང་ངུར་ཟོང་ཆེན་མི་ཤོང་ལ། །ཐག་པ་ཐུང་ངུས་ཁྲོན་ཆུ་མི་ལོན། །”[13]ཞེས་པ་ལྟར། ང་ཚོ་སྔར་བྱུང་མྱོང་མེད་པའི་འཕོ་འགྱུར་གྱི་དུས་རབས་སུ་གནས་ཤིང་། སྔར་བྱུང་མ་མྱོང་བའི་བྱ་གཞག་རླབས་པོ་ཆེ་སྒྲུབ་བཞིན་ཡོད་པས། གལ་ཏེ་ཡོན་ཚད་ཀྱིས་མི་འདང་བ་དང་། མཐོང་རྒྱ་མི་ཡངས་པ། ནུས་པ་ཆེན་པོ་མེད་པ་ཡིན་ན་དོན་དག་འགྲུབ་དཀའ་བ་རེད། ན་གཞོན་ལས་བྱེད་པ་རྣམས་སེམས་ཤུགས་འཛོམས་པ་དང་། རིག་པ་རྒོད་པ། དང་ལེན་ནུས་པ་ཆེ་བ། འཇོན་ཐང་ལྡན་པ་དང་ཡོན་ཏན་འབྱོར་བའི་དུས་སྐབས་ཡག་པོར་གནས་པས། ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་དང་ལང་ཚོར་ངོ་གནོང་མི་དགོས་པར་བྱས་ཏེ། སྐོམ་པས་ཆུ་འདོད་ལྟར་སློབ་སྦྱོང་དང་། དུས་ཚོད་དམ་འཛིན་གྱིས་ཡར་བརྩོན་བྱེད་དགོས།
དཔེ་དེབ་ལས་ཡོན་ཏན་སྦྱོང་བ་ནི་ཤེས་བྱ་ཕུན་སུམ་ཚོགས་པོ་དང་ཤེས་ཡོན་ཡར་རྒྱས་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་“ཟས་ཉིན་གཅིག་ལ་མ་ཟོས་ཀྱང་ཆོག་ལ། གཉིད་ཉིན་གཅིག་ལ་མ་ཉལ་ཡང་ཆོག །འོན་ཀྱང་དཔེ་དེབ་ནི་ཉིན་གཅིག་ལ་མ་བཀླགས་ནའང་མི་ཡོང་”ཞེས་གསུངས་མྱོང་། ཁོང་ཉིན་རེར་ཕྱག་ལས་བྲེལ་བ་ཧ་ཅང་ཆེ་རུང་། སྔར་བཞིན་དུས་ཚོད་སྐད་ཅིག་ཙམ་ཡོད་ནའང་དཔེ་ཆ་ཀློག་པ་དང་། དབུ་སྐྲ་བཞར་དུས་ཀྱང་དཔེ་ཀློག་གནང་གི་ཡོད། ད་དུང་ཞལ་ཀྱལ་གྱི་ཚུལ་དུ་སྐྲ་བཞར་མཁན་ལ་“ཁྱོད་ཀྱིས་རང་གི་བྱ་བ་སྒྲུབས། ངས་ང་ཡི་བྱ་བ་སྒྲུབ། ངེད་གཉིས་ཀྱིས་ཕན་ཚུན་ལ་བར་ཆད་མི་གཏོང་བར་བྱེད།” ཅེས་གསུངས་པ་རེད། ང་ཚོས་“དམ་འཛིན་”དང་“བརྩོན་ཞིབ་”བྱེད་པའི་སྙིང་སྟོབས་དེ་རིགས་དར་སྤེལ་བཏང་སྟེ། དཔེ་ཆ་མང་ཙམ་ཀློག་པ་དང་དཔེ་ཆ་ཡག་པོ་ཀློག་པ། དཔེ་དེབ་ནང་ནས་བློ་གྲོས་དང་འཚོ་བཅུད་ལེན་དགོས་པ་ལས། རང་རློམ་ཆེན་པོས་སློབ་སྦྱོང་མི་བྱེད་པ་དང་། ལས་ཀ་བྲེལ་བ་ཆེ་བར་ཁ་གཡར་ནས་སློབ་སྦྱོང་ལྷོད་གཡེང་དུ་གཏོང་བ། མཛེས་ཉམས་སྟོན་ཆེད་ཕྱི་ཚུལ་གྱི་སློབ་སྦྱོང་བྱེད་པའི་རྣམ་འགྱུར་ཙམ་སྟོན་པ་བཅས་བྱེད་མི་རུང་། སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་ན་གང་ཞིག་སློབ་སྦྱོང་བྱེད་དགོས་པ་དང་ཇི་ལྟར་སློབ་སྦྱོང་བྱེད་དགོས་པའི་གནད་ཅིག་ཡོད། མི་ཞིག་གི་སེམས་ཤུགས་ལ་ཚད་ཡོད་པས་ཡོད་ཚད་སྦྱང་ཚར་གྱི་མ་རེད། ལས་བྱེད་པས་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས་པ་དང་། ལས་གང་ཞིག་སྒྲུབ་ན་དེ་སློབ་སྦྱོང་བྱེད་པ་དང་། གང་ཞིག་མི་འདང་ན་དེ་ཁ་གསབ་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་། དཔལ་འབྱོར་དང་། ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱི་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་དང་། རང་འཁྲིའི་ལས་ཀ་ཡག་པོ་སྒྲུབ་པ་དང་འབྲེལ་བའི་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་སློབ་སྦྱོང་བྱས་ནས་རང་འགན་གཙང་སྒྲུབ་བྱེད་པར་ཉེ་བར་མཁོ་བའི་ཤེས་བྱའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས།
ལག་ལེན་ལས་ཤེས་ཡོན་རྣལ་མ་འབྱུང་ལ། ལག་ལེན་ལས་འཇོན་ཐང་རྣལ་མ་འབྱོར། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྱབ་རྒྱ་ཧ་ཅང་ཆེ་བ་དང་། འགོ་ཁྲིད་ལས་བྱེད་པས་ལས་གནས་གཅིག་ཁོ་ནའི་སྟེང་དུ་ལས་ཀ་བྱེད་པ་མིན་པས། ཚང་མ་སློབ་སྦྱོང་བྱས་ཚར་བ་དང་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་རྗེས་ད་གཟོད་ལས་ཀ་བྱེད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ལས་ཀ་བྱེད་ཞོར་སློབ་སྦྱོང་དང་སློབ་སྦྱོང་བྱེད་ཞོར་ལས་དོན་སྒྲུབ་རྒྱུ་ནི་འགོ་ཁྲིད་ལས་བྱེད་པ་འཚར་ལོངས་ཡོང་བ་དང་འཇོན་ཐང་རྒྱས་པའི་འགྲོ་ལམ་ཉག་ཅིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་མཚོ་དམག་བཙུགས་པ་དང་། ཏང་ཀྲུང་དབྱང་གིས་བློ་མཐུན་ཞའོ་ཅིན་ཀོང་མཚོ་དམག་གི་བཀའ་སྤྱི་ལ་བསྐོ་རྒྱུ་ཐག་བཅད་པ་རེད། བློ་མཐུན་ཞའོ་ཅིན་ཀོང་ནི་མཚོ་དམག་ལ་འབྲེལ་འདྲིས་གཏན་ནས་མེད་ལ། ཁོང་ད་དུང་“སྐམ་སའི་བྱ་གག་”ཙམ་རེད། འོན་ཀྱང་ཁོང་གིས་ལས་ཀ་བྱེད་ཞོར་དང་སློབ་སྦྱོང་བྱེད་ཞོར་བྱས་ཏེ། རང་རྒྱལ་ལ་མཚོ་དམག་མེད་པ་ནས་ཡོད་པ་དང་མགྱོགས་མྱུར་དུ་སྟོབས་ཆེར་གྱུར་ཏེ་ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ཡོངས་འགྲུབ་བྱས་པ་རེད། དམག་འཁྲུག་གི་ལོ་རབས་བརྒྱུད་ནས་ཡོང་བའི་གསར་བརྗེ་རྒན་རབས་པ་མང་པོ་ཞིག་ཀྱང་ལག་ལེན་གྱི་ནང་དུ་དཔལ་འབྱོར་དང་། ཚན་རྩལ། ཕྱི་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཁས་པར་གྱུར་པ་རེད། “བསླབས་ན་འཇོན་ཐང་འཕེལ། བརྡར་ན་རྣོ་ཁ་འབུད། །”[14]ཞེས་པ་ལྟར། ལག་ལེན་གྱི་སྦྱོང་བརྡར་ཐོབ་པའི་བློ་མཐུན་ཞིག་གིས་ལས་ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་སྒྲུབ་ཤེས་པ་དང་། ལས་ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་སྒྲུབ་ནུས་པ། ལས་ཇི་ཙམ་བསྒྲུབས་ན་དེ་ཙམ་གྱིས་སྒྲུབ་འདོད་ཅེས་བརྗོད་ཡོད། ལག་ལེན་གཅིག་པ་ཡིན་ནའང་དངོས་གནས་བློ་རིག་སྒྲིམ་ཡོད་མེད་དང་། ཕྱོགས་བསྡོམས་བྱེད་པ་དང་བསམ་བློ་གཏོང་མཁས་མིན། ཐོབ་འབྲས་ཆེ་ཆུང་དང་ཡར་རྒྱས་མགྱོགས་མིན་ཚང་མ་གཅིག་པ་མིན། གལ་ཏེ་ཟང་ཟིང་ལང་ལོང་དང་སྟབས་བསྟུན་མེད་པའི་ངང་བྱ་བ་བསྒྲུབས་ཏེ་ཕྲན་ཚེགས་རིང་ལུགས་ཀྱི་གནས་སུ་གྱར་ན། ངོས་ཟིན་དང་ལས་ཀའི་ཆུ་ཚད་མཐོར་འདེགས་ཡོང་དཀའ་བ་རེད།
གོང་དུ་ངས་ནན་བཤད་བྱས་པའི་གནད་དེ་དག་ནི་ན་གཞོན་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་ཐག་གཅོད་ཡག་པོ་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་ཡིན། ཚང་མ་རླབས་ཆེན་གྱི་དུས་རབས་སུ་སྐྱེས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གསར་པ་ཡིན། ངའི་རེ་བར་ཚང་མས་ཟུངས་སྟོབས་ཆེ་རུ་གཏོང་བ་དང་། བློ་སྦྱོང་ཡག་པོ་བྱེད་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་པ་ལས། ཕྱོགས་འཛོལ་དང་། རྗེས་ལུས། གྲལ་འབུད་བཅས་མི་བྱེད་པར། ཆེན་པོའི་དོན་འགྲུབ་ཅིང་ལྗིད་པོའི་འགན་ལྕོགས་པའི་ཀ་གདུང་ལྟ་བུའི་ཤེས་ལྡན་པ་ཆགས་པར་ཧུར་ཐག་བྱེད་དགོས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ཧུར་བརྩོན་གྱིས་ལས་དོན་བསྒྲུབས་ནས་ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བར་འཚལ།
མཆན་འགྲེལ།
[1] ལི་ཏ་ཀྲའོ་ཡི་《བློས་གཏོང་》(《ལི་ཏ་ཀྲའོ་ཡི་གསུང་འབུམ་》དེབ་3པ། མི་དམངས་དཔེ་སྐྲུན་ཁང་། 2013ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་107པ།)ཞེས་པར་གསལ།
[2] ལུའུ་ཞུན་(1881—1936)ནི་ཀྲེ་ཅང་ཧྲའོ་ཞིང་གི་མི་ཡིན། ཀྲུང་གོའི་རྩོམ་རིག་མཁས་ཅན་དང་། བསམ་བློ་པ། གསར་བརྗེ་པ་བཅས་ཡིན་པ་དང་། ཀྲུང་གོའི་དེང་རབས་རྩོམ་རིག་གི་རྨང་འདིང་མཁན་ཡིན།
[3] ལུའུ་ཞུན་གྱི་《གསར་བརྗེ་མིན་པའི་མྱུར་བཅོས་གསར་བརྗེ་སྨྲ་མཁན་》(《ལུའུ་ཞུན་གྱི་གསུང་འབུམ་》དེབ་4པ། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི་2005ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་231པ།)ཞེས་པར་གསལ།
[4] མའོ་ཙེ་ཏུང་གི་《ཧྲན་ཞི་དང་སུའེ་ཡོན་འབྲེལ་མཚམས་ས་ཁུལ་གྱི་ལས་བྱེད་པའི་གྲོས་ཚོགས་ཐོག་གི་གཏམ་བཤད་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་4པ། མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་བོད་ཡིག་པར་གཞི། ཤོག་ངོས་2555པ།)ཞེས་པར་གསལ།
[5] མའོ་ཙེ་ཏུང་གི་《ང་ཚོའི་སློབ་སྦྱོང་སྒྱུར་བཀོད་བྱེད་དགོས་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་བོད་ཡིག་པར་གཞི། ཤོག་ངོས་1581པ།)ཞེས་པར་གསལ།
[6] ཐང་རྒྱལ་རབས་ཀྱི་ཧྥང་ཞོན་ལིང་སོགས་ཀྱི་《ཅིན་ཡིག་•ཝང་རོང་གི་རྟོགས་བརྗོད་ཀྱི་ཟུར་བཀོད་ཝང་ཡན་གྱི་རྟོགས་བརྗོད་》ཅེས་པར་གསལ།
[7] ཆིང་རྒྱལ་རབས་ཀྱི་ལིན་ཙེ་ཞུས་ཀྱི་《དམག་ལ་ཆས་ཁར་མཁར་ཐོག་ཏུ་ཁྱིམ་མིར་གྱེས་པ་》ཞེས་པར་གསལ།
[8] ཁུང་ཙི་(སྤྱི་ལོའི་སྔོན་གྱི་551—སྔོན་གྱི་479)སྟེ། མིང་ལ་ཆིའུ་དང་ཡིག་མིང་ལ་ཀྲུང་ཉི་ཟེར་བ་དང་། ལུའུ་རྒྱལ་ཁབ་ཀྱི་ཙོའུ་དབྱི་(ད་ལྟའི་ཧྲན་ཏུང་ཆུས་ཧྥུ་)ཡི་མི་ཡིན། ཁྲུན་ཆིའུ་དུས་སྐབས་ཀྱི་བསམ་བློ་པ་དང་། སློབ་གསོ་པ། ཆབ་སྲིད་པ་བཅས་དང་། རུའུ་ལུགས་པའི་སྲོལ་འབྱེད་མཁན་ཡིན།
[9] 《ཁུང་ཙིའི་གསུང་སྒྲོས་•དབྱང་ཧུའོ་》ཞེས་པར་གསལ།
[10] མེང་ཙི་(སྤྱི་ལོའི་སྔོན་གྱི་372—སྔོན་གྱི་289)སྟེ། མིང་ལ་ཁེ་དང་ཡིག་མིང་ལ་ཙི་ཡུས་ཟེར་བ་དང་། ཙོའུ་(ད་ལྟའི་ཧྲན་ཏུང་གི་ཙོའུ་ཁྲེང་གི་ཤར་ལྷོའི་རྒྱུད་)ཡི་མི་ཡིན། ཀྲན་གོའི་དུས་སྐབས་ཀྱི་མཚན་ཉིད་རིག་པ་བ་དང་། བསམ་བློ་པ། སློབ་གསོ་པ་བཅས་ཡིན།
[11] 《མེང་ཙི་•བློ་ནུས་གང་ཡོད་འདོན་པའི་ལེའུའི་སྨད་ཆ་》ཞེས་པར་གསལ།
[12] མིང་རྒྱལ་རབས་ཀྱི་ལུའེ་ཁུན་གྱི་《སྐྱོ་ངག་•བློ་སྦྱོང་》ཞེས་པར་གསལ།
[13] 《ཀྲོང་ཙི་•དགའ་བ་བླ་མེད་》ཅེས་པར་གསལ།
[14] ཧན་རྒྱལ་རབས་ནུབ་མའི་ལིའུ་ཞང་གི་《གཏམ་རྒྱུད་ཀྱི་དགའ་ཚལ་•རྩ་བ་འཛུགས་པ་》ཞེས་པར་གསལ།