༄༅། །ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གང་འོས་འཇོག་དགོས།
(2020ལོའི་ཟླ་11ཚེས་17ཉིན།)
གོ་ལ་ཧྲིལ་པོར་མིག་ལྟ་བྱས་ཚེ། རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འཇིགས་སྐུལ་ཆེན་པོ་བཟོས་ཏེ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་མ་ལག་ཉམས་སད་དྲག་པོར་ཕྲད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལོ་བརྒྱའི་རིང་ཆེས་ཚབས་ཆེ་བའི་འགོས་ནད་རྒྱ་ཆེར་མཆེད་པའི་དུས་རིམ་ཞིག་བརྒྱུད་བཞིན་ཡོད། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་འཇོག་མགྱོགས་མྱུར་གྱིས་ཉམས་གུད་དུ་སོང་བ་དང་། མི་སྣ་དང་དངོས་ཟོག་འཁོར་རྒྱུག་ལ་འགོག་རྐྱེན་ཚབས་ཆེན་ཐེབས་ཤིང་། བརྟན་བརླིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་རྒྱུན་ཆད་མེད་པར་འཐོན་བཞིན་ཡོད་པས། འཛམ་གླིང་གི་དཔལ་འབྱོར་དུས་རབས་གོང་མའི་ལོ་རབས་30པར་ཉམས་རྒུད་ཆེན་པོ་བྱུང་བའི་རྗེས་ཀྱི་ཉམས་རྒུད་ཚབས་ཆེ་ཤོས་ཀྱི་དུས་སྐབས་བརྒྱུད་བཞིན་ཡོད། ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། བཙན་པོ་དབང་ཡོད་ཀྱི་བྱ་སྤྱོད་བཅས་ཉིན་རེ་ལས་ཉིན་རེར་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅིང་། བཅོས་སྐྱོང་གི་མཚལ་ཡིག་དང་། ཡིད་ཆེས་ཀྱི་མཚལ་ཡིག །འཕེལ་རྒྱས་ཀྱི་མཚལ་ཡིག །ཞི་བདེའི་མཚལ་ཡིག་བཅས་མང་དུ་འཕར་བཞིན་ཡོད།
དུས་མཚུངས་སུ་ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པར་འགྱུར་ལྡོག་བྱུང་མེད་པ་དང་། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་ཀྱི་འཕེལ་ཕྱོགས་ཀྱང་ཕྱིར་ལྡོག་མེད་པར་ང་ཚོ་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་མི་དམངས་ཀྱི་བདེ་སྐྱིད་བསམ་དགོས་ལ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་གང་འོས་འཇོག་དགོས།
—— ང་ཚོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་དགོས། ལོ་རྒྱུས་ཀྱིས་ང་ཚོར་གསལ་བསྒྲགས་བྱས་དོན། ཕྱོགས་མང་རིང་ལུགས་དམ་སྲུང་དང་། དྲང་སྙོམས་དྲང་བདེན་དོན་གཉེར་བྱས་ན། དམག་འཁྲུག་གི་གདོང་ཐུག་ཕྱིར་ཟློག་བྱེད་ཐུབ་པ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་ཆབ་སྲིད་སྤེལ་ན། རྩོད་གཞི་དང་འགྲན་རྒོལ་ཉིན་བཞིན་ཛ་དྲག་ཆེ་རུ་འགྲོ་ངེས་རེད། གལ་ཏེ་སྒྲིག་སྲོལ་དང་ཁྲིམས་སྐྱོང་སྣང་མེད་དུ་བཞག་ནས་མུ་མཐུད་དུ་ཕྱོགས་རྐྱང་པའི་བཙན་པོ་དབང་ཡོད་ཆེས་ཆེར་སྤེལ་བ་དང་“ཚོགས་ཐོན་ཆིངས་བཤིག་”བྱས་ཚེ། འཛམ་གླིང་མི་དམངས་ཡོངས་ཁྱབ་ཀྱི་འདོད་མོས་དང་འགལ་བར་མ་ཟད། རྒྱལ་ཁབ་ཁག་གི་འོས་བབ་ཁེ་དབང་དང་ལ་རྒྱར་རྡོག་བརྫིས་བཏང་བ་ཞིག་ཀྱང་རེད།
ཕྱོགས་མང་དང་ཕྱོགས་རྐྱང་བར་དང་། དྲང་སྙོམས་དང་བཙན་དབང་བར་གྱི་འཐབ་རྩོད་ལ་དམིགས་ཏེ། འབོ་གསེར་རྒྱལ་ཁབ་ཀྱིས་བློ་རྩ་བརྟན་པོས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་དང་། ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་སྲུང་སྐྱོབ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས། རྒྱལ་ཁབ་ཁག་གིས་འདུ་ཤེས་འཛིན་སྟངས་ལས་བརྒལ་ཏེ་རང་སོའི་རྒྱལ་ཁབ་གནས་ཚུལ་ལ་གཞིགས་ནས་བདམས་པའི་སྤྱི་ཚོགས་ལམ་ལུགས་དང་། དཔལ་འབྱོར་དཔེ་དབྱིབས། འཕེལ་རྒྱས་འགྲོ་ལམ་བཅས་ལ་ཕན་ཚུན་བརྩི་འཇོག་བྱེད་དགོས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་གཏོང་བ་དང་། མཉམ་གྲོས་དང་གྲོས་མོལ་བྱེད་པར་བརྟེན་ནས་ཕྱོགས་འགལ་སེལ་བ། ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ། ཕྱོགས་རྐྱང་བཀག་སྡོམ་དང་“དཔུང་རིང་ཇུས་གཏོགས་”ལ་ངོ་རྒོལ་བཅས་བྱས་ནས་ཞི་བདེ་དང་བརྟན་བརླིང་གི་འཕེལ་རྒྱས་ཁོར་ཡུག་ཅིག་མཉམ་དུ་སྐྲུན་དགོས།
—— ང་ཚོས་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ནས་རིམས་ནད་ཀྱི་འགྲན་སློང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྱད་གསོད་བྱེད་དགོས། ད་ལྟ་ནད་དུག་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པ་དང་། རིམས་ནད་ད་དུང་རྒྱུན་ཆད་མེད་པར་རེས་ལངས་རེས་འཇགས་བྱེད་པས། གོ་ལ་ཧྲིལ་པོའི་རིམས་འགོག་ལ་རྒྱལ་ཁ་ལོན་དགོས་ན་ད་དུང་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཀྱི་ཡོད། ལོ་གཅིག་ཙམ་གྱི་རིང་ལ་རིམས་འགོག་འཐབ་རྩོད་བྱས་པ་བརྒྱུད། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་རྩ་ཆེའི་ཉམས་མྱོང་བསགས་ཡོད་ཅིང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་ཐད་དུ་འཕེལ་སྐྱེད་མངོན་གསལ་དོད་པོ་བྱུང་ཡོད། ལོ་གཅིག་ལ་ཉེ་བའི་རིང་གི་རིམས་འགོག་ལག་ལེན་དངོས་ཀྱི་ཐོག་ནས་རྡོག་རྩ་གཅིག་སྒྲིལ་དང་ཚན་རིག་དང་མཐུན་པའི་འགོག་བཅོས་བྱས་པ་ཡིན་ཕྱིན། ནད་དུག་མཆེད་པ་ཚོད་འཛིན་བྱེད་ཐུབ་པ་དང་རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཐུབ་པ་ར་སྤྲོད་བྱས་ཡོད།
ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཡོད་ཚད་སྐོང་བསྡུ་དང་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྲུང་སྐྱོབ་བྱེད་དགོས། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་ལ་ཤུགས་བརྒྱབ་ནས་རིམས་ནད་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་པ་དང་། རིམས་འགོག་ཉམས་མྱོང་སྤེལ་རེས་བྱས་ནས་ནད་དུག་མཆེད་པ་བཀག་འགོག་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གནད་འགག་ཆེ་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོའི་ཁེ་ལས་ཀྱིས་ཨུ་རུ་སུ་དང་པ་ཞིའི་རོགས་པ་དང་མཉམ་ལས་བྱས་ཏེ་འགོག་སྨན་སྐབས་གསུམ་པའི་ནད་ཐོག་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ང་ཚོས་ཨ་ཧྥེ་རི་ཁ་ལྷོ་མ་དང་ཧིན་རྡུ་ལ་ཡང་མཉམ་དུ་འབྲེལ་ཡོད་མཉམ་ལས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་“ཏོག་གསར་གློ་ཚད་འགོག་སྨན་ལག་བསྟར་འཆར་གཞིའི་”ནང་ཞུགས་ཟིན་པ་དང་། ལས་སྟེགས་དེའི་ཐོག་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་མཉམ་དུ་འགོག་སྨན་མཉམ་སྤྱོད་བྱ་རྒྱུ་ཡིན། ང་ཚོས་དགོས་མཁོ་ཡོད་པའི་འབོ་གསེར་རྒྱལ་ཁབ་ལ་འགོག་སྨན་འདོན་སྤྲོད་བྱ་རྒྱུར་བསམ་བློ་ཧུར་ཐག་གཏོང་འདོད་ཡོད། འབོ་གསེར་རྒྱལ་ཁབ་ཀྱི་འགོག་སྨན་ཞིབ་འཇུག་གསར་སྤེལ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འགོག་སྨན་ཞིབ་འཇུག་གསར་སྤེལ་གྱི་ཀྲུང་གོའི་ལྟེ་གནས་བཙུགས་ཤིང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་སྟངས་བརྒྱུད་ནས་རྒྱལ་ཁབ་ལྔ་པོའི་འགོག་སྨན་མཉམ་འབྲེལ་གྱིས་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ་བྱེད་པ་དང་། མཉམ་ལས་ཀྱིས་བཟོ་གྲྭ་འཛུགས་པ། དབང་བསྐུར་ནས་ཐོན་སྐྱེད་བྱེད་པ། ཚད་གཞི་ཕན་ཚུན་ཁས་ལེན་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་འདོད་ཡོད། ངས་རྒྱལ་ཁབ་ལྔ་པོས་སྲོལ་རྒྱུན་གསོ་རིག་སྨན་རྫས་སྐོར་གྱི་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐོང་འཚོགས་བྱས་ནས་ཏོག་གསར་གློ་ཚད་འགོག་བཅོས་ཐད་སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱི་ནུས་པ་འཚོལ་ཞིབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མཚོན་ཆ་ནུས་ལྡན་ཁ་སྣོན་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན།
རིམས་ནད་ཆབ་སྲིད་ཅན་དང་ངན་མིང་ཅན་དུ་བསྒྱུར་བ་དང་། “འགན་གཡོལ་”དང་ཁག་དཀྲི་བྱས་ན་གོ་ལ་ཧྲིལ་པོའི་མཉམ་ལས་རིམས་འགོག་གི་སྤྱི་ཡོངས་ལ་འགལ་རྐྱེན་བཟོ་བ་དོན་དངོས་ལས་ར་སྤྲོད་བྱུང་ཡོད། ང་ཚོས་མཐུན་སྒྲིལ་གྱིས་ཕྱོགས་འགལ་གྱི་ཚབ་བྱེད་པ་དང་། བསམ་ཤེས་ཀྱིས་ཕྱོགས་ཞེན་མེད་པར་བཟོ་བ། “ཆབ་སྲིད་ཀྱི་ནད་དུག་”གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་རིམས་འགོག་གི་བསྒྲིལ་ཤུགས་ཆེན་པོ་གོང་བུར་སྒྲིལ་དགོས།
—— ང་ཚོས་སྒོ་འབྱེད་གསར་གཏོད་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ད་ལོ་འཛམ་གླིང་གི་དཔལ་འབྱོར་4.4%མར་ཆག་རྒྱུ་ཡིན་པ་དང་། གསར་དར་ཚོང་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལོ་60རིང་གི་འཕར་སྣོན་ལྡོག་མ་ཐེངས་དང་པོ་འབྱུང་རྒྱུ་རེད། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་བརྟན་བརླིང་ཡོང་བར་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གིས་སྐད་ཅིག་ཙམ་ལ་ཡང་འགོར་འགྱང་བྱེད་མི་རུང་བའི་ལས་འགན་ཞིག་རེད། ང་ཚོས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག །དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ངང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོ་ལུགས་ལྡན་སྒོས་སྤེལ་དགོས། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། “མི་སྣ་དང་དངོས་ཟོག་རྒྱལ་མཚམས་ལས་བརྒལ་ནས་འཁོར་རྒྱུག་སྟབས་བདེ་ཅན་དུ་འགྱུར་བའི་གྲོས་འགོ་”དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བདེ་འཇགས་ཤར་རྒྱུག་ཡོང་རྒྱུ་འགན་སྲུང་བྱས་ཏེ། རྒྱལ་ཁབ་ཁག་གིས་ལས་ཐོན་བསྐྱར་ཚུགས་དང་། དཔལ་འབྱོར་སླར་གསོ་བྱེད་པར་རོགས་འདེགས་བྱེད་དགོས།
རིམས་ནད་སྤྱད་ནས་“གོ་ལ་ཧྲིལ་པོ་ཅན་འདོར་བ་”དང་། “དཔལ་འབྱོར་འབྲེལ་བ་གཅོད་པ་”དང་“མཉམ་གཤིབ་མ་ལག་”ཟེར་བ་འུད་སྒྲོག་བྱས་ཚེ། མཇུག་མཐར་རང་རྒྱལ་ཁབ་དང་རྒྱལ་ཁབ་ཁག་གི་ཐུན་མོང་གི་ཁེ་ཕན་ལ་གནོད་པའཚེ་ཕོག་རྒྱུ་ཉག་ཅིག་རེད། མིག་སྔའི་དུས་བབ་འོག་ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་སྐྲུན་དགོས་ཤིང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ལ་གང་བྱུང་དུ་ཁ་གཡར་ནས་སྲུང་སྐྱོབ་རིང་ལུགས་སྤེལ་བར་ངོ་རྒོལ་བྱེད་དགོས། རིམས་ནད་ཀྱིས་བསྐྱེད་པའི་ལས་རྣམ་གསར་པ་དང་དཔེ་སྲོལ་གསར་པ་བེད་སྤྱོད་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག །མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་སྐྲུན་པ་དང་། མཉམ་དུ་སྤུས་ཚད་སྔར་ལས་མཐོ་བ་དང་ལྡེམ་གཤིས་སྔར་ལས་ཆེ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།
ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་མྱུར་དུ་འཛུགས་སྐྲུན་བྱེད་འདོད་ཡོད། ང་ཚོས་ཧྥུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བའི་གསར་གཏོད་རྟེན་གཞི་བཙུགས་ཏེ། སྲིད་ཇུས་མཐུན་སྦྱོར་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ལས་གཞི་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་རྒྱུ་ཡིན་པས། འབོ་གསེར་རྒྱལ་ཁབ་ཧུར་ཐག་གིས་དེར་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཉེ་ཆར་ཀྲུང་གོ་ཕྱོགས་ཀྱིས་《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་གྲོས་འགོ་》བཏོན་ཞིང་། ཞི་བདེ་དང་། བདེ་འཇགས། སྒོ་འབྱེད། མཉམ་ལས། ལུགས་ལྡན་བཅས་ཀྱི་དྲ་རྒྱའི་བར་སྟོང་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་རྒྱུ་ཡིན་པས་འབོ་གསེར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འཐོབ་པའི་རེ་འདུན་ཡོད།
—— ང་ཚོས་དམངས་འཚོ་འགོ་མ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོ་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་གནད་དོན་མཐའ་དག་ཐག་གཅོད་པའི་སྤྱིའི་ལྡེ་མིག་ཡིན། རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ་དང་བསྐྱར་དུ་རྒྱུན་ལྡན་གྱི་འཚོ་བར་རོལ་བ་དང་། ཡང་ན་གདོང་ཐུག་དང་ཟིང་ཆ་ཞི་འཇགས་སུ་གཏོང་བ་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་གང་ཡིན་རུང་རྩ་བའི་ཐོག་ནས་བཤད་ན་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ལ་བརྟེན་དགོས། འཛམ་གླིང་དངུལ་ཁང་གིས་སྔོན་དཔག་བྱས་པ་ལྟར་ན། 2020ལོར་གོ་ལ་ཧྲིལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་3.6%ཆག་རྒྱུ་ཡིན་པ་དང་། མི་ཁྲི་8800ནས་དུང་ཕྱུར་1.15ལ་རིམས་ནད་ཀྱི་རྐྱེན་པས་ཧ་ཅང་དབུལ་པོའི་གནས་སུ་གྱར་རྒྱུ་རེད།
ང་ཚོས་རིམས་ནད་ཀྱི་འགྲན་སློང་ལ་ཐད་ཀར་གདོང་གཏོད་དགོས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་》དོན་འཁྱོལ་བྱ་རྒྱུ་དེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་ལྟེ་བར་འཇོག་པར་སྐུལ་འདེད་གཏོང་བ་དང་། དབུལ་ཕོངས་སེལ་རྒྱུ་དེ་དམིགས་འབེན་ཨང་དང་པོར་བརྩིས་ཏེ། ཐོན་ཁུངས་ཉིད་དབུལ་འཕྲི་དང་། སློབ་གསོ། འཕྲོད་བསྟེན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་སུ་སྔར་ལས་མང་དུ་ཕྱོགས་པར་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཅིག་འདོམས་དང་མཐུན་སྦྱོར་གྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། སྔར་བས་འདྲ་མཉམ་དང་དོ་མཉམ་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་སྔར་ལས་མང་བའི་ཕན་ཐོགས་པར་བྱེད་པ་དང་ཉམས་ཞན་མི་ཚོགས་ཀྱི་དགོས་མཁོ་སྔར་ལས་ལྷག་པར་སྐོང་དགོས།
—— ང་ཚོས་ལྗང་མདོག་ཐཱན་ཉུང་རྒྱུན་འཁྱོངས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོར་གནམ་གཤིས་ནི་རིམས་ནད་ཀྱི་དབང་གིས་ཇེ་དྲོ་རུ་འགྲོ་མཚམས་འཇོག་མི་སྲིད་པས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་། ང་ཚོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་《ཕ་རི་སིའི་གྲོས་མཐུན་》དོན་འཁྱོལ་ཡག་པོ་བྱེད་པ་དང་། ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་བརྩི་སྲུང་ནན་པོ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་གླིང་ཕྲན་ཆུང་ངུའི་རྒྱལ་ཁབ་ལ་རོགས་རམ་སྔར་ལས་མང་བ་བྱེད་དགོས། ཀྲུང་གོས་རང་ངོས་འཕེལ་རྒྱས་ཀྱི་ཆུ་ཚད་དང་མཐུན་པའི་རྒྱལ་སྤྱིའི་འགན་འཁྲི་ཁུར་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱེད་འདོད་ཡོད། ངས་ཉེ་སྔོན་མཉམ་འབྲེལ་རྒྱལ་ཚོགས་སུ་ཁྱབ་བསྒྲགས་བྱས་ཡོད་དེ། ཀྲུང་གོས་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཞིང་། སྔར་ལས་ནུས་ལྡན་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་2030ལོའི་སྔོན་ལ་རྩེ་ཐང་དུ་སོན་པ་བརྩོན་ལེན་བྱ་རྒྱུ་དང་། 2060ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་མངོན་འགྱུར་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན། ང་ཚོ་ཁ་བཤད་དོན་ལ་གནས་ངེས་ཡིན།
༄༅། །ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་ལམ་གསལ་བར་བྱེད་དགོས།
(2021ལོའི་ཟླ་1ཚེས་25ཉིན།)
གུས་པར་འོས་པའི་ཀྲུའུ་ཞི་ཧྲི་ཝ་པུའུ་ལགས།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
འདས་པའི་ལོ་གཅིག་གི་རིང་ལ། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་དེ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་ལ་འཇིགས་སྣང་ཚབས་ཆེན་བསྐུལ་ཡོད། འཛམ་གླིང་གི་དཔལ་འབྱོར་ཧ་ཅང་ཉམས་རྒུད་དུ་སོང་བ་དང་། མིའི་རིགས་ཀྱིས་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉམས་ཉེན་རིམ་བརྩེགས་མྱངས་ཡོད་པ་རེད།
ལོ་འདིར་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཆོད་སེམས་དང་བློ་སྟོབས་ཆེན་པོས་ནད་གདོན་དང་དམར་འཛིང་བྱས་ཏེ། ཚན་རིག་དང་མཐུན་ཞིང་རིགས་ཤེས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་རིམས་འགོག་ལ་ཕན་འབྲས་རགས་ཙམ་ཐོབ་ཡོད། ད་ལྟ་རིམས་ནད་ད་དུང་རིང་ནས་མཇུག་བསྒྲིལ་མེད་པར་མ་ཟད། ཉེ་དུས་བསྐྱར་ལངས་བྱུང་བས། རིམས་ནད་ལ་མུ་མཐུད་དུ་འགོག་རྒོལ་བྱེད་བཞིན་པའི་སྒང་ཡིན་མོད། འོན་ཀྱང་དགུན་ཁའི་གྲང་རླུང་གིས་དཔྱིད་དཔལ་གྱི་གོམ་སྟབས་འགོག་མི་ཐུབ་ལ། མཚན་མོའི་སྨག་རུམ་གྱིས་སྐྱ་རེངས་ཀྱི་སྣང་བ་སྒྲིབ་མི་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ལ། གནོད་འཚེ་དང་འཐབ་རྩོད་བྱེད་པའི་ནང་དུ་འཚར་ལོངས་དང་ཡར་རྒྱས་བྱུང་ནས་སླར་ཡང་གསོན་ཤུགས་རྒྱས་ངེས་རེད།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
ལོ་རྒྱུས་ནི་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་བཞིན་ཡོད་པས། འཛམ་གླིང་འདས་པའི་དུས་སུ་ཕྱིར་ལོག་མི་ཐུབ། དེ་རིང་ང་ཚོས་གདམ་གསེས་བྱས་པ་རེ་རེ་དང་བྱ་སྤྱོད་སྤེལ་བ་ཚང་མས་འཛམ་གླིང་གི་མ་འོངས་པ་ཐག་གཅོད་བྱེད་ངེས་ཡིན་པས། ང་ཚོས་དུས་རབས་འདིར་ཕྲད་པའི་ཞིབ་འཇུག་བྱ་གཞི་ཆེན་པོ་བཞི་ཐག་གཅོད་ཡག་པོ་བྱེད་དགོས་ཀྱི་འདུག །
དང་པོ། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་སྟོབས་ལྡན་དང་། རྒྱུན་མཐུད། དོ་མཉམ། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། མིའི་རིགས་ལ་འཛམ་གླིང་དམག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་ཚུན་གྱི་ཆེས་ཚབས་ཆེ་བའི་དཔལ་འབྱོར་ཉམས་རྒུད་ཐེབས་བཞིན་ཡོད་པ་དང་། དཔལ་འབྱོར་ཕུང་གྲུབ་ཆེ་གྲས་ཁག་ལ་ལོ་རྒྱུས་ཐོག་ཐེངས་དང་པོར་གནོད་འཚེ་ཚབས་ཆེན་དུས་མཉམ་དུ་ཕོག་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་འཁོར་སྐྱོད་ལ་འགོག་རྐྱེན་བྱུང་ཞིང་། ཉོ་ཚོང་དང་མ་དངུལ་འཇོག་པའི་བྱེད་སྒོ་རྒྱུན་མཐུད་ངང་འཕེལ་མེད་སོར་གནས་ཡིན། རྒྱལ་ཁབ་ཁག་གིས་ཨ་སྒོར་དུང་ཕྱུར་ཁྲི་འགའི་དཔལ་འབྱོར་རོགས་སྐྱོབ་བྱེད་ཐབས་བཏོན་མོད། འོན་ཀྱང་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་སྔར་བཞིན་བརྟན་པོ་མིན་པ་དང་མདུན་ལམ་ལ་ངེས་གཏན་མེད་པའི་རང་བཞིན་ཆེན་པོ་ལྡན་ཡོད་པ་རེད། ང་ཚོས་སྐབས་དོན་སྟངས་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཅིག་འདོམས་བྱེད་པ་དང་། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་ལས་སྔ་ཙམ་ཐར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ལ། དེ་བས་ཀྱང་མ་འོངས་པར་ཁ་ཕྱོགས་ཏེ་འཛམ་གླིང་གི་དཔལ་འབྱོར་སྒུལ་ཤུགས་བརྗེ་སྒྱུར་དང་། བྱེད་སྟངས་སྤོ་སྒྱུར། གྲུབ་ཚུལ་ལེགས་སྒྱུར་བཅས་བྱ་རྒྱུར་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས་འཛམ་གླིང་གི་དཔལ་འབྱོར་དུས་ཡུན་རིང་པོར་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བའི་ལམ་དུ་སྐྱོད་ཐུབ་པའང་བྱེད་དགོས།
གཉིས་པ། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་དོར་ནས་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་གྱི་འགྲོ་ལམ་དུ་མཉམ་སྐྱོད་བྱེད་དགོས། འཛམ་གླིང་དུ་རྦད་དེ་འདྲ་མཚུངས་ཡིན་པའི་ལོ་མ་གཉིས་མེད་པ་བཞིན། རྦད་དེ་འདྲ་མཚུངས་ཡིན་པའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ཀྱང་མེད། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་རང་རང་སོ་སོའི་ཁྱད་ཆོས་ཡོད་པ་ལས་མཆོག་དམན་བཟང་ངན་གྱི་དབྱེ་བ་མེད། གནད་འགག་ནི་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་མིན་དང་། མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་འཐོབ་མིན། ཆབ་སྲིད་བརྟན་བརླིང་དང་སྤྱི་ཚོགས་ཡར་ཐོན་དང་དམངས་འཚོ་ལེགས་བཅོས་བཅས་ཡོང་མིན། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་བྱས་རྗེས་འཇོག་ཐུབ་མིན་བཅས་ལ་ཐུག་ཡོད། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་གནའ་སྔ་མོ་ནས་ཁྱད་པར་ཡོད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་ནང་གནས་ངོ་བོ་ཡིན། སྣ་མང་རང་བཞིན་མེད་ན་མིའི་རིགས་ཀྱི་ཤེས་དཔལ་ཡང་མེད། སྣ་མང་རང་བཞིན་ནི་ཕྱི་རོལ་ཡུལ་གྱི་དོན་དངོས་ཡིན་པས་དུས་ཡུན་རིང་པོར་གནས་ངེས་རེད། ཁྱད་པར་ལ་སྐྲག་དགོས་དོན་མེད། སྐྲག་དགོས་པ་ནི་ཁེངས་དྲགས་དང་། ཕྱོགས་ཞེན། འཁོན་འཛིན་བཅས་ཡིན་ལ། སྐྲག་དགོས་པ་ནི་མིའི་རིགས་ཀྱི་ཤེས་དཔལ་དེ་བཟང་ངན་རིམ་པ་མང་པོར་དབྱེ་འདོད་པ་དེ་རེད། སྐྲག་དགོས་པ་ནི་རང་ཉིད་ཀྱི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་དེ་གཞན་ལ་བཙན་དཀྲི་བྱེད་པ་དེ་རེད། རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་གཞག་བྱས་པའི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་ཡོང་བར་བྱེད་པ་དང་། རྒྱལ་ཁབ་ཁག་གི་བར་སྤེལ་རེས་དང་སྦྱོང་རེས་བྱ་རྒྱུར་སྐུལ་སྤེལ་བྱས་ནས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྒུལ་ཤུགས་ཁ་སྣོན་བྱེད་དགོས།
གསུམ་པ། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་ཀྱི་བར་ཁྱད་བསལ་ནས་རྒྱལ་ཁབ་ཁག་གོང་འཕེལ་ཡར་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས། མིག་སྔར། དྲང་སྙོམས་ཀྱི་གནད་དོན་ཉིན་རེ་བཞིན་ཚབས་ཆེ་རུ་འགྱུར་བཞིན་ཡོད་པ་དང་། ལྷོ་བྱང་བར་གྱི་ཧེ་བག་གསབ་རྒྱུར་ལུས་ཡོད་ཅིང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་གཞག་འགྲན་སློང་དྲག་པོར་འཕྲད་ཡོད། རིམས་ནད་བྱུང་བའི་གནས་ཚུལ་འོག །རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་བྱུང་ཚད་མི་འདྲ་བ་དང་། ལྷོ་བྱང་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་ཆེ་རུ་འགྲོ་ཤས་ཆེ་ལ་ཐ་ན་གཏན་ཆགས་སུ་འགྲོ་ཉེན་ཡོད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གིས་ཡོངས་ཁྱབ་ཏུ་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་བར་སྟོང་སྔར་ལས་མང་པོ་འཐོབ་པར་རེ་སྨོན་བྱེད་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ནང་དུ་འཐུས་ཚབ་རང་བཞིན་དང་སྐད་ཆ་བཤད་དབང་སྔར་ལས་མང་བ་སྤྱོད་རྒྱུ་ཡོད་དགོས་པའི་བླང་བྱ་འདོན་བཞིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་བྱུང་ན་འཛམ་གླིང་ཧྲིལ་པོ་དར་རྒྱས་བརྟན་བརླིང་ཡོང་བར་རྨང་གཞི་སྔར་ལས་བརྟན་པོ་ཡོད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ལའང་དེ་ལས་ཁེ་ཕན་འཐོབ་ངེས་ཡིན་པ་གསལ་པོར་ཤེས་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕུགས་རྒྱང་རིང་པོར་དམིགས་པ་དང་ཁས་ལེན་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་ཡོང་བར་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་གྱི་འཕེལ་རྒྱས་ཁེ་དབང་འགན་སྲུང་བྱེད་དགོས་པ་དང་། ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས།
བཞི་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ཏེ་ཁ་གཏད་འཇལ་ནས་མིའི་རིགས་ཀྱི་དགའ་སྐྱིད་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་སུ། ཏོག་གསར་གློ་ཚད་རིམས་ནད་ལྟ་བུའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ནི་བྱུང་ཐེངས་མཐའ་མ་བ་གཏན་ནས་མིན་པས། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། སའི་གོ་ལ་ནི་མིའི་རིགས་འཚོ་གནས་བྱེད་སའི་ཁྱིམ་གཞིས་ཉག་གཅིག་ཡིན་པས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་ནི་མིའི་རིགས་ཀྱི་མདུན་ལམ་དང་མ་འོངས་པར་འབྲེལ་བ་ཡོད། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་གནད་དོན་ཡོད་ཚད་ནི། རྒྱལ་ཁབ་གང་ཞིག་གིས་ཀྱང་ཁེར་འཛིང་རྐྱང་འཐབ་བྱས་པས་ཐག་གཅོད་བྱེད་ཐབས་བྲལ་བས། ངེས་པར་དུ་གོ་ལ་ཧྲིལ་པོས་བྱ་སྤྱོད་སྤེལ་བ་དང་། གོ་ལ་ཧྲིལ་པོས་ཁ་གཏད་འཇལ་བ། གོ་ལ་ཧྲིལ་པོས་མཉམ་ལས་བཅས་བྱེད་དགོས།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
འཛམ་གླིང་གི་གནད་དོན་སྣེ་མང་རྙོག་འཛིང་ཆེ་བས། གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་ལེན་བསྟར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་པ་དེ་རེད།
—— ང་ཚོས་སྒོ་འབྱེད་ཁོང་ཡངས་རྒྱུན་འཁྱོངས་བྱེད་པ་ལས་བཀག་སྡོམ་དང་གཞན་པ་ཟུར་འབུད་བྱེད་མི་རུང་། ཕྱོགས་མང་རིང་ལུགས་ཀྱི་སྙིང་པོ་ནི་རྒྱལ་སྤྱིའི་ཐོག་གི་དོན་དག་ཚང་མས་མཉམ་དུ་གྲོས་མོལ་བྱས་ནས་བསྒྲུབ་རྒྱུ་དང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་ཁག་གིས་མཉམ་དུ་ཁ་ལོ་བསྒྱུར་རྒྱུ་དེ་རེད། རྒྱལ་སྤྱིའི་ཐོག་“ཤོག་པ་ཆུང་ཆུང་”དང་“འཇམ་འཐབ་གསར་པ་”སྤེལ་བ་དང་། རྒྱལ་ཁབ་གཞན་པར་ཟུར་འབུད་དང་། བཙན་སྐུལ། འཇིགས་སྐུལ་བཅས་བྱེད་པ་དང་། འཕྲལ་མར་འབྲེལ་བ་གཅོད་པ་དང་། འདོན་སྤྲོད་མི་བྱེད་པ། བཀག་སྡོམ་བྱེད་པ་བཅས་དང་། བསམ་བཞིན་དུ་ཕན་ཚུན་ལོགས་བཀར་བྱེད་པ་དང་ཐ་ན་འབྲེལ་ཐག་གཅོད་པ་བཅས་བྱས་ན། འཛམ་གླིང་ཁ་ཕྲལ་དང་ཐ་ན་འགྲན་རྒོལ་གྱི་གནས་སུ་སྐྱེལ་རྒྱུ་ལས་མ་འདས། སིལ་བུར་ཁ་ཕྲལ་བའི་འཛམ་གླིང་ཞིག་གིས་མིའི་རིགས་ལ་ཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་ཐབས་མེད་ལ། འགྲན་རྒོལ་གྱིས་མིའི་རིགས་ཐར་ས་མེད་པའི་ལམ་དུ་འཁྲིད་ཀྱི་རེད། གནད་དོན་འདིའི་ཐད་མིའི་རིགས་ཀྱིས་རིན་དོད་ཡ་ང་བ་སྤྲད་མྱོང་ཡོད་པས། ང་ཚོས་བསླབ་བྱ་བརྗེད་མི་རུང་ལ་སླར་ཡང་ལམ་རྙིང་དེར་གཏན་ནས་འགྲོ་མི་རུང་།
ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་དགོས་པ་དང་། ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་ཞེན་རྒྱབ་ཏུ་བསྐྱུར་ཏེ། མཉམ་ལས་ཀྱི་ལམ་སྲོལ་དང་། འདུ་ཤེས། སྲིད་ཇུས་བཅས་ཀྱི་སྒོ་འབྱེད་རང་བཞིན་དང་ཁོང་ཡངས་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱས་ནས་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་མཉམ་དུ་སྲུང་སྐྱོང་བྱེད་དགོས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ། མཐོང་ཆུང་རང་བཞིན་དང་། གཞན་འབུད་རང་བཞིན་གྱི་ཚད་གཞི་དང་། སྒྲིག་སྲོལ། མ་ལག་བཅས་སྤེལ་མི་རུང་བ་དང་། ཉོ་ཚོང་དང་། དངུལ་འཇོག །ལག་རྩལ་བཅས་བར་གཅོད་བྱེད་པའི་བཙན་རྫོང་རྩིག་མི་རུང་། རྒྱལ་ཁབ་ཉི་ཤུ་ཚོགས་པ་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ལས་སྟེགས་གཙོ་བོ་ཡིན་པའི་གོ་གནས་སྲ་བརྟན་དུ་གཏོང་དགོས་པ་དང་། སྤྱི་ཁོག་གི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་བརླིང་དང་ཤར་རྒྱུག་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་པོའི་དངུལ་རྩའི་མ་ལག་བརྟན་བརླིང་ངང་འཁོར་སྐྱོད་ཡོང་རྒྱུ་སྲུང་སྐྱོང་བྱེད་པ་དང་། གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་སྤྱིའི་དགོས་མཁོ་རྒྱ་སྐྱེད་པ་དང་། འཛམ་གླིང་གི་དཔལ་འབྱོར་སྤུས་ཚད་སྔར་ལས་མཐོ་བ་དང་ལྡེམ་ཤུགས་སྔར་ལས་ཆེ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
—— ང་ཚོས་རྒྱལ་སྤྱིའི་ཁྲིམས་སྲོལ་རྨང་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས་རང་ཆེ་རང་མཐོ་སྤེལ་མི་རུང་། ཀྲུང་གོའི་གནའ་མིའི་བཤད་རྒྱུན་དུ། “ཁྲིམས་ནི་སྲིད་ཀྱི་ཐོག་མ་ཡིན།”[1] ཞེས་ཟེར། རྒྱལ་ཁབ་ཁག་གིས་མཉམ་དུ་གཏན་ལ་ཕབ་པའི་སྒྲིག་སྲོལ་དང་ངོས་འཛིན་གཅིག་མཐུན་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་བཅོས་སྐྱོང་བྱེད་དགོས་པ་ལས། རྒྱལ་ཁབ་གཅིག་གམ་ཁ་ཤས་ཀྱིས་བཀའ་བཀོད་གཏོང་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནི་ཀུན་གྱིས་ཁས་ལེན་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་གཏན་འབེབས་དང་ཡོངས་ཁྱབ་ཏུ་ཁས་ལེན་པའི་རྒྱལ་སྤྱིའི་ཁྲིམས་སྲོལ་འདི་དག་མེད་ན། འཛམ་གླིང་འདི་མཇུག་མཐར་ཆེ་བས་ཆུང་བ་ཟ་བའི་ནགས་ཁྲོད་གཅན་གཟན་གྱི་འཚོ་ལུགས་སུ་གྱུར་ཏེ། མིའི་རིགས་ལ་གོད་ཆག་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད།
ང་ཚོས་རྒྱལ་སྤྱིའི་ཁྲིམས་སྐྱོང་ལག་ལེན་ནན་ཏན་བསྟར་ནས་བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། ཕྱོགས་མང་སྒྲིག་གཞི་ནི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བའི་ལས་སྟེགས་ཡིན་ལ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་གཞི་རྩའི་སྒྲོམ་གཞི་ཡང་ཡིན་པས་དེའི་དབང་ཟིལ་རང་བཞིན་དང་རྩིས་འགྲོ་རང་བཞིན་སྲུང་སྐྱོང་བྱེད་དགོས་པ་ཞིག་རེད། ལམ་ལུགས་དང་སྒྲིག་སྲོལ་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་འབྲེལ་བ་མཐུན་སྦྱོར་དང་ཚད་ལྡན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་ལས། བཙན་པོས་གཉོམ་ཆུང་ལ་བརྙས་བཅོས་བྱེད་པར་ངོ་རྒོལ་བྱེད་དགོས་པ་དང་། མི་སུ་ཞིག་གི་དཔུང་པ་སྦོམ་པ་དང་ཁུ་ཚུར་ཆེན་པོ་ཡོད་ན་དེས་ཐག་གིས་གཅོད་པར་ཆ་འཇོག་བྱེད་མི་རུང་ལ། ཕྱོགས་མང་རིང་ལུགས་ལ་ཁ་གཡར་ནས་ཕྱོགས་རྐྱང་རིང་ལུགས་ལག་བསྟར་ཡང་བྱེད་མི་རུང་། རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གལ་ཏེ་སྒྲིག་སྲོལ་གཏན་འཁེལ་བྱས་ཟིན་པ་ཡིན་ན་ཚང་མས་བརྩི་སྲུང་དོན་ལྡན་ཞུ་དགོས། “གདམ་ག་ཡོད་པའི་ཕྱོགས་མང་རིང་ལུགས་”ནི་ང་ཚོའི་གདམ་གར་འགྱུར་མི་འོས།
—— ང་ཚོས་གྲོས་མོལ་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པ་ལས་ཁ་གཏད་དུ་ལངས་པ་དང་འགྲན་རྒོལ་བྱེད་མི་རུང་། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བར་ཁྱད་ཡོད་པ་དེ་ཁ་གཏད་དུ་ལངས་པ་དང་འགྲན་རྒོལ་བྱེད་པའི་རྒྱུ་མཚན་དུ་མི་འགྲུབ་པར་མ་ཟད། དེ་ནི་མཉམ་ལས་ཀྱི་སྒུལ་ཤུགས་ཡིན། བར་ཁྱད་ལ་བརྩི་འཇོག་དང་བསྟུན་མཁས་བྱེད་པ་ལས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་གྲོས་མོལ་དང་གླེང་མོལ་བརྒྱུད་དེ་མི་མཐུན་པའི་ཆ་ཐག་གཅོད་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་ཡང་ཡང་གསལ་བཤད་བྱས་དོན། གལ་ཏེ་ད་ལྟའི་འཛམ་གླིང་འདི་ཁ་གཏད་དུ་ལངས་པ་དང་འགྲན་རྒོལ་གྱི་ལམ་དུ་གོལ་ནས་འཇམ་འཐབ་དང་མཚོན་འཐབ་གང་རུང་ངམ། ཡང་ན་ཉོ་ཚོང་དམག་འཐབ་དང་ཚན་རྩལ་དམག་འཐབ་གང་རུང་བརྒྱབ་ན། མཐར་ཐུག་རྒྱལ་ཁབ་ཁག་གི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་བློས་གཏོང་དགོས་ཀྱི་རེད།
ང་ཚོས་འཇམ་འཐབ་ཀྱི་བསམ་གཞིགས་དང་བསྡོམས་སྟོང་འཐབ་འགྲན་གྱི་འདུ་ཤེས་རྙིང་པ་སྤངས་ཏེ། ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་བརྒྱུད་དེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ཕན་མཉམ་རྒྱལ་ཡོང་བའི་མཉམ་ལས་ལྟ་བ་དམ་སྲུང་བྱས་ཏེ། རྐྱེན་ངན་གཞན་འགེལ་དང་རང་ཁེ་རང་ཕན་གྱི་སྲིད་ཇུས་གུ་དོག་པོ་དང་ལེན་མི་བྱེད་པ་དང་། འཕེལ་རྒྱས་གཏོང་བའི་བཟང་ཆ་སྒེར་སྡེམ་བྱེད་པའི་སྒྲུབ་སྟངས་ཕྱོགས་རེ་བ་དོར་ཏེ། རྒྱལ་ཁབ་ཁག་གི་འདྲ་མཉམ་འཕེལ་རྒྱས་ཀྱི་ཁེ་དབང་འགན་སྲུང་བྱས་ནས་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། དྲང་སྙོམས་དང་དྲང་བདེན་གྱི་རྨང་གཞིའི་ཐོག་གི་འགྲན་རྩོད་དར་སྤེལ་གཏོང་དགོས་པ་དང་། གཅིག་རྗེས་གཅིག་སྙེག་དང་མཉམ་དུ་ཡར་རྒྱས་ཡོང་བའི་ལུས་རྩལ་འགྲན་བསྡུར་ལྟ་བུ་སྤེལ་དགོས་པ་ལས་ཕན་ཚུན་རྒོལ་རེས་དང་ཁྱོད་ཤི་ང་གསོན་གྱི་འཛིང་རེས་འགྲན་བསྡུར་སྤེལ་མི་རུང་།
—— ང་ཚོས་དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་བྱེད་དགོས་པ་ལས་རང་ལམ་རང་བཀག་སྤེལ་མི་རུང་། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་འདི་ནི་འཕེལ་རྒྱས་ཆེན་པོའི་དུས་རབས་ཡིན་ལ། འཕོ་འགྱུར་ཆེན་པོའི་དུས་རབས་ཀྱང་ཡིན། དུས་རབས་21པའི་ཕྱོགས་མང་རིང་ལུགས་ཀྱིས་བདེན་འཛིན་གསར་གཏོད་དང་མ་འོངས་པར་ཁ་ཕྱོགས་དགོས་པ་དང་། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལ་འཛམ་གླིང་གི་དུས་བབ་འགྱུར་ལྡོག་ལའང་གཞི་འཛུགས་དགོས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བའི་དགོས་མཁོར་དམིགས་ནས་རྒྱ་ཁྱབ་ཏུ་གྲོས་མོལ་དང་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་བའི་རྨང་གཞིའི་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས།
ང་ཚོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་དང་རྒྱལ་སྤྱིའི་དངུལ་རྩ་དང་དངུལ་ལོར་མ་ལག་བསྒྱུར་བཅོས་ལ་སྐུལ་འདེད་དང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་སྐུལ་སྤེལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁེ་དབང་དང་བར་སྟོང་འགན་སྲུང་བཅས་བྱེད་དགོས། མི་ལྟེ་བར་འཛིན་པ་དང་དོན་དངོས་གཞིར་འཛིན་པའི་སྲིད་ཇུས་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་གྲངས་ཀའི་བཅོས་སྐྱོང་སྒྲིག་སྲོལ་དཔྱད་བསྡུར་སྒོས་འཛུགས་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་《ཕ་རི་སིའི་གྲོས་མཐུན་》དོན་འཁྱོལ་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་གཏོང་བ་འགོ་མ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལས་བྱུང་བའི་ཕན་པ་མཉམ་སྤྱོད་བྱ་རྒྱུ་ཁག་ཐེག་བྱེད་དགོས།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོར་དཀའ་སྤྱད་འབད་འཐབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་འཐོབ་གྲབས་ཡོད་པ་དང་། དབུལ་བྲལ་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་ནས་རྒྱལ་ཁབ་ཁག་དང་མཉམ་དུ། ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དང་ཁོང་ཡངས། དྭངས་གཙང་དང་མཛེས་སྡུག་བཅས་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱ་རྒྱུ་ཡིན།
—— ཀྲུང་གོ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་རྒྱུ་ཡིན། རིམས་ནད་ལ་འགོག་རྒོལ་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཆེས་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན། དེ་ནི་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། དཔལ་འབྱོར་བརྟན་བརླིང་ངང་སླར་གསོ་བྱེད་པའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ང་ཚོས་མཐུན་སྒྲིལ་མཉམ་ལས་ཟབ་ཏུ་བཏང་ནས་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་དམག་འཐབ་ལ་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་དགོས། ལྷག་པར་དུ་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་བཅས་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འགོག་སྨན་ཉིད་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྤྱོད་ཐུབ་པ་དང་སྤྱོད་ནུས་པའི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་བྱེད་དགོས། ཀྲུང་གོས་ད་ལྟའི་བར་དུ་རྒྱལ་ཁབ་150ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་13ལ་རིམས་ནད་ལ་འགོག་རྒོལ་བྱེད་པའི་རོགས་སྐྱོར་བྱས་ཡོད་ལ། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་སྨན་བཅོས་ཆེད་མཁས་ཚོ་ཆུང་36མངག་གཏོང་བྱས་པ་དང་། འགོག་སྨན་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་དང་འབྲེལ་དེའི་ནང་ཞུགས་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགེ་མཚན་ལྡན་པའི་ཉམས་མྱོང་མུ་མཐུད་མཉམ་སྤྱོད་བྱ་རྒྱུ་དང་། རིམས་ནད་ལ་ཁ་གཏད་འཇལ་ནུས་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ལ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འགོག་སྨན་ལག་སོན་ཡོང་བ་དང་འགྲོ་གྲོན་ཐེག་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་སྔ་ཙམ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་སྟོབས་ཤུགས་འདོན་རྒྱུ་ཡིན།
—— ཀྲུང་གོས་གཉིས་ཕན་མཉམ་རྒྱལ་ཡོང་བའི་སྒོ་འབྱེད་ཅན་གྱི་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་བྱུང་བའི་ཉེར་ལེན་གྱི་འབྲས་བུ་ཡིན། རིམས་ནད་བེད་སྤྱད་ནས་“གོ་ལ་ཧྲིལ་པོ་ཅན་འདོར་བ་”དང་། བཀག་སྡོམ་དང་འབྲེལ་བ་གཅོད་པ་ནི་ཕྱོགས་གང་ཞིག་ལའང་ཕན་པ་མེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོས་ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མུ་མཐུད་སྐུལ་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ཤར་རྒྱུག་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ་དང་། “རྒྱུད་གཅིག་ལམ་གཅིག་”སྤུས་ཚད་མཐོ་བའི་སྒོ་ནས་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་སྒྲིག་སྲོལ་དང་། སྒྲིག་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་སྐྲུན་པ། ཚོང་ར་ཆེན་པོའི་བཟང་ཆ་དང་ནང་མཁོའི་གཏིང་ཤུགས་འདོན་སྤེལ་བཅས་བྱས་ནས་རྒྱལ་ཁབ་ཁག་བར་མཉམ་ལས་བྱེད་པར་གོ་སྐབས་སྔར་ལས་མང་བ་འདོན་སྤྲོད་བྱ་རྒྱུ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྒུལ་ཤུགས་སྔར་ལས་མང་བ་ཁ་སྣོན་བྱ་རྒྱུ་ཡིན།
—— ཀྲུང་གོས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་ཡིན། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་མགྱོགས་སུ་གཏོང་རྒྱུ། ལྗང་མདོག་ཐཱན་ཉུང་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་རྒྱུ་ཡིན། ཀྲུང་གོས་2030ལོའི་སྔོན་ལ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྩེ་མོར་སོན་པ་དང་2060ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་ཡོང་བ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་ངས་ཁྱབ་བསྒྲགས་བྱས་ཚར། དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཀྲུང་གོས་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས་ཀྱི་རེད། ང་ཚོའི་འདོད་ཚུལ་ལ་མིའི་རིགས་ཡོངས་ལ་ཕན་ཐོགས་ཡོད་པའི་བྱ་བ་ཞིག་ཡིན་ཕྱིན། ཀྲུང་གོས་གཡོལ་བ་མེད་པར་སྒྲུབ་དགོས་པར་མ་ཟད་ཡག་པོ་ཞིག་སྒྲུབ་དགོས། ཀྲུང་གོས་བྱ་སྤྱོད་ཀྱི་ཇུས་གཞི་བཟོ་བཞིན་ཡོད་པར་མ་ཟད་བྱེ་བྲག་གི་ཐབས་བཀོད་སྤྱད་དེ་གཏན་ལ་ཕབ་པའི་དམིགས་འབེན་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་ཀྱི་ཡིན། ཀྲུང་གོས་དེ་ལྟར་བྱེད་དོན་ནི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ཏེ་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་དང་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བར་ལེགས་སྐྱེས་འབུལ་ཆེད་ཡིན།
—— ཀྲུང་གོས་ཚན་རྩལ་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན། ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མང་པོར་ཁ་གཏད་འཇལ་བའི་མཚོན་ཆ་ནུས་ལྡན་ཞིག་ཡིན་ལ། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་དབང་གི་འགྲོ་ལམ་ཡང་ཡིན། ཀྲུང་གོས་ཚན་རྩལ་ལ་གཏོང་སྒོ་མང་དུ་གཏོང་བ་དང་། གསར་གཏོད་མ་ལག་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་དངོས་སུ་འགྱུར་ཚད་མགྱོགས་སུ་གཏོང་བ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ནང་དོན་ཅན་གྱི་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན། ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་སྐྲུན་དགོས་པ་ལས་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལ་ཚོད་འཛིན་དང་བཀག་འགོག་བྱེད་སྤྱད་དུ་འགྱུར་མི་རུང་བ་རེད། ཀྲུང་གོས་སྔར་ལས་སྒོ་འབྱེད་ཀྱི་བསམ་གཞིགས་དང་ཐབས་བཀོད་སྤྱད་དེ་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག །མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་ནས་གཉིས་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
—— ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན། ཁྱོད་ཕམ་ང་རྒྱལ་དང་རྒྱལ་ཁ་ཐོབ་མཁན་གྱིས་སྒེར་སྡོམ་བྱེད་པ་ནི་ཀྲུང་གོ་བའི་འཇིག་རྟེན་མི་ཆོས་མིན། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཏེ། གླེང་མོལ་ལ་བརྟེན་ནས་མི་མཐུན་པ་སེལ་བ་དང་གྲོས་མོལ་ལ་བརྟེན་ནས་རྩོད་གཞི་སེལ་བར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག །རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བཞིན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ནང་གི་བློ་རྩ་བརྟན་པའི་ཡ་གྱལ་ཞིག་ཡིན་པའི་ཆ་ནས་ཀྲུང་གོས་ལྷོ་ལྷོ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་སེལ་བ་དང་། བུ་ལོན་གྱི་ཁག་འཁུར་ཆུང་དུ་གཏོང་བ། དཔལ་འབྱོར་འཕར་སྣོན་མངོན་འགྱུར་ཡོང་བ་བཅས་བྱེད་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན། ཀྲུང་གོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་སྔར་བས་ཧུར་ཐག་གིས་ཞུགས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
མིའི་རིགས་ལ་སའི་གོ་ལ་གཅིག་མ་གཏོགས་མེད་ལ། མིའི་རིགས་ལ་ཐུན་མོང་གི་མ་འོངས་པའང་གཅིག་མ་གཏོགས་མེད། མིག་སྔའི་ཉམས་ཉེན་ལ་ཁ་གཏད་འཇལ་བའམ་ཡང་ན་དགའ་སྐྱིད་ལྡན་པའི་མ་འོངས་པ་མཉམ་སྐྲུན་བྱེད་པ་གང་ཞིག་ཡིན་རུང་མིའི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས། རང་ཁག་གཞན་དཀྲིའི་བྱེད་ཐབས་གང་རུང་དང་། ཁེར་འཛིང་རྐྱང་འཐབ་ཀྱི་བསམ་ཕྱོགས་གང་རུང་། རང་ངོ་རང་བསྟོད་ཀྱི་རང་རློམ་གང་རུང་ཚང་མ་མཐར་ཐུག་ཕམ་ཉེས་སུ་འགྲོ་ངེས་པ་ལག་ལེན་དངོས་ལས་ར་འཕྲོད་ཡང་ཡང་བྱུང་ཡོད། ང་ཚོས་ལག་གདང་སྦྲེལ་ཏེ། ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་ལམ་གསལ་བར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།
ལྷན་རྒྱས་ཐུགས་རྗེ་ཆེ།
མཆན་འགྲེལ།
[1] 《ཞུན་ཙི་•རྒྱལ་པོའི་ལུགས་》ཞེས་པར་གསལ།
ཡིད་ཆེས་བརྟན་པོ་དང་རྐྱེན་ངན་མཉམ་སེལ་བྱས་ཏེ། སྔར་ལས་དགའ་སྐྱིད་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱ།
(2021ལོའི་ཟླ་9ཚེས་21ཉིན།)
སྐུ་ཞབས་ཀྲུའུ་ཞི་ལགས།
2021ལོ་ནི་ཀྲུང་གོའི་མི་དམངས་ལ་ཆ་མཚོན་ན་ཤིན་ཏུ་དམིགས་བསལ་གྱི་ལོ་ཞིག་རེད། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་ངོ་50འཁོར་བའི་ལོའང་ཡིན་པས། ཀྲུང་གོས་ལོ་རྒྱུས་རང་བཞིན་གྱི་དོན་ཆེན་འདིར་གཟབ་རྒྱས་ངང་དྲན་གསོ་ཞུ་རྒྱུ་ཡིན། ང་ཚོས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སྙེག་པར་མུ་མཐུད་དུ་སྐུལ་འདེད་ཧུར་ཐག་བཏང་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་བྱས་རྗེས་གསར་པ་སྔར་ལས་ཆེན་པོ་རྒྱུན་ཆད་མེད་པར་འཇོག་རྒྱུ་ཡིན།
སྐུ་ཞབས་ཀྲུའུ་ཞི་ལགས།
ལོ་གཅིག་གི་སྔོན་དུ་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་75འཁོར་བའི་དབུ་ཚོགས་རབ་དང་རིམ་པར་མཉམ་དུ་ཞུགས་ཏེ། ཆབ་སྲིད་བསྒྲགས་གཏམ་སྤེལ་ནས་མཉམ་ལས་ཐོག་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་བ། ད་ལྟ་དང་མི་རབས་རྗེས་མ་ཐུན་མོང་གི་མ་འོངས་པ་གཏོད་པ་བཅས་ཁས་ལེན་བྱས་ཡོད།
ལོ་གཅིག་གི་རིང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བ་དང་ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་ཤུགས་རྐྱེན་ཉིས་བརྩེགས་ཐེབས་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་འཕེལ་རྒྱས་ལ་བཅོལ་བའི་རེ་སྒུག་སྔར་བས་ཆེ་རུ་ཕྱིན་པ་དང་། དྲང་སྙོམས་དྲང་བདེན་ཐད་བསྒྲགས་པའི་འབོད་སྒྲ་སྔར་བས་ཆེ་རུ་ཕྱིན་ཅིང་། མཉམ་ལས་མཉམ་རྒྱལ་དོན་གཉེར་བྱེད་པའི་སེམས་ཤུགས་སྔར་བས་བརྟན་དུ་ཕྱིན་ཡོད།
མིག་སྔར་རིམས་ནད་སྔར་བཞིན་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་མཆེད་ནས་མིའི་རིགས་ཀྱི་སྤྱི་ཚོགས་ལ་འགྱུར་ལྡོག་གཏིང་ཟབ་བཏང་བའི་ཁར། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པས། འགན་འཁྲི་འཁུར་བའི་ཆབ་སྲིད་པ་ཚང་མས་ངེས་པར་དུ་ཡིད་ཆེས་ཆེན་པོ་དང་། སྙིང་སྟོབས་ཆེན་པོ། འཁུར་ལེན་ཕོད་པ་བཅས་ཀྱི་སྒོ་ནས་དུས་རབས་ཀྱི་བརྗོད་གཞིར་ལན་བཏབ་ཅིང་ལོ་རྒྱུས་ཀྱི་གདམ་ག་བྱེད་དགོས།
དང་པོ། ང་ཚོ་ངེས་པར་དུ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་ཏེ། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བའི་འཐབ་རྩོད་གནད་ཆེན་འདིར་རྒྱལ་ཁ་ལེན་དགོས། འཛམ་གླིང་གི་ཤེས་དཔལ་ལོ་རྒྱུས་ནི་ནད་ཡམས་དང་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཀྱང་ཡིན་ཏེ། མིའི་རིགས་ཀྱིས་རྟག་པར་འགྲན་སློང་ལས་རྒྱུན་ཆད་མེད་པར་རྣམ་པར་རྒྱལ་བ་ལས་འཕེལ་རྒྱས་དང་ཡར་ཐོན་སྔར་ལས་ཆེན་པོ་མངོན་འགྱུར་བྱེད་ཀྱི་ཡོད། ཐེངས་འདིའི་རིམས་ནད་མཆེད་ཚུལ་ཚབས་ཆེན་ཡིན་མོད། འོན་ཀྱང་མཇུག་མཐར་ང་ཚོ་དེ་ལས་རྣམ་པར་རྒྱལ་ངེས་རེད།
ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་མི་ཚང་མའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་ལ་བདག་གཅེས་བྱེད་དགོས། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རིག་གི་རྣམ་འགྱུར་འཛིན་པ། ཚན་རིག་གི་ཆོས་ཉིད་བརྩི་སྲུང་ཞུ་བ་བཅས་བྱས་ཏེ། རྒྱུན་རྣམ་ཅན་གྱི་གནད་འཁེལ་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་བྱ་རྒྱུ་གཅིག་འདོམས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་བྱེད་དགོས། རྒྱལ་སྤྱིའི་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་རྒྱལ་མཚམས་ལས་བརྒལ་ནས་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
འགོག་སྨན་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་རྣོ་ངར་ལྡན་པའི་མཚོན་ཆ་ལྟ་བུ་ཡིན། ངས་ཐེངས་མང་པོར། འགོག་སྨན་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་ཏུ་སོན་པ་དང་འགྲོ་སོང་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པས། མིག་སྔའི་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་འགོག་སྨན་དྲང་སྙོམས་ལུགས་མཐུན་ངང་བགོ་བཤའ་རྒྱག་རྒྱུ་དེ་རེད་ཅེས་ནན་བཤད་བྱས་མྱོང་། ཀྲུང་གོས་ཧུར་བརྩོན་གྱིས་ལོ་ཧྲིལ་པོར་ཕྱི་ཕྱོགས་ལ་འགོག་སྨན་རྐང་དུང་ཕྱུར་20འདོན་སྤྲོད་བྱ་རྒྱུ་དང་། “ཏོག་གསར་འགོག་སྨན་ལག་བསྟར་འཆར་གཞི་”ལ་ཨ་སྒོར་དུང་ཕྱུར་1ཞལ་འདེབས་བཏང་བའི་རྨང་གཞིའི་ཐོག །ལོ་འདིའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སླར་ཡང་འགོག་སྨན་རྐང་དུང་ཕྱུར་1ཞལ་འདེབས་གཏོང་རྒྱུ་ཡིན། ཀྲུང་གོས་གོ་ལ་ཧྲིལ་པོའི་ཚན་རིག་དང་མཐུན་པའི་ནད་དུག་ཁུངས་འདེད་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་དེའི་ནང་ཞུགས་རྒྱུ་ཡིན་ལ། རྣམ་པ་གང་རུང་གི་ཆབ་སྲིད་ཀྱི་སྦྱོར་བ་གཤོམ་པར་ངོ་རྒོལ་ཡང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།
གཉིས་པ། ང་ཚོས་ངེས་པར་དུ་དཔལ་འབྱོར་སླར་གསོ་བྱས་ནས་སྔར་བས་ཤུགས་ཆེ་བ་དང་། ལྗང་མདོག །སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཡིན། རིམས་ནད་ཀྱིས་རྡུང་རྡེག་ཚབས་ཆེན་བྱེད་པའི་མདུན་དུ། ང་ཚོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་དོ་མཉམ་དང་། མཐུན་སྦྱོར། ཁོང་ཡངས་བཅས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་སྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་དགོས། འདིར་ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཐད་གྲོས་འགོ་འདོན་འདོད་ཀྱི་འདུག །
—— འཕེལ་རྒྱས་འགོ་མ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཉིད་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་སྒྲོམ་གཞིའི་མངོན་གསལ་དོད་པའི་གོ་གནས་སུ་བཞག་སྟེ། དཔལ་འབྱོར་དངོས་ཚན་གཙོ་བོའི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསྟུད་མའི་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་མཐའ་འཁྱོངས་བྱེད་པ། སྔར་བས་འདྲ་མཉམ་དང་དོ་མཉམ་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་འཛུགས་པ་བཅས་བྱས་ནས་ཕྱོགས་མང་འཕེལ་རྒྱས་ཀྱི་མཉམ་ལས་འཕེལ་རིམ་ལ་རོགས་འདེགས་ངང་བོགས་ཐོན་པར་སྐུལ་འདེད་གཏོང་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་གྱིས་དོན་འཁྱོལ་བྱེད་དགོས།
—— མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་གཏོང་རིམ་ནང་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ་དང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ནི་མི་དམངས་ཀྱི་དོན་དུ་ཡིན་པ། འཕེལ་རྒྱས་ནི་མི་དམངས་ལ་བརྟེན་དགོས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་བྱས་ཏེ། མང་ཚོགས་ཀྱི་སྐྱིད་སྣང་ཐོབ་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་དགོས།
—— ཀུན་ཕན་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་དོ་སྣང་བྱས་ཏེ། བུ་ལོན་དུས་འགྱང་དང་འཕེལ་རྒྱས་ལ་རོགས་སྐྱོར་སོགས་ཀྱི་བྱེད་སྟངས་ཐོག་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་དཀའ་ངལ་ཤིན་ཏུ་ཆེ་བའི་འཁོས་ཞན་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཁག་བར་དང་རྒྱལ་ཁབ་ཁག་གི་ནང་ཁུལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་དགོས།
—— གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་བྱས་ནས་ཚན་རྩལ་གྱི་གྲུབ་འབྲས་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། སྒོ་འབྱེད་དང་། དྲང་སྙོམས། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་སྐྲུན་པ། རིམས་ནད་འདས་རྗེས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྔོག་འདོན་བཅས་བྱས་ནས་ལག་གདང་སྦྲེལ་ནས་མཆོང་སྐྱོད་ཚུལ་གྱི་འཕེལ་རྒྱས་ཡོང་བར་བྱེད་དགོས།
—— མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་བཅགས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་སྐྲུན་དགོས། ལྗང་མདོག་ཐཱན་ཉུང་ཕྱོགས་སུ་མགྱོགས་མྱུར་དུ་བསྒྱུར་ནས་ལྗང་མདོག་སླར་གསོ་དང་འཕེལ་རྒྱས་ཡོང་བར་བྱེད་དགོས། ཀྲུང་གོས་2030ལོའི་གོང་དུ་ཐཱན་རྩེར་སོན་དང་2060ལོའི་སྔོན་དུ་ཐཱན་སྙོམ་སྦྱོར་ཡོང་བར་འབད་བརྩོན་བྱ་རྒྱུ་ཡིན། དེར་དཀའ་སྤྱད་འབད་བརྩོན་ཆེན་པོ་བྱེད་དགོས་མོད། འོན་ཀྱང་ང་ཚོས་རང་ནུས་ཡོད་རྒུ་འདོན་རྒྱུ་ཡིན། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ད་ཕན་མངའ་ཁོངས་ཕྱི་རུ་རྡོ་སོལ་གློག་འདོན་ལས་གཞི་གསར་སྐྲུན་བྱ་རྒྱུ་མིན།
—— བྱ་སྤྱོད་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་ཐོན་ཁུངས་ལ་གཏོང་སྒོ་མང་དུ་བཏང་སྟེ། དབུལ་ཕོངས་ཉུང་འཕྲི་དང་། འབྲུ་རིགས་བདེ་འཇགས། རིམས་འགོག་དང་འགོག་སྨན། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག །གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་ཀའི་དཔལ་འབྱོར། གཅིག་ལ་གཅིག་སྦྲེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གང་མགྱོགས་དོན་འཁྱོལ་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། ཀྲུང་གོས་མ་འོངས་པའི་ལོ་3གྱི་ནང་སླར་ཡང་ཨ་སྒོར་དུང་ཕྱུར་30ཡི་རྒྱལ་སྤྱིའི་རོགས་སྐྱོར་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
གསུམ་པ། ང་ཚོས་ངེས་པར་དུ་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་བརྩི་འཇོག་དང་མཉམ་ལས་མཉམ་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བའི་འདུ་ཤེས་ལག་བསྟར་བྱེད་དགོས། ཞི་བའི་གོང་འཕེལ་འགྲོ་བའི་འཛམ་གླིང་ལ་ཆ་མཚོན་ན་རྣམ་པ་མི་འདྲ་བའི་ཤེས་དཔལ་ཐེག་དགོས་ཤིང་། ངེས་པར་དུ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་སྣ་མང་ཡོད་པར་བཟོད་སྒོམ་བྱེད་ཐུབ་དགོས། དམངས་གཙོ་ནི་རྒྱལ་ཁབ་གང་ཞིག་གི་ཆེད་ཁེ་མིན་པར་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་རེད། ཉེ་ལམ་རྒྱལ་སྤྱིའི་དུས་བབ་འཕེལ་རྒྱས་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད་དོན། ཕྱི་ཕྱོགས་ཀྱི་དམག་དོན་ཐེ་ཇུས་དང་དམངས་གཙོའི་བསྒྱུར་བཀོད་ཟེར་བ་དེར་གནོད་སྐྱོན་ཚད་མེད་ཡོད་པ་རེད། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་བཏང་སྟེ་ཤོག་ཁག་ཆུང་ཆུང་དང་བསྡོམས་སྟོང་འཐབ་འགྲན་འདོར་དགོས།
རྒྱལ་ཁབ་དང་རྒྱལ་ཁབ་བར་དུ་འདོད་པ་མི་གཅིག་པ་དང་འགལ་བ་ནི་ཡོད་སྲིད་མོད། འོན་ཀྱང་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གླེང་མོལ་དང་མཉམ་ལས་བྱེད་དགོས། རྒྱལ་ཁབ་ཅིག་ལ་རྒྱལ་ཁ་ཐོབ་ན་རྒྱལ་ཁབ་གཞན་ཞིག་ཕམ་ངེས་པས་མ་ཁྱབ་པར། འཛམ་གླིང་འདིར་རྒྱལ་ཁབ་ཁག་མཉམ་དུ་འཚར་ལོངས་དང་ཡར་ཐོན་ཡོང་ཆོག་ཤ་སྟག་རེད། ང་ཚོས་གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལང་བ་དང་། ཁོང་ཡངས་བྱེད་པ་ལས་ཟུར་འབུད་མི་བྱེད་པ་རྒྱུན་འཁྱོངས་ཐོག་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ནས་ཁེ་ཕན་གཅིག་འདུས་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། མཐུན་ཆ་ཆེ་ཤོས་འཚོལ་དགོས།
ཀྲུང་ཧྭ་མི་རིགས་ཀྱིས་རྒྱུན་འཛིན་དང་དོན་གཉེར་བྱེད་པ་ནི་ཞི་བདེ་དང་། མཛའ་མཐུན། ཞི་མཐུན་བཅས་ཀྱི་འདུ་ཤེས་ཡིན། ང་ཚོས་གཞན་ལ་བཙན་འཛུལ་དང་བརྙས་བཅོས་སྔོན་ཆད་བྱས་མྱོང་མེད་ལ་ཕྱིན་ཆད་ཀྱང་བྱེད་མི་སྲིད། རང་ཆེ་རང་མཐོ་ཡང་བྱེད་མི་སྲིད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་འཛུགས་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན། སྤྱི་པའི་ཐོན་རྫས་འདོན་སྤྲོད་བྱེད་མཁན་བཅས་ཡིན་པས། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མུ་མཐུད་དུ་འདོན་སྤྲོད་བྱ་རྒྱུ་ཡིན།
བཞི་པ། ང་ཚོས་ངེས་པར་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། འཛམ་གླིང་དུ་མ་ལག་གཅིག་མ་གཏོགས་མེད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་ཡིན་པ་དང་། སྒྲིག་ལམ་གཅིག་མ་གཏོགས་མེད་པ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་སྒྲིག་ལམ་ཡིན། སྒྲིག་སྲོལ་ཆ་ཚང་གཅིག་ལས་མེད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དམ་པའི་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་ཁབ་ཁག་གིས་མཉམ་དུ་ཡོངས་ཁྱབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པ། འཛམ་གླིང་གི་ལས་དབང་མཉམ་དུ་ཁ་ལོ་སྒྱུར་བ་བཅས་ཀྱི་སྲོག་ཤིང་གི་ལས་སྟེགས་ཤིག་ཏུ་འགྱུར་བར་བྱེད་དགོས། རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་བཟོ་རྒྱུར་གཞོལ་ནས་རྒྱལ་སྤྱིའི་ལས་དོན་ནང་གི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་དུ་མདུན་གྲལ་དུ་སྐྱོད་དགོས། བདེ་འཇགས་དང་། འཕེལ་རྒྱས། འགྲོ་བ་མིའི་ཐོབ་ཐང་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ལས་དོན་དོ་མཉམ་ངང་སྐུལ་འདེད་གཏོང་བ་དང་། ཐུན་མོང་གི་གྲོས་རིམ་གཏན་ལ་འབེབས་པ། གནད་དོན་མངོན་གསལ་ཅན་ལ་དམིགས་གཏོད་པ། བྱ་སྤྱོད་སྤེལ་རྒྱུ་གཙོ་བོར་འཛིན་པ་བཅས་བྱས་ནས་ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་ཐད་དུ་ཁས་ལེན་གང་བྱས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
སྐུ་ཞབས་ཀྲུའུ་ཞི་ལགས།
འཛམ་གླིང་སླར་ཡང་ལོ་རྒྱུས་ཀྱི་ལམ་ཁ་བཞི་མདོར་སླེབས་ཡོད། མིའི་རིགས་ཞི་བདེ་དང་། འཕེལ་རྒྱས། ཡར་ཐོན་བཅས་ཡོང་བའི་རླབས་རྒྱུན་འགོག་ཐབས་བྲལ་བ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་ཡིད་ཆེས་བརྟན་པོས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མཉམ་དུ་སྔར་བས་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་དོ། །
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ལྔ་བཅུ་འཁོར་བར་དྲན་གསོ་ཞུ་བའི་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།
(2021ལོའི་ཟླ་10ཚེས་25ཉིན།)
གུས་པར་འོས་པའི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་།
ཀྲུང་གོར་བཅའ་སྡོད་གཞུང་ཚབ་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་རྣམ་པ།
མཁྱེན་ལྡན་མ་རྣམ་པ་དང་སྐུ་ཞབས་རྣམ་པ།
གྲོགས་པོ་རྣམ་པ་དང་བློ་མཐུན་རྣམ་པ།
ལོ་ངོ་50སྔོན་གྱི་དེ་རིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཉེར་དྲུག་པའི་ཐོག །ཟིལ་གནོན་རང་བཞིན་གྱི་འདེམས་ཤོག་མང་ཤས་ཀྱི་ཐོག་ནས་གྲོས་གཞི་ཨང་2758པར་གྲོས་འཆམ་བྱུང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཁེ་དབང་ཡོད་ཚད་སླར་གསོ་བྱ་རྒྱུའི་གྲོས་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་འཐུས་ཚབ་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་ཀྲུང་གོའི་ཁྲིམས་མཐུན་གྱི་འཐུས་ཚབ་གཅིག་པུ་ཉིད་ཡིན་པ་ཁས་བླངས་པ་རེད། དེ་ནི་ཀྲུང་གོའི་མི་དམངས་ཀྱི་རྒྱལ་ཁ་ཡིན་ལ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱལ་ཁའང་རེད།
དེ་རིང་དམིགས་བསལ་གྱི་ཉིན་མོ་འདིར། ང་ཚོ་ལྷན་འཛོམས་བྱས་ནས་ལོ་རྒྱུས་ལ་ཕྱིར་ལྟ་དང་མ་འོངས་པར་རྒྱང་ལྟ་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་རེད།
ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་པ་ནི་འཛམ་གླིང་ཐོག་གི་དོན་ཆེན་ཞིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོན་ཆེན་ཞིག་ཀྱང་རེད། དེ་ནི་འཛམ་གླིང་ཐོག་ཞི་བདེར་དགའ་ཞིང་དྲང་བདེན་སྐྱོང་བའི་རྒྱལ་ཁབ་མཐའ་དག་གིས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་རེད། དེས་འཛམ་གླིང་མི་འབོར་གྱི་བཞི་ཆའི་གཅིག་ཟིན་པའི་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བསྐྱོད་པ་མཚོན་ཡོད། དེ་ནི་ཀྲུང་གོ་དང་འཛམ་གླིང་གཉིས་ཀར་མཚོན་ན་གལ་འགངས་ཆེ་ལ་ཟབ་ཅིང་ཡངས་པའི་དོན་སྙིང་ལྡན་པ་རེད།
འདིར་ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་ཨང་2758པའི་གྲོས་གཞི་འདོན་མཁན་རྒྱལ་ཁབ་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲང་བདེན་སྐྱོང་བའི་རྒྱལ་ཁབ་དང་མི་དམངས་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ། བློ་མཐུན་རྣམ་པ།
ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ཚུན་གྱི་ལོ་ངོ་50ནི་ཀྲུང་གོ་ཞི་བའི་འཕེལ་རྒྱས་བྱུང་ཞིང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པའི་ལོ་ངོ་50ཡིན།
—— ལོ་ངོ་50པོ་འདིའི་རིང་ལ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགྱུར་ལྡོག་ཆེན་པོའི་ནང་དུ་ཀྲུང་གོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ་ཀྲུང་གོ་དང་དེ་བཞིན་མིའི་རིགས་འཕེལ་རྒྱས་ཀྱི་བརྗིད་ཆགས་ལོ་རྒྱུས་སྙན་ངག་བརྩམས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བའི་རྨང་གཞིའི་ཐོག །ཀྲུང་གོའི་མི་དམངས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་བཏོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལྷོང་ངང་གསར་གཏོད་དང་འཕེལ་རྒྱས་བཏང་བ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བ། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་བརྟེན། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ཡོད། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཀྲུང་ཧྭའི་ས་གཞི་ཆེན་པོའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ། ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་ཡོད།
—— ལོ་ངོ་50པོ་འདིའི་རིང་ལ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཐུན་སྒྲིལ་མཉམ་ལས་བྱས་པ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོའི་མི་དམངས་ཞི་བདེར་དགའ་ཞེན་ཆེ་ཞིང་། ཞི་བདེ་དང་བརྟན་བརླིང་རྩ་ཆེན་ཡིན་པ་གསལ་པོར་རྟོགས་ཡོད་པས། ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་ལེན་བསྟར་ནས་དྲང་བདེན་སྐྱོང་བ་དང་བདེན་དོན་ལྷུར་ལེན་བྱས་ཤིང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་འཐབ་རྩོད་ལ་ཀྲུང་གོའི་མི་དམངས་ཀྱིས་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོའི་མི་དམངས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་ལས་ལ་གཞོལ་ནས་“ཐན་ཙན་ལྕགས་ལམ་”ནས་“རྒྱུད་གཅིག་ལམ་གཅིག་”བར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱས་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་སྤྲོད་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་ལ་མཆེད་པའི་ཉེན་ཁའི་གནས་སྐབས་སུ། ཀྲུང་གོས་འཛམ་གླིང་ལ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་ཧུར་ཐག་བྱས་པ་དང་། རྒྱལ་ཁབ་ཁག་ལ་རིམས་འགོག་དངོས་རྫས་དང་འགོག་སྨན་སྨན་རྫས་འབོར་ཆེན་བསྐྱལ་ཡོད་པ་དང་། ནད་དུག་ཁུངས་འདེད་ཐད་ཀྱི་ཚན་རིག་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལྷག་བསམ་རྣམ་དག་གིས་མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་བར་འབད་བརྩོན་བྱས་ཡོད།
—— ལོ་ངོ་50པོ་འདིའི་རིང་ལ། ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོང་བྱས་ཡོད་པ་དང་། ཕྱོགས་མང་རིང་ལུགས་ཉམས་སུ་བླངས་ཤིང་། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་བར་གྱི་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོས་ལྷག་བསམ་རྣམ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཀྱི་འཁུར་འགན་དང་འགན་འཁྲི་བསྒྲུབས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་སྲུང་སྐྱོང་བྱས་ཡོད་ཅིང་། རྒྱལ་སྤྱིའི་ལས་དོན་ནང་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གི་ནུས་པ་སྲུང་སྐྱོང་བྱས་ཡོད། ཀྲུང་གོས་ཞི་བདེའི་ཐབས་ལམ་དང་ཆབ་སྲིད་ཀྱི་ཐོག་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་དར་སྤེལ་ཧུར་ཐག་བཏང་བ་དང་། མི་ཐེངས་ཁྲི་5ལྷག་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་དངུལ་རྒྱལ་ཁབ་ཆེ་བ་ཨང་གཉིས་པ་དང་ཞི་བདེ་སྲུང་སྐྱོང་གི་དངུལ་འདོན་རྒྱལ་ཁབ་ཆེ་བ་ཨང་གཉིས་པར་གྱུར་ཟིན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་དམིགས་འབེན་སྔོན་ལ་མངོན་འགྱུར་བྱས་པ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་སྣེ་ཁྲིད་དེ་དོན་འཁྱོལ་བྱས་ཤིང་། འཛམ་གླིང་གི་དབུལ་འཕྲི་ལ་བྱས་རྗེས་བཞག་ཚད་70%ལས་བརྒལ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བསྒྲགས་གཏམ་》གྱི་དགོངས་དོན་བརྩི་སྲུང་ཞུས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག །དུས་རབས་ཀྱི་དར་རྒྱུན་དང་མཐུན་ཞིང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་བཏོད་དེ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཡར་ཐོན་ཡོང་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་ཡོད།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ། བློ་མཐུན་རྣམ་པ།
འཛམ་གླིང་གི་འཕེལ་རྒྱུན་ནི་ལང་ལོང་དུ་འབབ་པའི་ཆུ་རྒྱུན་དང་འདྲ་བས། དེ་ལ་བསྟུན་ན་དར་རྒྱས་འབྱུང་བ་དང་། དེ་ལས་ལྡོག་ན་ཉམས་ཉེས་སུ་འགྲོ་བ་རེད། འདས་པའི་ལོ་ངོ་50ཡི་རིང་ལ། རྒྱལ་སྤྱིའི་དུས་བབ་བརྟན་འཇགས་མིན་མོད་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། འཛམ་གླིང་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་བ། ཚན་རྩལ་གསར་གཏོད་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་འབོར་ཆེན་གོང་འཕེལ་ཡར་རྒྱས་བྱུང་བ། མི་འབོར་དུང་ཕྱུར་བཅུ་ཕྲག་ལྷག་དབུལ་ཕོངས་ཀྱི་གནས་ལས་ཐར་བ་དང་། མི་འབོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་རྒྱུན་ཆད་མེད་པར་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།
ད་ལྟ། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་པོར་འབྱུང་བཞིན་ཡོད་པ་དང་། ཞི་བའི་འཕེལ་རྒྱས་ཀྱི་ཡར་ཐོན་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་མཉམ་ལས་རྒྱུན་འཁྱོངས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་། སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་ལས་བཀག་སྡོམ་མི་བྱེད་པ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་པ་ལས་བསྡོམས་སྟོང་འཐབ་འགྲན་མི་བྱེད་པར། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འོས་པ་དང་། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་འོས་པ་རེད།
—— ང་ཚོས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཡིན་པའི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་ཤུགས་ཆེན་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་པར་ཡང་དག་པའི་འདུ་ཤེས་ཀྱི་མཛུབ་སྟོན་འདོན་སྤྲོད་བྱེད་དགོས། ཞི་བདེ་དང་འཕེལ་རྒྱས་ནི་ང་ཚོ་ཐུན་མོང་གི་བྱ་གཞག་ཡིན་པ་དང་། དྲང་སྙོམས་དང་དྲང་བདེན་ནི་ང་ཚོ་ཐུན་མོང་གི་ཕུགས་བསམ་ཡིན་ལ། དམངས་གཙོ་དང་རང་དབང་ནི་ང་ཚོ་ཐུན་མོང་གི་དོན་དུ་གཉེར་བྱ་ཡིན། འཛམ་གླིང་ནི་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་པ་དང་། སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་ཡིད་དབང་འཕྲོག་བྱེད་ཡིན་ལ། དེ་བས་ཀྱང་འཛམ་གླིང་འཕེལ་རྒྱས་འགྲོ་བའི་གསོན་ཤུགས་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཡིན། “མཁས་བརྒྱའི་ཡོན་ཏན་མ་བླངས་པར། །རང་གི་ལྟ་གྲུབ་ཇི་ལྟར་ཆགས། །”[1]ཤེས་དཔལ་ལ་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་པར་ཡོད་པ་ལས་མཆོག་དམན་དང་བཟང་ངན་གྱི་དབྱེ་བ་མེད། སྤེལ་རེས་བྱེད་པ་ལས་ད་གཟོད་མཉམ་འདྲེས་འབྱུང་ཞིང་། མཉམ་འདྲེས་འབྱུང་བ་ལས་ད་གཟོད་ཡར་རྒྱས་ཡོང་ཐུབ་པ་རེད། རྒྱལ་ཁབ་ཅིག་བསྐྱོད་པའི་འགྲོ་ལམ་འགྲིག་མིན་གྱི་གནད་འགག་ནི་རྒྱལ་ཁབ་རང་གི་གནས་ཚུལ་ལ་མཐུན་མིན་དང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་མིན་ལ་ལྟ་དགོས་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་བརླིང་བཅས་ཡོང་ཐུབ་མིན་དང་། མི་དམངས་ཀྱི་རྒྱབ་སྐྱོར་དང་གོང་བཀུར་ཐོབ་མིན། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་བྱས་རྗེས་འཇོག་ཐུབ་མིན་བཅས་ལ་ལྟ་དགོས་པ་རེད།
—— ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་ཡུན་རིང་ཞི་བདེ་དང་། ཡོངས་ཁྱབ་བདེ་འཇགས། མཉམ་དུ་དར་རྒྱས། སྒོ་འབྱེད་བསྟུན་མཁས། དག་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་མཉམ་སྐྲུན་བྱེད་དགོས། མིའི་རིགས་ནི་ཆ་ཅན་ཞིག་ཡིན་ཞིང་སའི་གོ་ལ་ནི་ཁྱིམ་གཞིས་ཤིག་ཡིན། མི་སུ་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་རུང་ཐབས་མཁས་རང་སྲུང་ཁོ་ན་བྱེད་ཐབས་མེད། མིའི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་ཞི་མཐུན་མཉམ་གནས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་ནི་ལམ་ལུགས་ཤིག་གིས་ལམ་ལུགས་གཞན་ཞིག་གི་ཚབ་བྱེད་པ་མིན་ལ། ཤེས་དཔལ་ཞིག་གིས་ཤེས་དཔལ་གཞན་ཞིག་གི་ཚབ་བྱེད་པའང་མ་ཡིན་པར་སྤྱི་ཚོགས་ལམ་ལུགས་མི་འདྲ་བ་དང་། འདུ་ཤེས་འཛིན་སྟངས་མི་འདྲ་བ། ལོ་རྒྱུས་རིག་གནས་མི་འདྲ་བ། འཕེལ་རྒྱས་ཆུ་ཚད་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ལས་དོན་ནང་དུ་ཁེ་ཕན་མཉམ་གནས་དང་། ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པའི་མཐུན་ཆ་ཆེ་ཤོས་ཆགས་པར་བྱེད་པ་དེ་ཡིན།
—— ང་ཚོས་གཉིས་ཕན་མཉམ་རྒྱལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བར་བརྟེན་ནས་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་དགོས། ཀྲུང་གོའི་གནའ་མིའི་གཏམ་ལ་“རྒྱལ་སྐྱོང་རྩ་བ་དམངས་རྣམས་བདེ་ལ་འགོད། །དམངས་བདེའི་རྩ་བ་འབྱོར་པ་རྒྱས་པར་ཐུག །”[2]ཅེས་པ་ལྟར། འཕེལ་རྒྱས་ལ་སྐུལ་འདེད་དང་བདེ་སྡོད་ལས་བརྩོན་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡིན། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་བཏང་ན། འཕེལ་རྒྱས་ལ་ད་གཟོད་དོན་སྙིང་ལྡན་ཞིང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་བཏང་ན། འཕེལ་རྒྱས་ལ་ད་གཟོད་སྒུལ་ཤུགས་ཡོད། འཛམ་གླིང་རྒྱལ་ཁབ་ཁག་གིས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་དྲང་སྙོམས་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ཧུར་ཐག་བྱེད་དགོས། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་ཏེ་འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཆེ་རུ་གཏོང་དགོས། མི་དམངས་ཀྱི་འཕེལ་རྒྱས་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། མི་ཚང་མ་ཐེ་ཞུགས་དང་མི་ཚང་མས་ལོངས་སུ་སྤྱོད་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཆགས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་རྒྱལ་ཁབ་ཚང་མའི་མི་ཡོངས་རྫོགས་ལ་ཕན་པའི་གསོས་སུ་འགྱུར་བའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་དགོས། ཡུན་རིང་མ་འགྱངས་གོང་ལ་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཐོག་ཏུ་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་གྲོས་འགོ་བཏོན་ནས་རྒྱལ་ཁབ་ཁག་གིས་མཉམ་དུ་འབད་བརྩོན་བྱས་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐེབས་པའི་ཕོག་ཐུག་སེལ་རྒྱུ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་ངང་དོན་འཁྱོལ་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་པའི་རེ་བ་བཏོན་པ་ཡིན།
—— ང་ཚོས་མཉམ་ལས་ལ་ཤུགས་བརྒྱབ་ནས་མིའི་རིགས་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་དགོས། ས་ཁུལ་གྱི་རྩོད་གཞི་དང་འཇིགས་སྐུལ་རིང་ལུགས། གནམ་གཤིས་འགྱུར་ལྡོག །དྲ་རྒྱའི་བདེ་འཇགས། སྐྱེ་དངོས་ཀྱི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་ཡོད་སྟབས། སྔར་བས་ཁོང་ཡངས་ཡིན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་། སྔར་བས་ཕན་ནུས་ལྡན་པའི་ཕྱོགས་མང་ལམ་སྲོལ། སྔར་བས་དགེ་མཚན་ལྡན་པའི་ས་ཁོངས་མཉམ་ལས་བཅས་གྲུབ་ཚེ་ད་གཟོད་ཁ་གཏད་ནུས་ལྡན་འཇལ་ཐུབ་པ་རེད། གནམ་གཤིས་འགྱུར་ལྡོག་ནི་རང་བྱུང་ཁམས་ཆེན་མོས་མིའི་རིགས་ལ་བཏང་བའི་ཉེན་བརྡ་རེད། འཛམ་གླིང་རྒྱལ་ཁབ་ཁག་གིས་བྱ་སྤྱོད་དངོས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་བདེ་འཇགས་མཐའ་མཚམས་སྲུང་དགོས་ཤིང་། ལྗང་མདོག་སླར་གསོ་དང་། ལྗང་མདོག་ཐོན་སྐྱེད། ལྗང་མདོག་འཛད་སྤྱོད་བཅས་བསྔགས་སྐུལ་བྱེད་པ་དང་། ཚུལ་ལྡན་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཆགས་པ་བཅས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་འཛད་མེད་འགོ་ཁུངས་སུ་འགྱུར་བར་བྱེད་དགོས།
—— ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གོ་གནས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་མཉམ་དུ་མིང་དོན་མཚུངས་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་དགོས་པ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་193གྱིས་མཉམ་དུ་གཏན་འབེབས་བྱེད་དགོས་པ་ལས། རྒྱལ་ཁབ་དང་རྒྱལ་ཁབ་ཚོགས་པ་རེ་ཟུང་གིས་གཏན་འབེབས་བྱེད་མི་རུང་། རྒྱལ་སྤྱིའི་སྒྲིག་སྲོལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་193གྱིས་མཉམ་དུ་བརྩི་སྲུང་ཞུ་དགོས་པ་ལས། དམིགས་བསལ་མེད་ལ་ཡོད་ཀྱང་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ལ་འཛམ་གླིང་རྒྱལ་ཁབ་ཁག་ཚང་མས་བརྩི་འཇོག་གི་རྣམ་འགྱུར་འཛིན་དགོས་པ་དང་། ཁྱིམ་ཚང་ཆེན་པོ་འདིར་གཅེས་སྤྲས་དང་བདག་སྐྱོང་ཡག་པོ་བྱེད་དགོས་པ་ལས། མཐུན་ན་བེད་སྤྱོད་དང་མི་མཐུན་ན་འདོར་བ་བྱེད་མི་རུང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླ་ན་མེད་པའི་བྱ་གཞག་གི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་སྔར་ལས་དགེ་མཚན་ལྡན་པའི་ནུས་པ་འདོན་དུ་འཇུག་དགོས། ཀྲུང་གོར་རྒྱལ་ཁབ་ཁག་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འདུ་ཤེས་འཛིན་པ་དང་། མཉམ་ལས་ཀྱི་བསམ་ཕྱོགས་འཚོལ་ཞིབ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས་དུས་བབ་གསར་པའི་འོག་གི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པོར་གཏོང་འདོད་ཡོད།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ། བློ་མཐུན་རྣམ་པ།
འདས་སོང་དཔེ་ལྟ་བྱས་ན་ད་ལྟའི་གནས་བབ་རྟོགས། །སྔར་སོང་མེ་ལོང་བྱས་ན་རྗེས་མ་ཅི་ཡོང་ཤེས། །ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་ལངས་ནས་ཀྲུང་གོས་ཞི་བའི་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྲུན་བྱེད་མཁན་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་མཁན་དང་། ཕྱོགས་མང་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན།
“རི་བོའི་ཕ་རོལ་ཚུར་རོལ། །ཆར་དང་སྤྲིན་པར་མཉམ་རོལ། །དཀར་གསལ་ཟླ་བར་རོལ་དུས། །ཡུལ་གཉིས་ཕྱེད་སྣང་མི་འདུག །”[3]ང་ཚོས་ལག་གདང་སྦྲེལ་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་ཏེ། འཛམ་གླིང་དུས་གཏན་དུ་ཞི་བའི་གོང་འཕེལ་འགྲོ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དོ། །
ལྷན་རྒྱས་ཐུགས་རྗེ་ཆེ།
མཆན་འགྲེལ།
[1] ཆིང་རྒྱལ་རབས་ཀྱི་ལིའུ་ཁའེ་ཡི་《རོན་ཡུན་ཐའེ་ཀུང་པའོ་དང་རྩོམ་ཡིག་གླེང་བ་》ཞེས་པར་གསལ།
[2] 《ཧོའེ་ནན་ཙི་•ཞལ་གདམས་ཐོར་བུ་》ཞེས་པར་གསལ།
[3] ཐང་རྒྱལ་རབས་ཀྱི་ཝང་ཁྲང་ལིའང་གི་《ཁྲའེ་ཧྲི་ཡུས་ལ་སྐྱེལ་མ་ཞུས་པ་》ཞེས་པར་གསལ།
སྒོ་འབྱེད་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་དགོས།
(2021ལོའི་ཟླ་10ཚེས་30ཉིན།)
འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་བསྐལ་བའི་རིམས་ནད་ལ་གདོང་གཏད་དེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་གླེང་སྟེགས་གཙོ་བོ་ཡིན་པའི་ཆ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པས་འཁུར་འོས་པའི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་མ་འོངས་པ་དང་མི་དམངས་ཀྱི་བདེ་རྩའི་ཆེད་དུ། སྒོ་འབྱེད་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། ངས་གྲོས་འགོ་ཁག་5འདོན་འདོད་ཡོད།
དང་པོ། མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། ལག་གདང་སྦྲེལ་ནས་རིམས་ནད་ལ་འགོག་རྒོལ་བྱེད་དགོས། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་ནད་དུག་རྒྱ་ཡན་དུ་མཆེད་པ་འདིར་གདོང་གཏོད་དུས། སུས་ཀྱང་ཁེར་རྐྱང་ངང་ཐབས་མཁས་རང་སྲུང་བྱེད་ཐབས་མེད་པས། མཐུན་སྒྲིལ་མཉམ་ལས་བྱེད་པ་ནི་སྟོབས་ཤུགས་ཆེས་ཆེ་བའི་མཚོན་ཆ་དེ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་ཀྱིས་ཚན་རིག་དང་མཐུན་པའི་རྣམ་འགྱུར་བཟུང་སྟེ་རིམས་ནད་ལ་ཁ་གཏད་འཇལ་བ་དང་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་དགོས་པ་ལས། ནད་དུག་ངན་མིང་ཅན་དང་ཁུངས་འདེད་ཆབ་སྲིད་ཅན་དུ་སྒྱུར་བ་ནི་མཐུན་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྙིང་དོན་དང་རྒྱབ་འགལ་དུ་གྱུར་པ་ཞིག་རེད། ང་ཚོས་སྔོན་འགོག་ཚོད་འཛིན་དང་ནད་བརྟག་སྨན་བཅོས་བྱེད་ཐབས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པར་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོ་ཚུད་ཡོད་པས་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་བ་དང་། ཐོན་ཁུངས་སྐུལ་སློང་། མཉམ་ལས་ལ་སྐུལ་འདེད་བཅས་བྱེད་པའི་ཐད་ཁྲིད་སྟོན་གྱི་ནུས་པ་འདོན་འོས་པ་རེད།
རིམས་ནད་ཐོན་མ་ཐག་པའི་དུས་ནས་བཟུང་། ངས་ཏོག་གསར་འགོག་སྨན་ནི་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་འོས་ཞེས་བཏོན་པ་བཞིན། འདིར་ངས་སླར་ཡང་གོ་ལ་ཧྲིལ་པོར་འགོག་སྨན་མཉམ་ལས་ཀྱི་བྱ་སྤྱོད་སྤེལ་བའི་གྲོས་འགོ་འདོན་རྒྱུ་སྟེ། (གཅིག) འགོག་སྨན་གྱི་ཚན་ཞིབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འགོག་སྨན་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་འབྲེལ་བྱས་ཏེ་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། (གཉིས།) དྲང་སྙོམས་དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགོག་སྨན་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏོན་པའི་2022ལོའི་གོ་ལ་ཧྲིལ་པོའི་འགོག་སྨན་རྒྱག་པའི་དམིགས་འབེན་དོན་འཁྱོལ་བྱེད་དགོས། (གསུམ།) འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་འགོག་སྨན་གྱི་ཤེས་བྱའི་ཐོན་དབང་ཆག་ཡང་གཏོང་རྒྱུ་སྔ་ཙམ་ནས་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་དང་། འགོག་སྨན་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་བཤུག་སྤྲོད་བྱ་རྒྱུར་བསྔགས་སྐུལ་བྱེད་དགོས། (བཞི།) རྒྱལ་མཚམས་བརྒལ་བའི་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། འགོག་སྨན་དང་དེའི་རྒྱུ་ཆ་གཙོ་ཕལ་གྱི་ཉོ་ཚོང་ཤར་རྒྱུག་ཡོང་རྒྱུ་འགན་སྲུང་བྱེད་དགོས། (ལྔ།) འགོག་སྨན་རིགས་སྣ་ཚོགས་ལ་དྲང་སྙོམས་ཀྱི་ལྟ་སྟངས་འཛིན་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོག་སྨན་འཕྲལ་མྱུར་བེད་སྤྱོད་བྱ་རྒྱུའི་གསལ་ཐོ་གཞིར་བཟུང་སྟེ་འགོག་སྨན་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། (དྲུག) གོ་ལ་ཧྲིལ་པོའི་འགོག་སྨན་མཉམ་ལས་སྤྱི་དང་ཡང་སྒོས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགོག་སྨན་ལག་སོན་ཡོང་ཆེད་དངུལ་རྩའི་རྒྱབ་སྐྱོར་བྱེད་དགོས།
མིག་སྔར། ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ལ་འགོག་སྨན་རྐང་དུང་ཕྱུར་16ལས་བརྒལ་བ་འདོན་སྤྲོད་བྱས་པ་དང་། ད་ལོའི་ལོ་ཧྲིལ་པོར་ཕྱི་ཕྱོགས་སུ་འགོག་སྨན་རྐང་དུང་ཕྱུར་20ལས་བརྒལ་བ་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་16དང་མཉམ་དུ་འགོག་སྨན་མཉམ་འབྲེལ་བྱས་ཏེ་ཐོན་སྐྱེད་བྱེད་བཞིན་ཡོད་ལ། ལོ་རེར་འགོག་སྨན་རྐང་དུང་ཕྱུར་7ཐོན་སྐྱེད་བྱེད་པའི་ནུས་ཤུགས་རགས་ཙམ་ཆགས་ཡོད། ངས་ད་ལོའི་ཟླ་5པའི་གོ་ལ་ཧྲིལ་པོའི་བདེ་ཐང་དབུ་ཚོགས་ཐོག་ཏོག་གསར་འགོག་སྨན་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་འཚོག་རྒྱུའི་གྲོས་འགོ་བཏོན་པ་ལྟར་ཟླ་8པར་ལམ་ལྷོངས་ངང་སྐོང་འཚོགས་བྱས་པ་དང་། ཚོགས་ཞུགས་རྒྱལ་ཁབ་ཁག་གིས་ལོ་ཧྲིལ་པོར་འགོག་སྨན་རྐང་དུང་ཕྱུར་15ལས་བརྒལ་བའི་མཉམ་ལས་བྱ་རྒྱུར་མོས་མཐུན་བྱས་ཡོད། ཀྲུང་གོས་ད་དུང་རྒྱལ་ཁབ་30དང་མཉམ་དུ་“རྒྱུད་གཅིག་ལམ་གཅིག་”གི་འགོག་སྨན་མཉམ་ལས་རོགས་ཟླའི་འབྲེལ་བའི་གྲོས་འགོ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འགོག་སྨན་གོ་ལ་ཧྲིལ་པོར་དྲང་སྙོམས་ཀྱིས་བགོ་འགྲེམས་བྱེད་པར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འགོག་སྨན་ལག་སོན་ཡོང་བ་དང་འགྲོ་གྲོན་ཐེག་པའི་ཤས་ཆེ་རུ་བཏང་སྟེ། གོ་ལ་ཧྲིལ་པོའི་འགོག་སྨན་གྱི་སྲུང་རགས་སྐྲུན་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་འདོད་ཡོད།
གཉིས་པ། མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་སླར་གསོར་སྐུལ་འདེད་གཏོང་དགོས། རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ནི་རྙོག་འཛིང་ཆེ་ཞིང་ཕུགས་ཡུན་རིང་བས། ནད་བསྟུན་སྨན་བཅོས་དང་རྩ་ལག་མཉམ་བཅོས་བྱེད་དགོས་པ་རེད། ང་ཚོས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ཡོང་བར་ཤུགས་སྣོན་བརྒྱབ་སྟེ། སྲིད་ཇུས་ཀྱི་འབྲེལ་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐའ་འཁྱོངས་བྱེད་འོས། དཔལ་འབྱོར་དངོས་ཚན་གཙོ་ཁག་གིས་འགན་འཁྲི་འཁུར་བའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་སྤྱོད་པ་དང་། རང་ངོས་ཀྱི་ཐབས་བཀོད་ཀྱི་དབང་གིས་དངུལ་ལོར་འགྲེམས་ཐལ་ཤོར་བ་དང་། དངུལ་བརྗེ་འཛའ་ཐང་འཕར་ཆག་ཆེ་བ། བུ་ལོན་ཟུག་ཚད་ཆེ་རུ་འགྲོ་བ་བཅས་བཀག་འགོག་བྱེད་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྐྱེན་ངན་ཕྱིར་ལུད་ཀྱི་ཤུགས་རྐྱེན་མི་ཐེབས་པར་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་རྩའི་མ་ལག་བརྟན་བརླིང་ངང་འཁོར་སྐྱོད་ཡོང་རྒྱུ་སྲུང་སྐྱོང་བྱེད་འོས།
དེ་དང་ཆབས་ཅིག་ང་ཚོས་མིག་རྒྱང་རིང་པོར་གཏད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་བཅོས་སྐྱོང་གི་མཚལ་ཡིག་ཁ་གསབ་བྱེད་འོས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་རེབ་བཅུ་དྲུག་པའི་ཐོབ་སྐལ་དུས་ལྟར་ཞིབ་བཤེར་ཚར་བར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་དངུལ་རྩའི་བདེ་འཇགས་དྲ་བ་བརྟན་པོ་འཛུགས་དགོས། རྒྱལ་སྤྱིའི་གསར་སྤེལ་མཐུན་ཚོགས་ཀྱིས་མ་རྩ་འཕར་སྣོན་གྱི་གྲོས་མོལ་རེབ་ཉི་ཤུ་པ་སྔ་སྣུར་ཐོག་བྱེད་འགོ་རྩོམ་པར་ཀྲུང་གོས་རྒྱབ་སྐྱོར་བྱེད་ཀྱི་ཡིན་པ་དང་། འབྲེལ་ཡོད་འདེམས་ཤོག་འཕེན་དབང་གི་བསྒྱུར་བཅོས་ཇུས་གཞིའི་ནང་རྒྱལ་སྤྱིའི་དཔལ་འབྱོར་བཀོད་པའི་འགྱུར་ལྡོག་དངོས་གནས་མཚོན་ཐུབ་དགོས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་བཤད་དབང་ཆ་ཆེ་རུ་གཏོང་དགོས། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱིས་ཨ་སྒོར་དུང་ཕྱུར་6500འཕར་སྣོན་ཐོག་འགྲེམས་སྤེལ་བྱས་ནས་དམིགས་བསལ་དངུལ་ལེན་དབང་ཆ་སྤྱོད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་དག་རིམས་ནད་ཀྱི་ཤུགས་རྐྱེན་ཚབས་ཆེ་ཞིང་ཡོང་འབབ་དམའ་བའི་རྒྱལ་ཁབ་ལ་གཡར་འདོད་ཡོད།
ང་ཚོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་འོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བསྒྱུར་བཅོས་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་པ་དང་། དེའི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་དང་འཕེལ་རྒྱས་ཀྱི་བར་སྟོང་འགན་སྲུང་བྱེད་འོས། རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་ལྡན་གྱིས་འཁོར་སྐྱོད་ཡོང་རྒྱུ་སླར་གསོ་གང་མགྱོགས་བྱས་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་གཉིས་པར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བདེ་འཇགས་དང་བརྟན་བརླིང་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་འཁོར་སྐྱོད་ཀྱི་རྩ་ལག་ཤར་རྒྱུག་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ལྡེམ་ཤུགས་དང་བརྟན་བརླིང་སྐོར་གྱི་རྒྱལ་སྤྱིའི་གླེང་སྟེགས་སྐོང་འཚོགས་བྱེད་པའི་གྲོས་འགོ་འདོན་རྒྱུ་ཡིན་ལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་ཞུགས་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་བྱེད་པའི་ཐད་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཀྲུང་གོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་སོགས་ཀྱི་གྲོས་འགོར་བརྟེན་ནས་དེའི་ཐད་དུ་འབད་བརྩོན་ལྷོད་མེད་བྱས་ཡོད། ཀྲུང་གོས་ཕྱོགས་སོ་སོ་དང་ཐུན་མོང་ཐོག་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སྒོ་འབྱེད་དང་། ལྗང་མདོག །སྤྱོད་གཙང་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་ཡོད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པ་དང་། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་གྲུབ་འབྲས་དེ་བས་གཡུར་དུ་ཟ་བ་འཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།
གསུམ་པ། ཀུན་ཕན་ཁོང་ཡངས་བྱས་ཏེ་མཉམ་དུ་འཕེལ་རྒྱས་གཏོང་དགོས། རིམས་ནད་ཀྱིས་གོ་ལ་ཧྲིལ་པོ་སྤྱི་དང་ཡང་སྒོས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཉམས་ཉེན་མང་པོ་བཟོས་པ་དང་། བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་བསྡོམས་འབོར་དུང་ཕྱུར་8ཡས་མས་ཟིན་པས། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པ་དེ་དཔེ་མེད་འགྲན་སློང་ལ་འཕྲད་ཡོད། ང་ཚོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དྲང་སྙོམས་རང་བཞིན་དང་། གནད་སྨིན་རང་བཞིན། ཁོང་ཡངས་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཅིག་ཀྱང་རྗེས་ལུས་མི་ཐེབས་པར་བྱེད་འོས།
རྒྱལ་ཁབ་ཉི་ཤུ་ཚོགས་པས་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་པའི་གོ་གནས་ཆེ་སར་བཞག་སྟེ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཨ་ཧྥེ་རི་ཁ་གླིང་དང་འཕེལ་རྒྱས་ཆེས་ཞན་པའི་རྒྱལ་ཁབ་ཀྱིས་བཟོ་ལས་ཅན་མངོན་འགྱུར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་གྲོས་འགོ་དོན་འཁྱོལ་བྱས་ཏེ། ད་ཡོད་ཀྱི་འཕེལ་རྒྱས་མཉམ་ལས་ལམ་སྲོལ་རོགས་འདེགས་ངང་བོགས་ཐོན་རྒྱུར་སྐུལ་འདེད་གཏོང་འོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་གཞུང་ཕྱོགས་ཀྱི་ཁས་ལེན་ལག་བསྟར་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་སྔར་ལས་མང་བ་འདོན་སྤྲོད་བྱེད་དགོས།
ཉེ་སྔོན། ངས་མཉམ་འབྲེལ་རྒྱལ་ཚོགས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་ཕོངས་ཉུང་འཕྲི་དང་། འབྲུ་རིགས་བདེ་འཇགས། རིམས་འགོག་དང་འགོག་སྨན། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག །གནམ་གཤིས་འགྱུར་ལྡོག་དང་ལྗང་མདོག་འཕེལ་རྒྱས། བཟོ་ལས་ཅན། གྲངས་ཀའི་དཔལ་འབྱོར། གཅིག་ལ་གཅིག་སྦྲེལ་བཅས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་བརྟེན་ནས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ། སྔར་ལས་སྟོབས་ལྡན་དང་། ལྗང་མདོག །སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུའི་འབོད་སྐུལ་བྱས་པ་ཡིན། འདི་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དགོངས་པ་དང་ཁ་ཕྱོགས་གཙོ་བོར་སྐུལ་འདེད་གཏོང་བ་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས། རྒྱལ་ཁབ་ཁག་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
བཞི་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྒུལ་ཤུགས་སྔོག་འདོན་བྱེད་དགོས། གསར་གཏོད་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གསར་གཏོད་དང་འཕར་སྣོན་གྱི་གཏིང་ཤུགས་སྔོག་འདོན་བྱེད་པ་དང་། སྒོ་ཀུན་ནས་ཐེ་ཞུགས་དང་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་བྱུང་བའི་རྨང་གཞིའི་ཐོག་སྒྲིག་སྲོལ་བཟོས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐྱེ་ཁམས་བཟང་པོ་སྐྲུན་འོས། བསམ་བཞིན་དུ་ཤོག་ཁག་ཆུང་ཆུང་འཛུགས་པ་དང་། ཐ་ན་འདུ་ཤེས་འཛིན་སྟངས་ཀྱིས་དབྱེ་མཚམས་བཅད་ན། འགལ་རྐྱེན་བཟོ་བ་དང་འགོག་རྐྱེན་མང་དུ་གཏོང་བ་ཙམ་ལས། ཚན་རྩལ་གསར་གཏོད་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད།
གྲངས་ཀའི་དཔལ་འབྱོར་ནི་ཚན་རྩལ་གསར་གཏོད་ཀྱི་མདུན་གནས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པས་མཉམ་དུ་གྲངས་ཀའི་དུས་རབས་ཀྱི་འགན་འཁྲི་འཁུར་བ་དང་། གྲངས་ཀའི་རྨང་གཞིའི་སྒྲིག་བཀོད་དཔེ་གསར་ཅན་མགྱོགས་པོར་འཛུགས་སྐྲུན་བྱེད་པ། གྲངས་ཀའི་ལག་རྩལ་དེ་དངོས་གཞིའི་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་“གྲངས་ཀའི་འོབས་དོང་”བསལ་བར་རོགས་རམ་བཅས་བྱེད་དགོས། ཀྲུང་གོས་《གོ་ལ་ཧྲིལ་པོའི་གཞི་གྲངས་བདེ་འཇགས་ཀྱི་གྲོས་འགོ་》བཏོན་ཟིན་པ་ལྟར། ང་ཚོས་མཉམ་དུ་ཕྱོགས་སོ་སོའི་འདོད་བློ་མཚོན་པ་དང་ཕྱོགས་སོ་སོའི་ཁེ་ཕན་ལ་བརྩི་འཇོག་བྱེད་པའི་གྲངས་ཀ་བཅོས་སྐྱོང་གི་རྒྱལ་སྤྱིའི་སྒྲིག་སྲོལ་དཔྱད་བསྡུར་ཐོག་བཙུགས་ཏེ། སྒོ་འབྱེད་དང་། དྲང་སྙོམས། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་ཀའི་འཕེལ་རྒྱས་ཁོར་ཡུག་ཧུར་ཐག་གིས་གཏོད་ཆོག །ཀྲུང་གོས་གྲངས་ཀའི་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། 《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》ལ་ཞུགས་པའི་རེ་ཞུ་འདོན་རྒྱུ་ཐག་བཅད་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ལུགས་ལྡན་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ལྔ་པ། ཞི་མཐུན་མཉམ་གནས་དང་ལྗང་མདོག་ཡུན་གཏན་དུ་ཡོང་བར་བྱེད་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐུན་མོང་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་བཟུང་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་《ཕ་རི་སིའི་གྲོས་མཐུན་》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་དང་《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལམ་ལྷོངས་ཡོང་བར་རྒྱབ་སྐྱོར་བྱེད་འོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྙིགས་འབུད་འཕྲི་འཐེན་གྱི་གནད་དོན་ཐད་དུ་མིག་དཔེ་བསྟན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམིགས་བསལ་དཀའ་ངལ་དང་དོ་ཁུར་ལ་སྒོ་ཀུན་ནས་ལྟ་རྟོག་བྱེད་པ་དང་། གནམ་གཤིས་ཐད་ཀྱི་མ་དངུལ་བསྡུ་རུབ་ཀྱི་ཁས་ལེན་དོན་འཁྱོལ་བྱེད་པ་དང་ལག་རྩལ་དང་ནུས་པ་འཛུགས་སྐྲུན་སོགས་ཀྱི་ཐད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་འོས། འདི་ནི་འཚོག་ལ་ཉེ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་ལམ་ལྷོངས་ཡོང་མིན་གྱི་འགག་རྩ་ཡིན།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་རྒྱལ་སྤྱིའི་འགན་འཁྲི་རང་འགུལ་གྱིས་འཁུར་བཞིན་ཡོད་ལ། དཔལ་འབྱོར་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་བྱ་སྤྱོད་སྤེལ་ཤུགས་རྒྱུན་ཆད་མེད་པར་རང་དབང་སྒོས་ཆེ་རུ་བཏང་བ་སྟེ། འདས་པའི་ལོ་10ཡི་ནང་གློག་ཤུགས་སྟོང་ཝ་དུང་ཕྱུར་1.2ཟིན་པའི་སོལ་གློག་སྒྲིག་སྦྱོར་འཕྲུལ་འཁོར་རྗེས་ལུས་ཅན་འདོར་ལེན་བྱས་པ་དང་། སྒྲིག་སྦྱོར་འཕྲུལ་འཁོར་གྱི་གློག་ཤུགས་ཧ་ལམ་སྟོང་ཝ་དུང་ཕྱུར་1ཟིན་པའི་རླུང་གློག་དང་འོད་གློག་གི་རྟེན་གཞི་ཆེ་གྲས་ཀྱི་ལས་གཞི་སྐོར་ཁག་དང་པོ་ཉེ་དུས་ལུགས་ལྡན་ངང་ལས་འགོ་ཚུགས་ཡོད། ཀྲུང་གོས་འབད་བརྩོན་གྱིས་2030ལོའི་སྔོན་ལ་ཐཱན་རྩེར་སོན་མངོན་འགྱུར་དང་2060ལོའི་སྔོན་ལ་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ཡིན། ང་ཚོ་ཁ་དན་ཚིག་ལ་གནས་པ་ཡིན་པས། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་ལྗང་མདོག་དང་། ཐཱན་ཉུང་། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་རྒྱུ་ཡིན།
རིམས་ནད་རྗེས་ཀྱི་དུས་རབས་སུ་དགའ་སྐྱིད་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་དགོས།
(2022ལོའི་ཟླ་1ཚེས་17ཉིན།)
ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། འཕོ་འགྱུར་དེ་ནི་དུས་སྐབས་ཤིག་དང་བྱ་བ་ཞིག་དང་། རྒྱལ་ཁབ་ཅིག་དང་ས་ཁོངས་ཤིག་ཙམ་གྱིས་མི་ཚད་པར་གཏིང་ཟབ་ཅིང་རྒྱ་ཆེ་བའི་དུས་རབས་རང་བཞིན་གྱི་འཕོ་འགྱུར་ཞིག་རེད། དུས་རབས་འཕོ་འགྱུར་དང་བསྐལ་བའི་རིམས་ནད་བརྩེགས་མར་བྱུང་བས། འཛམ་གླིང་གཡོ་འགུལ་དང་འགྱུར་ལྡོག་གི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། ཇི་ལྟར་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པ་དང་། རིམས་ནད་འཇགས་རྗེས་ཀྱི་འཛམ་གླིང་ཇི་ལྟར་འཛུགས་སྐྲུན་བྱེད་དགོས་པ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་ལན་འདེབས་དགོས་པའི་ཁ་ཚ་དགོས་གཏུག་གི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཀྱང་ཡིན།
“སྲིད་པའི་བབས་ནི་མ་འཕེལ་ན་འགྲིབ་པ་དང་། གནམ་འོག་སྐྱོང་དུས་མ་དར་ན་རྒུད་པར་འགྱུར།”[1] འཇིག་རྟེན་ནི་ནམ་ཡང་འགལ་བའི་འགུལ་སྐྱོད་ཀྱི་ངང་དུ་འཕེལ་རྒྱས་འགྲོ་བ་ཞིག་ཡིན་པས། འགལ་བ་མེད་ན་འཇིག་རྟེན་ཡང་ཡོད་མི་སྲིད། ལོ་རྒྱུས་ལ་ཕྱོགས་ཡོངས་ནས་བལྟས་ན། མིའི་རིགས་ནི་ཉམས་སད་རེ་རེ་ལས་རྣམ་པར་རྒྱལ་བཞིན་འཚར་ལོངས་བྱུང་བ་དང་། ཉམས་ཉེན་རེ་རེ་ཁྱད་དུ་གསོད་བཞིན་འཕེལ་རྒྱས་བྱུང་བ་ཞིག་རེད། ང་ཚོ་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཐོག་མདུན་དུ་སྐྱོད་དགོས་པ་དང་། དུས་རབས་གོང་དུ་འཕེལ་རྒྱུན་ལས་འཕེལ་རྒྱས་འགྲོ་དགོས།
ཆར་རླུང་ཇི་ཙམ་ལྡང་ཡང་མིའི་རིགས་མདུན་སྐྱོད་ཀྱི་གོམ་ཁ་འཇོག་མི་སྲིད། ང་ཚོས་ལོ་རྒྱུས་ཀྱི་དུས་འཁོར་རིང་པོར་ཞིབ་བསྡུར་དང་དབྱེ་ཞིབ་བྱས་ནས་བསམ་གཞིགས་གཏོང་ཤེས་དགོས་པར་མ་ཟད་ཕྲ་ས་ཆུང་ས་ནས་བྱ་དངོས་ཀྱི་འགྱུར་ལྡོག་ཤེས་ཚོར་བྱེད་ཤེས་དགོས་ཤིང་། ཉམས་ཉེན་གྱི་ནང་དུ་གོ་སྐབས་གསར་པ་འཚོལ་བ་དང་། འགྱུར་ལྡོག་ལས་རྣམ་པ་གསར་པ་བཏོད་ནས་དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
དང་པོ། ལག་གདང་སྦྲེལ་ནས་མཉམ་ལས་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱེད་དགོས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་བསྐལ་བའི་རིམས་ནད་ཀྱི་མདུན་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔའ་ངར་ཞུམ་མེད་ངང་འགོག་རྒོལ་དམག་འཐབ་ཅིག་རྒྱག་འགོ་ཚུགས་ཡོད། དོན་དངོས་སུ་གོ་ལ་ཧྲིལ་པོའི་རང་བཞིན་ལྡན་པའི་ཉམས་ཉེན་གྱི་རྦ་རླབས་འཇིགས་སུ་རུང་བའི་ནང་དུ་རྒྱལ་ཁབ་ཁག་ནི་ལས་དབང་གཅིག་འབྲེལ་གྱི་གྲུ་གཟིངས་ཆེན་པོ་ཞིག་ལ་བསྡད་ཡོད་པ་ལས་གྲུ་ཆུང་190ལྷག་ལ་ཁེར་སྡོད་བྱེད་པ་ཞིག་མིན་པ་ཡང་བསྐྱར་གསལ་སྟོན་བྱས་ཡོད། འཇིགས་སུ་རུང་བའི་རྦ་རླབས་འདི་ལྟ་བུའི་ནང་དུ་གྲུ་གཟིངས་ཆེན་པོ་མ་གཏོགས་གྲུ་ཆུང་ཐར་ཐབས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། གོ་ལ་ཧྲིལ་པོའི་རིམས་འགོག་ལ་གྲུབ་འབྲས་གནད་ཆེན་ཐོབ་ཡོད་མོད། འོན་ཀྱང་རིམས་ནད་ཡང་མཆེད་བསྐྱར་མཆེད་བྱུང་བ་དང་ནད་དུག་གཞན་འགྱུར་བྱུང་གྲངས་ཇེ་མང་དུ་གྱུར་ཅིང་། འགོས་ཚད་མགྱོགས་སུ་ཕྱིན་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་བཟོས་ཡོད།
ཡིད་ཆེས་ཇེ་བརྟན་དང་ཕྱར་བ་གྲུ་འདེགས་བྱེད་པ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་འགྲོ་ལམ་ཡང་དག་པ་ཉག་ཅིག་ཡིན། ཕན་ཚུན་འགོག་རྐྱེན་བཟོ་བ་དང་ཁ་འཕངས་ལག་ཕྱིས་བྱེད་པ་ཚང་མ་དམག་འཐབ་ཀྱི་གོ་སྐབས་འཐུས་ཤོར་དང་ཁྱོན་ཡོངས་ལ་འགལ་རྐྱེན་བཟོ་པའི་རྒྱུ་ཡིན། འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་རིམས་ནད་འགོག་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ཧུར་ཐག་གིས་སྤེལ་བ། རིམས་ནད་འགོག་པའི་འགོག་སྲུང་འཛིང་རགས་སྣ་མང་མཉམ་དུ་སྐྲུན་པ་བཅས་བྱས་ཏེ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་གྱིས་འཛུགས་དགོས། ལྷག་པར་དུ་རིམས་འགོག་སྨན་ཁབ་སྟེ་མཚོན་ཆ་མཐུ་མོ་འདི་བེད་སྤྱོད་ཡག་པོ་བྱས་ནས་རིམས་འགོག་སྨན་ཁབ་དྲང་སྙོམས་ངང་བགོ་བཤའ་རྒྱག་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་པ་དང་། འགོག་ཁབ་རྒྱག་པའི་མྱུར་ཚད་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་“རིམས་ཐར་འོབས་དོང་”བསབ་པ་བཅས་ཀྱི་ཐོག་ནས་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་མི་དམངས་ཀྱི་འཚོ་བ་འགན་སྲུང་ཡག་པོ་བྱེད་དགོས།
ཀྲུང་གོ་ནི་ཁ་དན་ཚིག་གནས་དང་། གང་སྒྲུབ་དོན་ཡོད་བྱེད་མཁན་ཞིག་ཡིན་པས། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ལ་རིམས་འགོག་སྨན་ཁབ་རྐང་དུང་ཕྱུར་20ལྷག་མཁོ་འདོན་བྱས་ཡོད། ཀྲུང་གོས་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་སླར་ཡང་རིམས་འགོག་སྨན་ཁབ་རྐང་དུང་ཕྱུར་10མཁོ་འདོན་བྱ་རྒྱུ་ཡིན་ཞིང་། དེའི་ནང་དུ་རྐང་དུང་ཕྱུར་6ནི་རིན་མེད་རོགས་སྐྱོར་ཡིན་པ་དང་། ད་དུང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་ལ་རིམས་འགོག་སྨན་ཁབ་རྐང་དུང་ཕྱུར་1.5རིན་མེད་མཁོ་འདོན་བྱ་རྒྱུ་ཡིན།
གཉིས་པ། ཉེན་ཁ་སྣ་ཚོགས་སེལ་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་གནས་ལས་ཐར་བཞིན་པའི་སྒང་ཡིན་ཡང་། ཚོད་འཛིན་ཐེབས་པའི་འགོག་རྐྱེན་ཡང་མང་པོར་འཕྲད་ཡོད། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་འཁྲུགས་པ་དང་། ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་རྒྱུན་མཐུད་ངང་འཕར་བ། ནུས་ཁུངས་མཁོ་སྤྲོད་མི་འདང་བར་གྱུར་པ་སོགས་ཀྱི་ཉེན་ཁ་བསྣོལ་མར་འབྱུང་བཞིན་ཡོད་པས། དཔལ་འབྱོར་སླར་གསོའི་འཕེལ་རིམ་གྱི་ངེས་གཏན་མེད་པའི་རང་བཞིན་ཚབས་ཆེ་རུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་དངུལ་ལོར་འགྲེམས་ཚད་ཆུང་བའི་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་། མང་འདུས་ཅན་གྱི་དངུལ་ལོར་འགྲེམས་ཐལ་ཤོར་བའི་ཉེན་ཁ་འབྱུང་བཞིན་ཡོད། གལ་ཏེ་དཔལ་འབྱོར་དངོས་ཚན་གཙོ་བོས་དངུལ་ལོར་སྲིད་ཇུས་“གློ་བུར་དུ་ཁ་བཀག་པ་”འམ་ཡང་ན་“གློ་བུར་དུ་ཁ་སྒྱུར་”བྱས་ན་ལྡོག་ཕྱོགས་ཀྱི་ཕྱི་ལ་མེར་བའི་བྱེད་ནུས་ཚབས་ཆེན་ཐོན་ནས་འཛམ་གླིང་གི་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་བར་འགྲན་སློང་བཟོས་ཡོང་ལ། གནོད་སྐྱོན་ཐོག་མར་ཐེབས་ས་ནི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ཡིན། ང་ཚོས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཆ་རྐྱེན་འོག་གི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་པ་དང་། སྤྱི་ཚོགས་འཚོ་བའི་དཔེ་སྲོལ་གསར་པ། མི་སྣ་འགྲོ་འོང་གི་ཐབས་ལམ་གསར་པ་བཅས་འཚོལ་ཞིབ་བྱེད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་ཉོ་ཚོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བདེ་འཇགས་དང་ཤར་རྒྱུག་ཡོང་བར་འགན་སྲུང་བྱེད་པ་བཅས་ཀྱི་ཐོག་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕེལ་རིམ་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།
དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཡིན། གཙང་པོ་ཆེན་པོ་རྒྱ་མཚོའི་ཕྱོགས་སུ་འབབ་པ་ལ་གྱེན་ལྡོག་རྦ་རླབས་དང་འཕྲད་སྲིད་མོད། འོན་ཀྱང་གཙང་པོ་རྒྱ་མཚོར་འབབ་པ་དེ་གྱེན་ལྡོག་རྦ་རླབས་ཙམ་གྱིས་འགོག་ཐབས་མེད། སྒུལ་ཤུགས་ཀྱིས་མདུན་དུ་སྐུལ་ཞིང་འགོག་ཤུགས་ཀྱིས་སྟོབས་ཤུགས་སྐྱེད་པ་ཡིན་པས། གྱེན་ལྡོག་རྦ་རླབས་དང་གྲམ་ཐང་ལྟ་བུའི་འགོག་རྐྱེན་མང་པོ་ཐོན་ནའང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ལ་འགྱུར་བ་བྱུང་མེད་ལ་འབྱུང་ཡང་མི་སྲིད། འཛམ་གླིང་རྒྱལ་ཁབ་ཁག་གིས་དོན་དམ་པའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། བར་གྱང་བཤིག་པ་ལས་གྱང་གསར་པ་མི་རྒྱག་པ་དང་། སྒོ་འབྱེད་པ་ལས་ཁ་ཕྲལ་མི་གཏོང་བ། མཉམ་འདྲེས་བྱེད་པ་ལས་འབྲེལ་བ་མི་གཅོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་པར་སྐུལ་འདེད་གཏོང་དགོས། དྲང་སྙོམས་དྲང་བདེན་གྱི་འདུ་ཤེས་བཟུང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་བྱེད་པ། གྲོས་མོལ་མཐིལ་ཕྱིན་བྱས་པའི་རྨང་གཞིའི་ཐོག །མིས་བཟོས་རིག་ནུས་དང་གྲངས་ཀའི་དཔལ་འབྱོར་སོགས་ལ་ཕྱོགས་སོ་སོས་ཡོངས་ཁྱབ་ཏུ་དང་ལེན་བྱེད་པ་དང་གོ་འཕེར་སྒྲིག་སྲོལ་བཟོས་ནས་ཚན་རྩལ་གསར་གཏོད་བྱེད་པར་སྒོ་འབྱེད་དང་། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་ལས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་ལ་སྒོ་ཀུན་ནས་སྐྱེ་སྟོབས་རྒྱས་པར་བྱེད་དགོས།
ད་ལྟ་འཛམ་གླིང་གི་དཔལ་འབྱོར་ཉམས་ཉེན་ལས་ཐར་བ་དང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས་ན་ངེས་པར་དུ་སྤྱི་ཁོག་གི་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དེ་ནི་ཚང་མའི་གཅིག་མཐུན་གྱི་ངོས་ཟིན་ཡིན། དཔལ་འབྱོར་དངོས་ཚན་གཙོ་ཁག་གིས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་པ་དང་། མ་ལག་གི་འདུ་ཤེས་ཆེ་རུ་སྐྱེད་པ། སྲིད་ཇུས་ཀྱི་ཆ་འཕྲིན་ཕྱི་གསལ་ནང་གསལ་དང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དམིགས་འབེན་དང་། ཤུགས་ཚད། དལ་ལྷོད་བཅས་མཐུན་སྦྱོར་ལེགས་པོ་བྱས་ཐོག །འཛམ་གླིང་དཔལ་འབྱོར་ཡང་བསྐྱར་མར་ཆག་པ་སྔོན་འགོག་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་བོ་ཁག་གིས་འགན་འཁུར་བའི་དཔལ་འབྱོར་སྲིད་ཇུས་ལག་བསྟར་བྱས་ནས་སྲིད་ཇུས་ཕྱི་ལ་མེར་བའི་བྱེད་ནུས་ཁ་ལོ་ཡག་པོར་སྒྱུར་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕོག་ཐུག་ཚབས་ཆེན་མི་ཡོང་བར་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་སྒྲིག་གཞིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་གོང་བུར་སྒྲིལ་བ་དང་། སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མ་ལག་རང་བཞིན་གྱི་ཉེན་ཁ་སྔོན་འགོག་བཅས་བྱེད་དགོས།
གསུམ་པ། འཕེལ་རྒྱས་ཀྱི་ཧེ་བག་ཐོད་བརྒལ་བྱས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་བསྐྱར་སྤེལ་གཏོང་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཕོག་ཐུག་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། ལྷོ་བྱང་བར་གྱི་ཧེ་བག་དང་། སླར་གསོ་ཁ་ཐོར། འཕེལ་རྒྱས་མཚམས་ཆད། ལག་རྩལ་གྱི་ཧེ་བག་སོགས་ཀྱི་གནད་དོན་དེ་བས་མངོན་གསལ་ཆེ་རུ་འགྲོ་བཞིན་ཡོད། མིའི་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་ལོ་ངོ་30རིང་ཐོག་དང་པོར་མར་ཆག་པ་དང་། འཛམ་གླིང་གི་དབུལ་ཕོངས་མི་འབོར་དུང་ཕྱུར་1ལྷག་འཕར་ཡོད། མི་དུང་ཕྱུར་8ཙམ་བཀྲེས་ལྟོགས་ཀྱིས་མནར་བཞིན་ཡོད་པས། འབྲུ་རིགས་བདེ་འཇགས་དང་། སློབ་གསོ། ལས་ཞུགས། སྨན་བཅོས་འཕྲོད་བསྟེན་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དཀའ་ངལ་དེ་བས་མང་བ་འཕྲད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལར་རིམས་ནད་ཀྱི་རྐྱེན་པས་དབུལ་ལོག་བྱུང་བ་དང་རིམས་ནད་ཀྱི་རྐྱེན་པས་ཟིང་ཆ་ལངས་པའི་གནས་ཚུལ་བྱུང་ཡོད་ལ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུའང་མི་མང་པོ་ཞིག་འཚོ་བར་དཀའ་ངལ་བྱུང་བའི་གནས་སུ་གྱར་ཡོད།
དཀའ་ངལ་ཅི་འདྲ་ཞིག་ལ་ཕྲད་ཀྱང་ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་འགན་སྲུང་བྱ་རྒྱུ་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་གཙོ་ཆེ་བའི་གནས་སུ་འཇོག་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་དང་། ད་ཡོད་ཀྱི་འཕེལ་རྒྱས་མཉམ་ལས་ལམ་སྲོལ་གྱིས་རོགས་འདེགས་ངང་བོགས་འདོན་པར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ང་ཚོས་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་སྒྲོམ་གཞིའི་ནང་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་སྔོན་ལ་བཙོག་འབུད་འཕྲི་འཐེན་གྱི་འགན་འཁྲི་སྒྲུབ་པ་དང་། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱེད་པའི་ཁས་ལེན་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས།
ན་ནིང་ངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕྲད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་དགོས་པའི་འབོད་སྐུལ་བྱས་པ་ཡིན། གྲོས་གཞི་འདི་ནི་འཛམ་གླིང་ཡོངས་ལ་སྒོ་འབྱེད་པའི་སྤྱི་པའི་ཐོན་རྫས་ཡིན་ཞིང་། དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་སྦྲེལ་མཐུད་བྱས་ནས་གོ་ལ་ཧྲིལ་པོ་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ཅིང་མཉམ་ལས་བྱས་ཏེ་མཉམ་དུ་གྲོས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གང་ཞིག་ཀྱང་རྗེས་ལུས་མི་ཐེབས་པར་འབད་བརྩོན་བྱེད་འདོད་ཡོད།
བཞི་པ། འཇམ་འཐབ་ཀྱི་བསམ་གཞིག་དོར་ནས་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱེད་དགོས། ད་ལྟའི་འཛམ་གླིང་ནི་བདེ་འཇགས་རང་ཞིག་མ་རེད། འཁོན་འཛིན་དང་ཕྱོགས་ཞེན་གྱི་ལྟ་ཚུལ་ངན་སྐུལ་བྱེད་པའི་ཟེར་སྒྲོས་རྒྱུན་ཆད་ཀྱི་མེད་ལ། དེ་ལས་ཐོན་པའི་སྐོར་སྐྱིལ་དང་། མགོ་གནོན། ཐ་ན་འགྲན་རྒོལ་བཅས་ནི་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་མཚོན་ན་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། འགྲན་རྒོལ་བྱས་ན་ཕན་ཐོགས་ཅི་ཡང་མེད་པར་མ་ཟད། གནོད་སྐྱོན་རང་བཞིན་གྱི་མཇུག་འབྲས་བསྐྱེད་ཡོང་ངེས་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཡང་ཡང་བྱས་ཡོད། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་སྤེལ་ཚེ་སུ་ལའང་སྲུང་སྐྱོབ་བྱེད་མི་ཐུབ་ཅིང་། མཇུག་མཐར་རང་གཞན་གཉིས་ཀ་འཕུང་བའི་རྒྱུ་རུ་ཟད་པ་རེད། བཙན་དབང་བརྙས་བཅོས་བྱེད་པ་ནི་དེ་བས་ཀྱང་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལོག་པ་ཞིག་ཡིན། རྒྱལ་ཁབ་ཁག་བར་དུ་འགལ་བ་དང་ལྟ་ཚུལ་མི་མཐུན་པ་འབྱུང་སྲིད་ཀྱང་། ང་རྒྱལ་ཁྱོད་ཕམ་གྱི་བསྡོམས་སྟོང་འཐབ་འགྲན་བྱས་ན་ཕན་ཐོགས་གང་ཡང་མེད། “ར་སྐོར་ཆུང་ལ་རྩིག་པ་མཐོ་བ་”དང་“མཉམ་གཤིབ་མ་ལག་”འཛུགས་རྒྱུ་ཨུ་ཚུགས་མཐར་སྐྱེལ་བྱེད་པའི་སྤྱོད་པ་གང་རུང་དང་། གཞན་འབུད་རང་བཞིན་གྱི་“ཤོག་ཁག་ཆུང་ཆུང་”དང་“ཚོགས་ཁག་ཆུང་ཆུང་”འཛུགས་པ་དང་། འཛམ་གླིང་ཁ་ཕྲལ་གཏོང་རྒྱུར་སྤྲོ་བའི་སྤྱོད་ངན་གང་རུང་། རྒྱལ་ཁབ་བདེ་འཇགས་ཀྱི་གོ་དོན་ཀུན་ཁྱབ་ཅན་དུ་སྒྱུར་བ་དང་རྒྱལ་ཁབ་གཞན་པའི་དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་སྤྱོད་ངན་གང་རུང་། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་པར་ངན་སྐུལ་དང་། དཔལ་འབྱོར་དང་ཚན་རྩལ་གྱི་གནད་དོན་ཆབ་སྲིད་ཅན་དང་མཚོན་ཆ་ཅན་དུ་སྒྱུར་བའི་སྤྱོད་ངན་གང་རུང་བཅས་ཚང་མས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བའི་ཕན་འབྲས་ཉམས་དམས་སུ་ཚབས་ཆེན་གཏོང་གི་རེད། ཞི་བའི་འཕེལ་རྒྱས་དང་མཉམ་ལས་མཉམ་རྒྱལ་ནི་མི་ཡུལ་གྱི་ལམ་བཟང་ཡིན། རྒྱལ་ཁབ་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བས་ཕན་ཚུན་བརྩི་འཇོག་བྱེད་པའི་ངང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་གཞག་བྱེད་བཞིན་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས།
ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་རྒྱལ་སྤྱིའི་སྒྲིག་ལམ་བརྟན་བརླིང་ཡོང་བར་ཤུགས་འདོན་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། གླེང་མོལ་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ་དང་བཟོད་སྒོམ་བྱེད་པ་ལས་ཕྱིར་འབུད་མི་བྱེད་པ་རྒྱུན་འཁྱོངས་དང་། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བཅས་བྱེད་དགོས།
མཆན་འགྲེལ།
[1] སུང་ལྷོ་མའི་ལུའི་ཙུའུ་ཆན་གྱི་《ཏུང་ལེ་མང་གྲོས་•ཁུའེ་ཆིའུ་མནའ་མཐུན་》ཞེས་པར་གསལ།