ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པས་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་155དང་ཕྱི་རྒྱལ་གྱི་ཁེ་ལས་4108འགྲེམས་ཚོགས་ལ་ཞུགས་པའི་ཡིད་དབང་བཀུག་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

  ཟླ11ཚེས5ཉིན་ནས་ཚེས10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་ཧྲང་ཧའེ་རུ་ཚོགས་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་ནང་འདྲེན་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་ཡིན་པའི་ངོས་ནས་ནང་འདྲེན་འགྲེམས་ཚོགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་དང་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་རིམ་འཕར་བྱུང་ནས། ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྐར་ཁུང་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་ལས་སྟེགས། གོ་ལ་ཧྲིལ་པོར་མཉམ་སྤྱོད་བྱེད་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་བཅས་སུ་གྱུར་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་མཁན་རྒྱལ་སྤྱིའི་མི་སྣས། ནང་འདྲེན་འགྲེམས་ཚོགས་ལས་ཀྲུང་གོས་འཛམ་གླིང་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་ཡོང་བར་བྱེད་པའི་ཆོད་སེམས་དང་བྱ་སྤྱོད་མངོན་ཡོད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་བྱེད་པའི་ཀྲུང་གོས་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་པར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་བཞིན་འདུག་ཅེས་བརྗོད།

     “ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་གཞིས་ཆགས་འཚར་ལོངས་ཀྱི་ཞིང་ས་མཁོ་འདོན་བྱས་པ”

  སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཀྱི་གཞི་ཁྱོན་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་155འགྲེམས་ཚོགས་ལ་ཞུགས་པ་དང་། ཐེ་ལན་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ནི་ཀྲེ་རི་ཡ། འཇོར་ཇི་ཡ། སུའེ་ཏེན། ཁོ་ལོམ་པི་ཡ་བཅས་རྒྱལ་ཁབ་དྲུག་གིས་གཙོ་མགྲོན་རྒྱལ་ཁབ་ཀྱི་འགན་འཁུར་ཡོད། ཕྱི་རྒྱལ་གྱི་འགྲེམས་ཞུགས་ཁེ་ལས་4108ཡོད་པའི་ནང་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500དང་ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་290ཡོད་པ་དང་ཨ་རིའི་ཁེ་ལས་ཀྱི་འགྲེམས་ཞུགས་རྒྱ་ཁྱོན་ལོ་བདུན་བསྟུད་མར་ཨང་དང་པོ་རྒྱུན་འཁྱོངས་བྱས་ཡོད།

     “ནང་འདྲེན་འགྲེམས་ཚོགས་ལ་ཞུགས་རྒྱུ་ནི་ང་ཚོའི་ལོ་འཁོར་འཆར་གཞིའི་ཁྲོད་ཀྱི་བྱེད་སྒོ་གལ་ཆེན་གྲས་ཤིག་ཡིན”ཨ་རིའི་ཐའོ་ཧྲི་ཀུང་སིའི་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་ཙུང་ཚའེ་ཧོང་དབྱིང་ཞུའེ་ཡིས། ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་ནས་བཟུང་། ཐའོ་ཧྲི་ཡིས་རིམ་རྩིས་བརྒྱབ་ན་ཐོན་རྫས་གསར་པ་དང་ལག་རྩལ་གསར་པ་100ལྷག་ཙམ་ཁྱབ་བསྒྲགས་བྱས་ཤིང་། འཐབ་ཇུས་མཉམ་ལས་གྲོས་མཐུན་ནམ་ཡང་ན་མཉམ་ལས་བརྗེད་ཐོ་60ལྷག་ཙམ་ལ་མིང་རྟགས་བཀོད་པ་དང་། གསར་གཏོད་གྲུབ་འབྲས་མང་པོ་ས་གནས་དེ་གའི་ཚོང་ལས་ཅན་གྱི་གྲུབ་འབྲས་སུ་གྱུར་ཡོད་ཅེས་བརྗོད། ཧོང་དབྱིན་ཞུའེ་ཡིས“ཀྲུང་གོའི‘ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་དེས་ང་ཚོས་ཡུན་རིང་ཀྲུང་གོར་མ་འཇོག་དང་གསར་གཏོད་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་གསལ་པོ་དང་གཏན་འཁེལ་རང་བཞིན་དེ་བས་ཆེ་བ་མཁོ་འདོན་བྱས་ཡོད”ཅེས་བརྗོད།

     “གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་འདུས་པ”

     ད་ལོའི་ནང་འདྲེན་འགྲེམས་ཚོགས་ཐོག་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་461འགྲེམས་སྟོན་བྱ་རྒྱུ་དང་། “འགྲན་མེད”ཚན་རྩལ་ཐོན་རྫས་དང་གསར་གཏོད་ཇུས་གཞི་རབ་དང་རིམ་པ་གཅིག་སྡུད་ཐོག་བཏོན་ནས་གང་མགྱོགས་ལག་ལེན་བསྟར་རྒྱུ་རེད། ཀྲུང་གོའི་ཁྲོམ་ར་ཆེན་པོ་དེ་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཚོད་ལྟ་བྱ་ཡུལ་དང་། ཁེ་སྤོགས་གཏོད་ཡུལ། བཀོལ་སྤྱོད་བྱ་ཡུལ་བཅས་སུ་འགྱུར་བཞིན་ཡོད།

     “ནང་འདྲེན་འགྲེམས་ཚོགས་ཐོག་གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་ཏུ་འདུས་ནས་འཛམ་གླིང་དཔལ་འབྱོར་ལ་སྒུལ་ནུས་མུ་མཐུད་སྣོན་རྒྱུ་རེད”ཞི་མོན་ཙི་གོ་ལ་ཧྲིལ་པོའི་ལག་བསྟར་ཙུང་ཚའེ་གཞོན་པ་ཞའོ་སུང་གིས། ཀྲུང་གོ་ནི་ཞི་མོན་ཙི་གོ་ལ་ཧྲིལ་པོའི་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད། གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པས། ཞི་མོན་ཙིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཀྲུང་གོའི་གསར་གཏོད་གྲུབ་འབྲས་དེ་བས་མང་བས་གོ་ལ་ཧྲིལ་པོར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

     “ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས”

     ཀྲུང་གོའི་ཁྲོམ་ར་ཆེན་པོར་བརྟེན་ནས། ནང་འདྲེན་འགྲེམས་ཚོགས་སྐབས་དང་པོ་ནས་བདུན་པ་བར་རིམ་རྩིས་བརྒྱབ་ན་འདོད་མཐུན་གྱི་བཙོངས་འབོར་ཨ་སྒོར་དུང་ཕྱུར་5000ལྷག་ཙམ་ཟིན་པ་དང་། ཁེ་ལས་170དང་སྒྲིག་གཞི་27ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་ལ་ཐེངས་གཅིག་ཀྱང་ཆད་མྱོང་མེད། ཕྱི་རྒྱལ་གྱི་ཁེ་ལས་40ལྷག་ཙམ་ལོ་གཅིག་ལྷག་ཙམ་གྱི་སྔོན་ལ་གན་རྒྱ་བཞག་ནས་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་ཞུགས་ཚོང་པ་ཁག་དང་པོར་གྱུར་པ་སོགས་ནང་འདྲེན་འགྲེམས་ཚོགས་དེ་ཐག་ཉེ་ས་ནས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ལྟ་སའི“གར་སྟེགས་ཆེན་པོ”དང་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆར་དབྱིངས་ཞུགས་ཉམས་ལེན་བྱེད་སར་གྱུར་ཡོད།

     “གོ་ལ་ཧྲིལ་པོའི་ཐོན་རྫས་གསར་པ་ཐོག་མར་འགྲེམས་སྤེལ་བྱེད་ས་དང་ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས་ནང་འདྲེན་འགྲེམས་ཚོགས་ཀྱིས་འགྲེམས་ཞུགས་ཁེ་ལས་ལ་ཡུན་རིང་གི་ཕན་ནུས་དང་སྟབས་བདེ་ཅན་གྱི་སྲིད་ཇུས་བཏོད་ཡོད། ན་ནིང་ང་ཚོས་ནང་འདྲེན་འགྲེམས་ཚོགས་སུ་འགྲེམས་སྟོན་བྱེད་ཐེངས་དང་པོའི་ལྟེབ་སྒྲིལ་རྣམ་པའི་ལག་ཐོགས་གོས་འཁྲུད་འཕྲུལ་ཆས་དེ་ཁྲོམ་རར་བཏོན་ནས་ལོ་གཅིག་མ་སོང་བར་ཕྱིར་ཚོང་བྱེད་ཚད་ཁྲི་5ལྷག་ཙམ་ཟིན་ཡོད”འཇར་མན་ཁ་ཧོ་ཚོགས་པའི་ཙུང་ཚའེ་གཞོན་པ་དང་ཁ་ཧོ་ཀྲུང་གོའི་དབུ་བཞུགས་ནོར་དོན་དཔོན་གཅིག་ལྕོགས་ཁོའོ་རུའེ་ལིན་གྱིས། གྲུབ་འབྲས་དེ་ནི་ཀྲུང་གོས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཕན་འབྲས་ཆེ་བའི་ཞིབ་མཆན་ལམ་ལུགས། དེ་བཞིན་ཤེས་རིག་བདག་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་བཅས་ལས་བྱུང་བ་ཞིག་རེད་ཅེས་བརྗོད།

     སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག“དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཀྱི་ཐོན་རྫས་ཆེད་ཁུལ”ཐོག་མར་བཙུགས་ནས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་30ལྷག་ཙམ་གྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཏེ། རྒྱལ་ཁབ་དེ་དག་ལ་ཕྱོགས་རྐྱང་པའི་སྒོ་དབྱེ་རྒྱ་ཆེར་གཏོང་རོགས་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དང་ཀྲུང་གོའི་ཁྲོམ་ར་ཆེན་པོའི་ཁེ་སྤོགས་མཉམ་སྤྱོད་བྱས་ཡོད། “བྱེད་ཐབས་དེས་ཀྲུང་གོས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་མངོན་ཡོད”པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་བཙུགས་སློབ་ཆེན་གྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་མཱ་ཁོའོ་སི·ཕི་ལེ་སིས། མིག་སྔར་འཛམ་གླིང་དཔལ་འབྱོར་གྱི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ནང་འདྲེན་འགྲེམས་ཚོགས་ཀྱི་དོན་སྙིང་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་མཁོ་འབྲེལ་གྱི་མཉེན་ཆ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ་མ་ཟད། ལྗང་མདོག་ཕྱོགས་སྒྱུར་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་ནུས་པའང་འདོན་བཞིན་ཡོད། “ནང་འདྲེན་འགྲེམས་ཚོགས་ནི་ཐོན་རྫས་འགྲེམས་སྟོན་བྱེད་སའི་ལས་སྟེགས་ཤིག་ཡིན་པ་མ་ཟད། ཡིད་ཆེས་དང་མཉམ་ལས་ཀྱི་ཟམ་པ་ལྟ་བུ་ཞིག་དེ་བས་ཀྱང་རེད”ཅེས་བརྗོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།