ཉི་ཤུ་པ། “རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
“རྒྱུད་གཅིག་ལམ་གཅིག་”དེ་མཉམ་ལས་ཀྱི་ལམ་བུ་དང་། བདེ་ཐང་གི་ལམ་བུ། སླར་གསོའི་ལམ་བུ། འཕར་སྣོན་གྱི་ལམ་བུ་བཅས་སུ་སྐྲུན་དགོས།
(2020ལོའི་ཟླ་6ཚེས་18ཉིན།)
ཐེངས་འདིར་གློ་བུར་དུ་བྱུང་བའི་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཤིང་། འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་ཚབས་ཆེན་བཏང་བ་དང་། རྒྱལ་ཁབ་འགའ་ཞིག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་དཀའ་ངལ་ཚབས་ཆེན་བཟོས་ཡོད་པ་རེད། རིམས་ནད་ལ་ཁ་གཏད་འཇལ་ཆེད་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་བཙུགས་ཏེ་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་སྤྱད་པས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཧུར་ཐག་བྱེད་བཞིན་ཡོད། ཀྲུང་གོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོ་སྔ་ཙམ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་སྤེལ་གཏོང་བར་ཧུར་བརྩོན་གྱིས་བྱས་རྗེས་འཇོག་འདོད་ཡོད།
རིམས་ནད་ཀྱིས་ང་ཚོར་བློ་སྐྱེད་ཟབ་མོ་རབ་དང་རིམ་པ་སྦྱིན་ཡོད། རྒྱལ་ཁབ་ཁག་གི་ལས་དབང་ཕན་ཚུན་དམ་ཟབ་ངང་འབྲེལ་ཡོད་པས་མིའི་རིགས་ནི་ཕྱར་བ་གྲུ་འདེགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་རེད། རིམས་ནད་ལ་ཁ་གཏད་འཇལ་བའམ་ཡང་ན་དཔལ་འབྱོར་སླར་གསོ་བྱེད་པ་གང་ཡིན་རུང་ཚང་མ་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་སྐྱོད་དགོས་པ་དང་། ཚང་མས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། གཅིག་ལ་གཅིག་སྦྲེལ་སྐུལ་འདེད་གཏོང་བ་དང་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་བྱ་རྒྱུ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉམས་ཉེན་ལ་ཁ་གཏད་འཇལ་བ་དང་ཕུགས་རྒྱང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ཐབས་ལམ་ཞིག་ཡིན་པས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཐུབ་པ་རེད།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ང་ཚོས་མཉམ་ལས་རོགས་ཟླ་དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”དེ་མཐུན་སྒྲིལ་བྱས་ནས་འགྲན་སློང་ལ་ཁ་གཏད་འཇལ་བའི་མཉམ་ལས་ཀྱི་ལམ་བུ་དང་། མི་དམངས་ཀྱི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི་བདེ་ཐང་གི་ལམ་བུ། དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་སླར་གསོའི་ལམ་བུ། འཕེལ་རྒྱས་ཀྱི་བག་ཉལ་སྟོབས་ཤུགས་གློད་གཏོང་བྱེད་པའི་འཕར་སྣོན་གྱི་ལམ་བུ་བཅས་སུ་སྐྲུན་འདོད་ཡོད། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་ཐོག་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས།
༄༅། །“རྒྱུད་གཅིག་ལམ་གཅིག་”གི་རོགས་ཟླའི་འབྲེལ་བ་སྔར་བས་དམ་ཟབ་ཅིག་འཛུགས་སྐྲུན་བྱེད་དགོས།
(2021ལོའི་ཟླ་4ཚེས་20ཉིན།)
“རྒྱུད་གཅིག་ལམ་གཅིག་”ནི་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་སའི་འོད་སྟོང་འབར་བའི་ལམ་ཆེན་ཞིག་ཡིན་པ་ལས་ཕྱོགས་ག་གེ་མོའི་སྒེར་གྱི་ལམ་ཕྲན་ཞིག་མིན་ཞེས་ངས་ཐེངས་མང་པོར་བཤད་མྱོང་། འདིའི་ཕྱོགས་ལ་སྤྲོ་བ་ཡོད་པའི་རྒྱལ་ཁབ་ཚང་མ་དེར་ཞུགས་ནས་མཉམ་དུ་ཞུགས་པ་དང་། མཉམ་དུ་མཉམ་ལས། མཉམ་དུ་ཁེ་ཕན་འཐོབ་པ་བྱེད་ཆོག །“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་དོན་གཉེར་བྱ་གཞི་ནི་འཕེལ་རྒྱས་ཡིན་པ་དང་། ཐོད་དུ་བཀུར་བྱ་ནི་མཉམ་རྒྱལ་ཡིན་ལ། བརྒྱུད་སྤྲོད་བྱ་གཞི་ནི་རེ་བ་ཡིན།
འབྱུང་འགྱུར་ལ་ཁ་ཕྱོགས་ནས་ང་ཚོས་ཕྱོགས་སོ་སོ་དང་མུ་མཐུད་དུ་སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལག་ལེན་བསྟར་བ་དང་། སྒོ་འབྱེད་དང་། ལྗང་མདོག །སྤྱོད་གཙང་གསུམ་གྱི་འདུ་ཤེས་དར་སྤེལ་བཏང་ནས་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཡོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་གང་ཐུབ་ཐུབ་བྱེད་དགོས།
—— ང་ཚོས་འཕྲོད་བསྟེན་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་སྔར་བས་དམ་ཟབ་འཛུགས་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་། པ་ཞི། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། མ་ལེ་ཞི་ཡ། ཕ་ཁི་སི་ཐན། ཐུར་ཁེ་སོགས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་རོགས་ཟླའི་རྒྱལ་ཁབ་དག་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་གྱིས་ཐོན་སྐྱེད་བྱས་ཡོད། ང་ཚོས་འགོས་ནད་སྔོན་འགོག་ཚོད་འཛིན་དང་། སྤྱི་པའི་འཕྲོད་བསྟེན། སྲོལ་རྒྱུན་གསོ་རིག་དང་སྨན་རྫས་སོགས་ཀྱི་ཁྱབ་ཁོངས་སུ་ཕྱོགས་སོ་སོ་དང་མཉམ་ལས་རྒྱ་སྐྱེད་བཏང་ནས་མཉམ་དུ་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ཡིན།
—— ང་ཚོས་གཅིག་ལ་གཅིག་སྦྲེལ་གྱི་རོགས་ཟླའི་འབྲེལ་བ་སྔར་བས་དམ་ཟབ་ཅིག་འཛུགས་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་“འབྲེལ་མཐུད་མཁྲེགས་པོ་”དང་དེ་བཞིན་སྒྲིག་སྲོལ་དང་ཚད་གཞི་ཡི་“འབྲེལ་མཐུད་མཉེན་པོ་”ལ་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་དང་དངུལ་འཇོག་མཉམ་ལས་ཀྱི་ལམ་ག་ཤར་རྒྱུག་ཡོང་བ། དར་གོས་ཚོང་ལམ་གྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས་མཉམ་འདྲེས་འཕེལ་རྒྱས་ཀྱི་འོད་སྟོང་ལྡན་པའི་མདུན་ལམ་མཉམ་དུ་གཏོད་རྒྱུ་ཡིན།
—— ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་སྔར་ལས་དམ་ཟབ་ཅིག་འཛུགས་རྒྱུ་ཡིན། ལྗང་མདོག་གི་རྨང་གཞིའི་འཛུགས་སྐྲུན་དང་། ལྗང་མདོག་གི་ནུས་ཁུངས། ལྗང་མདོག་གི་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག་”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་དང་། “རྒྱུད་གཅིག་ལམ་གཅིག་”གི་ལྗང་མདོག་དངུལ་འཇོག་གི་རྩ་དོན་སོགས་ཕྱོགས་མང་མཉམ་ལས་ཀྱི་ལས་སྟེགས་འཐུས་སྒོ་ཚང་དུ་བཏང་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་གཞི་མདོག་དེ་དངོས་གནས་ལྗང་མདོག་ཏུ་འགྱུར་བར་བྱ་རྒྱུ་ཡིན།
—— ང་ཚོས་སྒོ་འབྱེད་དང་ཁོང་ཡངས་ཀྱི་རོགས་ཟླའི་འབྲེལ་བ་སྔར་ལས་དམ་ཟབ་ཅིག་འཛུགས་རྒྱུ་ཡིན། འཛམ་གླིང་དངུལ་ཁང་གི་འབྲེལ་ཡོད་སྙན་ཞུའི་འདོད་ཚུལ་ལྟར་ན། 2030ལོར་སླེབས་སྐབས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱིས་གོ་ལ་ཧྲིལ་པོའི་མི་ཁྲི་760དབུལ་པོ་དབུལ་རྐྱང་གི་གནས་ལས་སྒྲོལ་ཐུབ་པ་དང་མི་ཁྲི་3200དབུལ་པོ་འབྲིང་ཙམ་གྱི་གནས་ལས་སྒྲོལ་ཐུབ་རེ་ཡོད་པ་རེད། ང་ཚོས་སྒོ་འབྱེད་དང་ཁོང་ཡངས་ཀྱི་སྙིང་སྟོབས་བཅངས་ནས་ཞུགས་འདོད་ཡོད་པའི་འབྲེལ་ཡོད་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་གྱིས་“རྒྱུད་གཅིག་ལམ་གཅིག་”དེ་“དབུལ་འཕྲིའི་ལམ་བུ་”དང“འཕར་སྣོན་གྱི་ལམ་བུ་”ཞིག་ཏུ་འགྱུར་བར་བྱས་ཏེ། མིའི་རིགས་མཉམ་དུ་དར་རྒྱས་ཡོང་བའི་ཕྱོགས་སུ་སྐྱོད་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་ངེས་ཡིན།
༄༅། །“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པར་བྱེད་དགོས།
(2021ལོའི་ཟླ་11ཚེས་19ཉིན།)
ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཚད་གཞི་མཐོ་བ་དང་། རྒྱུན་མཐུད་ཡོད་པ། དམངས་འཚོར་ཕན་པ་བཅས་དམིགས་ཡུལ་དུ་བཟུང་ནས་གཅིག་ལ་གཅིག་སྦྲེལ་གྱི་མཉམ་ལས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་དྲ་རྒྱ་དམ་དུ་གཏོང་བ་བཅས་བྱས་ནས་ཧུར་ཐག་གིས་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་མཐོ་བ་དང་། དངུལ་འཇོག་གི་ཕན་འབྲས་སྔར་ལས་བཟང་བ། འདོན་སྤྲོད་ཀྱི་སྤུས་ཚད་སྔར་ལས་མཐོ་བ། འཕེལ་རྒྱས་ཀྱི་ལྡེམ་ཤུགས་སྔར་ལས་ཆེ་བ་བཅས་ཡོང་བར་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པར་བྱེད་དགོས།
ལོ་ངོ་8ཀྱི་རིང་ལ། ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག །ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་བཅས་གཅིག་འདོམས་ཀྱིས་འཆར་འགོད་བྱས་ཤིང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་གསུམ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཀྱི་“མཁྲེགས་པའི་སྦྲེལ་མཐུད་”ཁ་ཕྱོགས་གལ་ཆེན་དུ་འཛིན་པ་དང་། སྒྲིག་སྲོལ་གྱི་ཚད་གཞིའི་“མཉེན་པའི་སྦྲེལ་མཐུད་”དེ་འདེགས་སྐྱོར་གལ་ཆེན་དུ་འཛིན་པ། རྒྱལ་ཁབ་དང་མི་དམངས་ཀྱི་“སེམས་པ་སྦྲེལ་མཐུད་”མཉམ་དུ་འཛུགས་པ་དེ་རྨང་གཞི་གལ་ཆེན་དུ་འཛིན་པ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས། མིག་མཐོང་ལག་ཟིན་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་བརྒྱུད་དེ་རྒྱལ་ནང་གི་ས་ཁོངས་ཁག་གི་སྒོ་འབྱེད་ཆུ་ཚད་མཐོ་རུ་བཏང་ཞིང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་དང་། ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་བཏང་ཡོད། རྒྱ་ཁྱབ་ཀྱི་གྲོགས་ཚོམས་བཙུགས་པ་དང་། མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལམ་ག་གསར་པ་འཚོལ་ཞིབ་བྱས་ཏེ། མཉམ་སྐྲུན་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད།
“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་འཕྲད་པའི་དུས་བབ་གསར་པ་ངོས་འཛིན་དང་ངེས་ཤེས་གནད་འཁེལ་བྱེད་དགོས། སྤྱིའི་ཆ་ནས་བལྟས་ན། ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པར་འགྱུར་ལྡོག་བྱུང་མེད་ལ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཆེན་པོར་ཡང་འགྱུར་ལྡོག་བྱུང་མེད། རྒྱལ་སྤྱིའི་གནས་སྟངས་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་དུས་བབ་དེ་ང་ཚོར་ཕན་ཐོགས་ཆེ་བ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་སྔར་བཞིན་གོ་སྐབས་གལ་ཆེན་ལ་འཕྲད་ཡོད། དུས་མཚུངས་སུ་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་པོར་འབྱུང་བཞིན་ཡོད་པ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་བྱུང་བའི་འགྲན་རྩོད་དྲག་པོ་ནི་སྔ་ན་མ་མཆིས་པ་ཞིག་རེད། གནམ་གཤིས་འགྱུར་ལྡོག་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་སྔ་ན་མ་མཆིས་པ་ཐེབས་པས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་བྱེད་དགོས་ཤིང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་དང་། རྒྱལ་ནང་དང་རྒྱལ་སྤྱི་གཅིག་འདོམས། མཉམ་ལས་དང་འཐབ་རྩོད་གཅིག་འདོམས། བསགས་གྲངས་དང་འཕར་གྲངས་གཅིག་འདོམས། སྤྱི་ཡོངས་དང་གཙོ་གནད་གཅིག་འདོམས་བཅས་བྱས་ཏེ། འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། དགེར་ཕྱོགས་སྐྱོན་སྤོང་དང་ངར་སྐྱེད་མདུན་སྐྱོད་བྱེད་དགོས།
འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་བཏང་སྟེ། སྲིད་ཇུས་འབྲེལ་མཐུད་ཀྱི་སྣེ་ཁྲིད་དང་མགྱོགས་སྐུལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། མཉམ་ལས་སྦྲེལ་མཐུད་ལམ་སྲོལ་སྔར་ལས་མང་བ་འཚོལ་ཞིབ་ཀྱིས་བཙུགས་ཏེ་ཆབ་སྲིད་ཐད་ཀྱི་ངོས་འཛིན་གཅིག་མཐུན་དེ་བྱ་སྤྱོད་དངོས་སུ་སྒྱུར་བ་དང་འདུ་ཤེས་ཐད་ཀྱི་ཁས་ལེན་དེ་དངོས་དོན་གྲུབ་འབྲས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། གཅིག་ལ་གཅིག་སྦྲེལ་ཟབ་སྤེལ་བྱས་ཏེ། སྐམ་ས་དང་། རྒྱ་མཚོ། མཁའ་འགྲུལ། དྲ་རྒྱ་བཅས་“ཕྱོགས་བཞི་གཞི་གཅིག་”གི་གཅིག་ལ་གཅིག་སྦྲེལ་གྱི་བཀོད་པ་འཐུས་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་གསར་པའི་ལས་གཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། སྒྲིག་སྲོལ་གྱི་ཚད་གཞི་སོགས་“མཉེན་པའི་སྦྲེལ་མཐུད་”ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོའི་གཅིག་ལ་གཅིག་སྦྲེལ་གྱི་གྲངས་འབོར་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ཉོ་ཚོང་ཤར་རྒྱུག་གཏིང་ཟབ་ཏུ་སྤེལ་བ་དང་། ཉེ་འཁོར་རྒྱལ་ཁབ་དང་ཉོ་ཚོང་བྱེད་ཁྱོན་ཆེ་རུ་གཏོང་བ། ཚོང་ཟོག་སྤུས་ལེགས་སྔར་ལས་མང་བ་ནང་འདྲེན་བྱེད་པར་བསྔགས་སྐུལ་བྱེད་པ། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཉོ་ཚོང་དོ་མཉམ་དང་མཉམ་རྒྱལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་གསུམ་མམ་ཡང་ན་ཕྱོགས་མང་པོའི་ཚོང་ར་མཉམ་ལས་བྱ་རྒྱུ་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བྱེད་དགོས། མ་དངུལ་རྒྱུན་འཁོར་གཏིང་ཟབ་ཏུ་བཏང་ནས་ཕྱོགས་མང་གསར་སྤེལ་སྒྲིག་གཞི་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་དེའི་ནང་ཞུགས་པར་བློ་འགུག་བྱེད་པ་དང་། སྣ་མང་ཅན་གྱི་དངུལ་འཇོག་དངུལ་བསྡུ་མ་ལག་ཆ་ཚང་དུ་གཏོང་དགོས། སྤྱི་ཚོགས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་ཕྱོགས་མང་མཉམ་འགུལ་གྱི་སྤྱི་ཚོགས་རིག་གནས་སྤེལ་རེས་ཀྱི་བཀོད་པ་ཆེན་པོ་ཆགས་པར་བྱེད་དགོས།
མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་དགོས། བདེ་ཐང་དང་། ལྗང་མདོག །གྲངས་ཀ །གསར་གཏོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་བརྟན་པོའི་ངང་སྤེལ་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། རིམས་འགོག་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བརྒྱབ་ནས་མུ་མཐུད་དུ་མཉམ་སྐྲུན་རྒྱལ་ཁབ་ལ་ནུས་པས་གང་ལྕོགས་ཀྱིས་རོགས་རམ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་གི་མཉམ་ལས་ཟབ་སྤེལ་བྱེད་དགོས། གྲངས་ཀའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ནས་“དར་ལམ་གློག་རྡུལ་ཚོང་དོན་”འཕེལ་རྒྱས་གཏོང་བ་དང་། གྲངས་ཀའི་མཉམ་ལས་ཀྱི་བཀོད་པ་སྐྲུན་དགོས། ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཡག་པོ་བྱེད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། སྒོ་འབྱེད་དང་། དྲང་སྙོམས། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་སྐྲུན་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་གཅིག་འདོམས་ངང་བསམ་བློ་གཏོང་བ་དང་ཇུས་འགོད་བྱས་ཏེ། ཤུགས་རྒྱག་ས་གསར་པར་དམིགས་པ་དང་། སྦྲེལ་གནས་གསར་པ་བཟོ་སྐྲུན་བྱེད་དགོས། རང་སོའི་ཁྱད་ཆོས་ལྡན་པ་དང་། ཕན་ཚུན་གསབ་རེས་བྱེད་པ། ཤར་གཏོང་ཐུབ་ཅིང་བདེ་འཇགས་ཡིན་པ་བཅས་ཀྱི་སྐམ་སའི་བགྲོད་ལམ་གང་མགྱོགས་ཀྱིས་འཐུས་ཚང་གཏོང་བ་དང་། མཚོ་ཐོག་གི་བཀོད་པ་ལེགས་སྒྱུར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཤར་རྒྱུག་ཡོང་བར་འདེགས་སྐྱོར་ཕན་འབྲས་ལྡན་པ་འདོན་སྤྲོད་བྱེད་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ཤར་རྒྱུག་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཡོང་ཁུངས་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་སྤུས་ལེགས་འཛུགས་དགོས། དམངས་འཚོའི་ལས་གྲྭ་ནི་མཉམ་སྐྲུན་རྒྱལ་ཁབ་དག་གི་མང་ཚོགས་ཀྱི་ཐོབ་སྣང་མགྱོགས་མྱུར་གྱིས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། གཅིག་འདོམས་སྒོས་འཆར་འགོད་བྱེད་པར་ཤུགས་སྣོན་བརྒྱབ་ནས་དཀྱུས་མའི་ཤས་ཆེ་ཞིང་མི་སེམས་གཅིག་ཏུ་སྒྲིལ་བའི་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་བ་འགྲུབ་པར་བྱེད་དགོས།
ཕྱོགས་ཡོངས་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་གཙོ་གཉེར་སྡེ་ཁག་གི་དོ་དམ་འགན་འཁྲི་ཏན་ཏིག་ངང་དཀྲི་དགོས། རྒྱལ་ཁོངས་ཕྱིའི་ལས་གཞིའི་ཉེན་ཁར་དུས་ཀུན་ཏུ་སྔོན་ཚུད་ཉེན་བརྡ་གཏོང་བ་དང་དཔྱད་འཇོག་བྱེད་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་འཚོལ་ཞིབ་སྒོས་བཙུགས་ཏེ། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་དུས་བཀག་ལྟར་དཔྱད་འཇོག་བྱེད་དགོས། རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོབ་དང་། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ། བདེ་འཇགས་འགན་ལེན་སོགས་ཀྱི་ལམ་སྲོལ་གྱི་རོགས་འདེགས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གཅིག་འདོམས་སྒོས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁོངས་ཕྱིར་ཡོད་པའི་མི་སྣའི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཀྱི་གནད་འཁེལ་རང་བཞིན་འབུར་དུ་འདོན་པ་དང་། ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་། ལས་རེས་བརྗེ་སྤོར་མི་སྣ་རྒྱལ་ནང་དུ་ཕྱིར་ལོག་པ། དངོས་རྫས་འདོན་སྤྲོད། མ་དངུལ་གྱི་རྒྱབ་སྐྱོར་སོགས་ལ་འགན་སྲུང་ཤུགས་ཆེན་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ལས་དང་སྤྱི་དམངས་ཀྱིས་རང་རྟོགས་ངང་ས་གནས་དེ་གའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། མ་ལག་ལྡན་ཞིང་འཐུས་སྒོ་ཚང་བའི་རུལ་རྒོལ་སྐོར་གྱི་ཕྱིར་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་མགྱོགས་མྱུར་ཆགས་པར་བྱེད་པ་དང་། རྒྱལ་ཁོངས་བརྒལ་བའི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་སྣ་ཚོགས་ཀྱིས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་ལས་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་འཚེ་གཏོང་རིགས་གཏན་ནས་བྱེད་མི་ཆོག །སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཅི་ཙམ་བྱུང་ན་དེ་ཙམ་ཐག་གཅོད་ནན་པོ་བྱེད་དགོས།
གཅིག་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འགོ་ཁྲིད་ཚོ་ཆུང་གིས་འཆར་འགོད་གནད་ཆེན་དང་། སྲིད་ཇུས་གནད་ཆེན། ལས་གཞི་གནད་ཆེན། གནད་དོན་གནད་ཆེན། ལོ་འཁོར་གྱི་གཙོ་གནད་ལས་དོན་སོགས་མཐུན་སྦྱོར་དང་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་ལས་དོན་དེ་གྲོས་རིམ་གལ་ཆེན་ནང་དུ་བཞག་སྟེ། རྒྱལ་ཁོངས་ཕྱིའི་ལས་གཞི་འཛུགས་སྐྲུན་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་གཅིག་འདོམས་ཀྱིས་དོན་འཁྱོལ་ཡག་པོ་བྱེད་དགོས། ས་གནས་ཀྱིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་ནང་ཞུགས་པའི་གནས་ངེས་འཁྲུལ་མེད་རྙེད་པར་བྱེད་དགོས། གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་པ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་འདུ་ཤེས་དང་། རྩ་དོན། བྱེད་སྟངས་སོགས་འགྲེལ་བཤད་ཁ་གསལ་བྱས་ནས་ཐུན་མོང་ཐོག་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་གཏམ་རྒྱུད་ཡག་པོར་ཤོད་དགོས།