ས་མཐོར་མཉམ་དུ་འཛོམས། འཕེལ་རྒྱས་མཉམ་དུ་གླེང་། ཟླ་10ཚེས་29ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་གངས་ལྗོངས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཞེས་སུ་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་དུ་གཉེར་བ་རེད།
འབྲས་ལྡན་དུས་ཀྱི་ཉིང་ཁྲིར་ཚོས་གཞི་སྣ་ཚོགས་ལས་གྲུབ་པའི་ནགས་ཚལ་མཛེས་ཤིང་ལྟ་ན་སྡུག རྒྱལ་ཁབ་དང་ས་ཁུལ་44ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་400ལྷག་ཙམ་གླེང་སྟེགས་ལ་ཞུགས་ནས། བོད་ལྗོངས་འཕེལ་རྒྱས་གཏོང་ཆེད་བློ་གྲོས་ལྡན་པའི་ཐབས་དང་དངོས་སྒྲུབ་ཀྱི་ཐབས་ཇུས་ཕུལ་ཡོད། གླེང་སྟེགས་དེར“གླེང་སྟེགས་གཙོ་བོ་1དང་། ཆེད་དོན་གླེང་སྟེགས་3 ཁྱད་ལྡན་བྱེད་སྒོ་4”བཅས་ཟུང་དུ་འབྲེལ་བའི་གསར་གཏོད་ཀྱི་བྱེད་སྟངས་སྤྱད་པ་དང་། གླེང་སྟེགས་གཙོ་བོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་བོད་ལྗོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ལ་དམིགས་ཁར། “ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས”དང་། “འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང” “དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”བཅས་ཆེད་དོན་གླེང་སྟེགས་ཆེན་པོ་གསུམ་བཀོད་སྒྲིག་བྱས་པ་མ་ཟད། བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོ་དང་། རབ་བཏགས་རི་མོ་དང་བར་འཇུག་རི་མོའི་འགྲེམས་སྟོན། ཕྱག་རྟགས་གློག་བརྙན་སྟོན་པ། ས་གནས་ས་ཐོག་གི་ལྟ་སྐོར་འཚམས་འདྲིའི་བྱེད་སྒོ་བཅས་དུས་མཉམ་དུ་སྤེལ་ནས་རིགས་པའི་གཞུང་ལུགས་བགྲོ་གླེང་དང་གྲུབ་འབྲས་འགྲེམས་སྟོན་དང་བསམ་བློ་སྤེལ་རེས་དང་རིག་གནས་ཁྱབ་སྤེལ་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ལས་སྟེགས་ཤིག་བཏོད་ཡོད།
ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས།
བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་བྱས་པ།
“ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི”གླེང་སྟེགས་ཐོག་ཚོགས་ཞུགས་སྐུ་མགྲོན་ཚོས་ནུས་རྒྱུ་གཙང་མ་དང་། ས་མཐོའི་ཞིང་འབྲོག་ལས། རིག་གནས་ཡུལ་སྐོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིཌ་ནས་གྲོས་བསྡུར་གཏིང་ཟབ་བྱས་པ་བརྒྱུད། “གྲངས་རིག་གིས་མཐུན་རྐྱེན་སྦྱོར་བ་དང་། སྤུས་རྟགས་ཀྱིས་ཁྲིད་སྟོན་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ། ཐོན་ལས་གསར་གཏོད་བྱེད་པ”སོགས་འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་གཅིག་མཐུན་བྱུང་ཡོད།
གཙོ་དོན་གཏམ་བཤད་སྤེལ་བའི་ལྷུ་ཚིགས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་དྲུང་ཆེ་གཞོན་པ་དང་ཅི་ལིན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་ཅང་ཙེ་ལིན་དང་། ཀྲུང་གོ་ཚན་རིག་ཁང་རྟོག་བཟོའི་དཔལ་འབྱོར་དང་གྲངས་གཞི་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧྲི་ཡུང་། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་སྲོལ་གཏོད་པ་ལེ་ཅུད་ཧྥང་སོགས་སྐུ་མགྲོན་7གྱིས་ས་མཐོའི་ཞིང་འབྲོག་ལས་ལ་ཕྱོགས་གཉིས་ནས་སྐུལ་འདེད་དང་། གྲངས་འཛིན་ལག་རྩལ་གྱི་མཐུན་རྐྱེན་སྦྱོར་བ། ནུས་རྒྱུ་གཙང་མ་འཕེལ་རྒྱས། བོད་སྨན་དང་ནས་ཀྱི་ཐོན་ཁུངས་ལེགས་གཏོང་། དམའ་དབྱིངས་དཔལ་འབྱོར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་སོགས་ཀྱི་གྲོས་གཞིར་དམིགས་ཏེ་སྔོན་ཐོན་གྱི་ལྟ་བ་དང་ལག་ལེན་གྱི་དཔེ་མཚོན་མཉམ་སྤྱོད་བྱས་པ་རེད།
ཡོན་ཧྲིའི་མཐོ་རིམ་གླེང་མོལ་ལྷུ་ཚིགས་སུ་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཏིང་ལིན་དང་རིགས་གཅིག་མཁས་ཅན་མང་པོས“ལས་གྲྭ་གལ་ཆེན་ལ་བརྟེན་ནས་བོད་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བར”དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། “ལས་གྲྭའི་ཁེ་སྤོགས”རྒྱུན་མཐུད་ཆོག་པའི“ཐོན་ལས་ཀྱི་ཕན་འབྲས”སུ་ཇི་ལྟར་བསྒྱུར་ནས་ནུས་རྒྱུ་དང་། གྲངས་འཛིན། འགྲིམ་འགྲུལ། ཐོན་ལས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཐུན་མོང་ཐོག་གྲོས་བསྡུར་བྱས་པ་རེད།
“འཛམ་གླིང་ཡང་རྩེའི་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང”ཞེས་པའི་གླེང་སྟེགས་ཐོག་ཚོགས་ཞུགས་སྐུ་མགྲོན་ཚོས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལམ་སྲོལ་འཛུགས་པ་དང་། སྐྱེ་ཁམས་ཁ་གསབ་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད། “མཛེས་སྡུག་ལྡན་པའི་བོད་ལྗོངས”ཀྱི་གོ་ལ་ཧྲིལ་པོའི་སྤྱི་ཕན་ཁྱབ་སྤེལ་སོགས་ཀྱི་གྲོས་གཞིའི་སྐོར་ལ་ལག་ལེན་དུ་འཁྱོལ་བའི་ཇུས་གཞི་བཏོན་པ་རེད།
“སྐྱེ་ཁམས་དམངས་ཕྱུག”གི་བརྗོད་དོན་གཙོ་བོའི་མགྲོན་གཏུག་བྱེད་སྒོའི་ཁྲོད་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་སློབ་སྤྱི་གཞོན་པ་ཧྥང་ཅང་ཕིང་དང་། ཐུང་ཅི་སློབ་ཆེན་ཏང་ཨུད་ཀྱི་རྒྱུན་ཨུ་དང་སློབ་སྤྱི་གཞོན་པ་ལི་ཞང་ཉིང་། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་མཱ་དབྱི་ལེང་སོགས་རིགས་གཅིག་མཁས་ཅན་དང་མཁས་དབང་7གྱིས་སྐྱེ་ཁམས་ཀྱི་ལེགས་ཆ་དམངས་འཚོའི་བདེ་རྩར་ཇི་ལྟར་བསྒྱུར་རྒྱུའི་སྐོར་གྱི་གྲོས་གཞིར་དམིགས་ཏེ་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
ཚོགས་ཞུགས་སྐུ་མགྲོན་ཚོས“འཛམ་གླིང་ཡང་རྩེ”དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཡིན་པའི་མཚོ་བོད་ས་མཐོ་ནི་ཀྲུང་གོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་རེད། དེའི་སྐྱེ་ཁམས་ཀྱི་རིན་ཐང་ནི་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དོ་སྙོམས་དང་འབྲེལ་བ་ཆེན་པོ་ཡོད་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
“དུས་རབས་ཀྱི་གཞོན་ནུས་ས་མཐོར་འབད་འཐབ་དང་འགན་འཁྲི་འཁུར་བ”ཞེས་པའི་གླེང་སྟེགས་ཐོག ཚོགས་ཞུགས་སྐུ་མགྲོན་ཚོས་སྤེལ་རེས་མཉམ་ལས་དང་གཞོན་ནུ་གསོ་སྐྱོང་ཟུང་དུ་འབྲེལ་བའི་ཇུས་གཞི་བཟོ་དགོས་པ་དང་། གཞོན་ནུའི་ལས་གཏོད་རོགས་སྐྱོར་འཆར་གཞི་ལག་ལེན་བསྟར་རྒྱུ་དར་སྤེལ་གཏོང་དགོས་པ། གཞོན་ནུ་ཚོས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་སུ་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་དགོས་པ་བཅས་བཏོན་པ་རེད།
རིགས་གཅིག་མཁས་ཅན་གྱིས་གྲོས་འགོ་བཏོན།
རྒྱལ་སྤྱིའི་ཁྱབ་སྤེལ་ཐབས་ལམ་རྒྱ་སྐྱེད་བཏང་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ།
“བོད་ལྗོངས་ཀྱི་དོན་དངོས་གནས་ཚུལ་ཇི་འདྲ་ཡོད་མེད་དང་བོད་མི་དམངས་ལ་བདེ་སྐྱིད་ཡོད་མིན་དེ་བོད་ཀྱི་ས་ཆ་འདིར་འཚོ་བ་སྐྱེལ་བཞིན་པའི་མི་དམངས་ལ་སྐད་ཆ་ཤོད་དབང་ཆེ་ཤོས་ཡོད”ཅེས་དང་ནུབ་ཕྱོགས་སྨྱན་སྦྱོར་གྱིས་ཕྱོགས་ལྷུང་གི་ལྟ་ཚུལ་དོར་བ་དང་མདོག་ལྡན་གྱི་མིག་ཤེལ་ཕུད་དེ། གནས་འདིའི་མི་དམངས་ཀྱི་སྐད་ཆ་ནན་ཏན་ངང་ཉན་རྒྱུའི་རེ་བ་ཡོད་ཅེས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧྲེ་ཀྲང་ཁྲུའུ་གོ་ཆང་གིས་གཏམ་བཤད་སྤེལ་བ་རེད།
ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཏུང་མེ་ཡིས། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གི་མདུན་དུ་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་སྟེ། དོན་དངོས་དང་མཐུན་ལ་མྱོང་ཚོར་ཐུབ་པའི་ནང་དོན་ཡོད་དགོས་པ་དང་། རྒྱལ་སྤྱིའི་ཐོག་མཛའ་མཐུན་རྣམ་པའི་ཐོག་ནས་མཚོན་ཐབས་བྱེད་དགོས་པ་མ་ཟད། ད་དུང་གྲངས་རིག་ལ་བརྟེན་ནས་མཐུན་རྐྱེན་སྦྱར་ཏེ་མི་ཐབས་རིག་ནུས་དང་རྒྱལ་སྤྱིའི་ཁྱབ་སྤེལ་ཟུང་འབྲེལ་གྱི་སྤྱི་འགྲོས་གསར་པ་འཚོལ་ཞིབ་ཀྱང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
བོད་ལྗོངས་རྒྱལ་སྤྱིའི་ཁྱབ་སྤེལ་ནི་འཛམ་གླིང་ལ་བོད་ལྗོངས་གསར་པ་དོན་དངོས་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་མངོན་པའི་སྐར་ཁུང་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་བོད་ཀྱིས་རྒྱལ་སྤྱིའི་ཁྱབ་སྤེལ་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་སྟེ། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་དང་རྩོམ་ཡིག་དང་པར་རིས་མཁོ་འདོན་གྱི་མཉམ་ལས་སྤེལ་རེས་ལས་སྟེགས་བཙུགས་པ་དང་། བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་བཙུགས་པ། ནེ་པ་ལ·ཀྲུང་གོའི་བོད་ཀྱི་སྐར་ཁུང་བཙུགས་པ། “ཕན་ནུས་དེ་བས་ཆེ་བའི་བོད་འབྲེལ་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་རྒྱུའི”གྲལ་སྒོར་ཚོགས་འདུ་འཚོགས་པ། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་། བོད་ལྗོངས་འགྲེམས་ཚོགས།“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། རྒྱལ་སྤྱིའི་རྐང་འཁོར་འགྲན་བསྡུར་སོགས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་དང་། གླེང་སྟེགས། འགྲན་བསྡུར་སོགས་ཀྱི་བྱེད་སྒོ་གལ་ཆེན་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་བོད་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་ཡོད།
ས་གནས་ས་ཐོག་ཏུ་འཚམས་འདྲི་བྱས།
ས་མཐོའི་འགྱུར་ལྡོག་ཆེན་པོར་བདེན་དཔང་བྱས་པ་དང་འཕེལ་རྒྱས་གནས་ཚུལ་མྱོང་ཚོར་ལེགས་པར་བྱས་པ།
ད་ཐེངས་ཀྱི་གླེང་སྟེགས་ལ་སྐུ་མགྲོན་400ལྷག་ཙམ་གདན་ཞུ་བྱས་པར་ཕྱི་རྒྱལ་གྱི་སྐུ་མགྲོན་100ལྷག་ཙམ་ཡོད་པ་དེ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་44ལ་ཁྱབ་ཡོད།
ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་དང་ཨེ་ཤེ་ཡ་ཤར་མའི་དོན་གཅོད་ཁང་གི་ཀྲུའུ་རེན་དང་འཐུས་མི་གཅིག་ལྕོགས་ཞ་ཙེ་ཧན་དང་། དབྱི་སའེ་ཁེ་ཧུའུ་ཀྲོའུ་རུ་བཅའ་སྡོད་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་དབང་ཆ་ཆ་ཚང་ཡོད་པའི་འཐུས་མི་རེ་ཅི་ཀེན་ནོའུ་ཧྥུའུ། སི་རི་ལན་ཁའི་ནོར་སྲིད་པུའི་དེ་སྔའི་རྒྱལ་དོན་པུའི་པུའུ་ཀྲང་ཞེ་ཧན·སའེ་མ་ཤིན་ཀེ དབྱིན་ཇིའི་རྒྱལ་ཚོགས་ཀྱི་གྲོས་མི་ཟུར་པ་མཱ་ཁེ·ལུའོ་ཀེན། ནི་ཀྲེ་རི་ཡའི་ཙུང་ཐུང་གི་ལག་རྩལ་བློ་འདྲི་བ་ཀྲ་ཝུའུ་ལུའོ། ཝེ་ནེ་ཙུའེ་ལའི་འཕྲིན་གཏོང་དང་ཆ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཨ་ལེ་ཆི་ཏེ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
“བོད་ཀྱི་འཕེལ་རྒྱས་ནི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལས་བྱུང་བ་ཞིག་རེད”དང“བོད་ཀྱི་དོན་དངོས་ནི་ཕྱི་རོལ་གྱི་མཁྲེགས་བཟུང་གི་བག་ཆགས་ལས་དེ་བས་སྒོ་དབྱེ་དང་། བསྟུན་མཁས། གསོན་ཤུགས་ཀྱིས་ཁེངས་པ་བཅས་འདུག”ལ་སོགས། ཕ་ཁི་སི་ཐན་དང་། ཁོ་ལོམ་པི་ཡ། ཅ་མེ་ཁ། ཀི་ནེ་ཡ། སི་རི་ལན་ཁ། ཏོ་སྨི་ཉི་ཁ་བཅས་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་དྲུག་གི་གཞུང་ཚབ་པ་བོད་དུ་འཚམས་འདྲིར་གདན་དྲངས་ཏེ། གངས་ལྗོངས་ས་མཐོའི་འཕེལ་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་ཤེས་རྟོགས་དང་བོད་དང་འཛམ་གླིང་དབར་སྤེལ་རེས་བྱེད་པར་འབྲེལ་ཟམ་གསར་པ་བསྐྲུན་ཡོད། གྲངས་གཞི་ལས་མངོན་པར། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་6370.73ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.21%འཕར་བ་དང་། དེའི་ནང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་35.67ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་33.45%འཕར་ཡོད། 2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ལ་ཞུགས་པ་ནི་ད་ཐེངས་ཀྱི་འཚམས་འདྲིར་ཞུགས་མཁན་ཚོའི་འགྲུལ་བཞུད་གོ་རིམ་གལ་ཆེན་གྱི་གྲས་ཤིག་རེད། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ནི“བོད་ལྗོངས་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་གླེང་སྟེགས་ཤིག་ཡིན་པ་དང་། 2007ལོ་ནས་ད་བར་སྐབས་བདུན་བདེ་བླག་ངང་གཉེར་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལྗོངས་ཤེས་རྟོགས་དང་། བོད་ལྗོངས་ལ་ལྟ་ཞིབ། བོད་ལྗོངས་རྒྱུས་མངའ་ལོན་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།