ལོ་སིའི་ཅིན་ཧྭ་གྲོང་ཚོར་ཀྲུང་ལོའི་དབུལ་པོ་ཉུང་གཏོང་མཉམ་ལས་དཔེ་སྟོན་རྣམ་གྲངས་ཀྱི་གྲུབ་འབྲས་ཉམས་སུ་མྱོང་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

—— “ཁྱད་ལྡན་སྔོ་ཚལ་ཐོན་ལས་ཀྱིས་ཕྱུག་འགྱུར་ལམ་བུ་ཞིག་བཏིང་ཡོད”

འདི་ནི་ལོ་སིའི་ཅིན་ཧྭ་གྲོང་ཚོའི་གྲོང་མིས་སྔོ་ཚལ་བསྡུས་ནས་ཉེ་འགྲམ་གྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར་འཚོང་རྩིས་བྱེད་བཞིན་པ།

ལོ་སིའི་རྒྱལ་ས་ཝན་ཐེན་གྲོང་ཁུལ་ནས་བྱང་ཤར་ཕྱོགས་སུ་བསྐྱོད་ཚེ་སའེ་ཐ་ཉི་རྫོང་ཅིན་ཧྭ་གྲོང་ཚོར་སླེབས་ཐུབ། དེ་ནི་བྱང་རྒྱུད་རི་ཁུལ་གྱི་ཞིང་དུད་128ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་དང་། ཁྱད་ལྡན་སྔོ་ཚལ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

གསར་འགོད་པ་ཅིན་ཧྭ་གྲོང་ཚོའི་གྲོང་མིའི་བྱེད་སྒོ་ལྟེ་གནས་སུ་འབྱོར་སྐབས་དྲོད་ཁང་དང་ཐོག་མེད་སྔོ་ཚལ་འདེབས་འཛུགས་བྱེད་མཁན་ཞིང་དུད་བཅུ་ཕྲག་ཁ་ཤས་ཀྱིས་གནོད་འབུ་འགོག་བཅོས་ཀྱི་བརྗོད་དོན་གཙོ་བོའི་ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་བཞིན་ཡོད་པ་མཐོང་བྱུང་། “དེ་སྔ་ཀྲུང་གོ་ཕྱོགས་ཀྱི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་ཁོང་ཚོར་གསོ་སྦྱོང་བྱེད་ཀྱི་ཡོད། ལོ་མང་སློབ་སྦྱོང་སྤེལ་རེས་བྱས་པ་བརྒྱུད། ད་ཆ་ལོ་སིའི་ཞིང་ལས་དང་ཁོར་ཡུག་པུའི་གྲོང་གསེབ་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་སིས་རྩིས་བླངས་པས། ལོ་སི་ཕྱོགས་ཀྱི་མི་སྣས་གྲོང་མི་ཚོར་སློབ་ཚན་འཚོག་གི་ཡོད”ཅེས་ཅིན་ཧྭ་གྲོང་ཚོར་རྒྱུན་སྡོད་ཀོང་ཤིས་ཀྱིས་ལོ་སིར་རོགས་སྐྱོར་བྱེད་པའི་ལག་རྩལ་མཉམ་ལས་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་ཧྥེང་མེན་གྱིས་གསར་འགོད་པར་ངོ་སྤྲོད་བྱས།

ཉེ་བའི་ལོ་ཤས་རིང་། ཀྲུང་ལོ་སྲིད་གཞུང་གིས་མཉམ་ལས་བྱས་ནས་ཅིན་ཧྭ་གྲོང་ཚོར་སྔོ་ཚལ་དྲོད་ཁང་20ལྷག་ཙམ་བསྐྲུན་པའི་ནང་3ནི་ད་ལོ་བསྐྲུན་མ་ཐག་པའི་ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང་ཡིན་པ་རེད། 2024ལོ་ནས་ད་བར་ཀོང་ཤིས་ཀྱི་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་ཅིན་ཧྭ་གྲོང་ཚོར་རིག་ནུས་དྲོད་ཚད་ཚོད་འཛིན་དང་འོད་ཚོད་འཛིན་སོགས་དེང་རབས་ཅན་གྱི་དྲོད་ཁང་ལག་རྩལ་ནང་འདྲེན་བྱས་ཤིང་། སྔོ་ཚལ་འདེབས་འཛུགས་བྱེད་སྟངས་གསར་པ་ལས་ཞིང་དུད་མང་པོ་ཞིག་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་ཅིན་ཧྭ་གྲོང་ཚོ་འདི་ཉིད་སའེ་ཐ་ཉི་རྫོང་དང་ཐ་ན་ལོ་སིའི་རྒྱལ་ཡོངས་ཀྱི“གནད་སྨིན་དབུལ་སྐྱོར”གྱི་དཔེ་མཚོན་དུ་གྱུར་ཡོད།

ཅིན་ཧྭ་གྲོང་ཚོའི་ཚུན་ཀྲང་སུའུ་ལི་ཀུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་ཅིན་ཧྭ་གྲོང་ཚོའི་ཞིང་དུད་60%ཙམ་གྱིས་སྔོ་ཚལ་འདེབས་འཛུགས་བྱེད་ཀྱི་ཡོད་ཅིང་། དེའི་ཁྲོད་དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་དུད་ཚང་ཁྱོན་52ཡོད་པ་དེ་དག་གི་འདེབས་ཁྱོན་མུའུ་30ཙམ་ཟིན་པ་དང་། ཐོག་མེད་སྔོ་ཚལ་འདེབས་འཛུགས་དུད་ཚང་ཁྱོན་45ཡོད་པ་དེ་དག་གི་འདེབས་ཁྱོན་མུའུ་53ཙམ་ཟིན་ཡོད་པ་རེད། སྔོན་དཔག་བྱས་ན་ད་ལོ་ཅིན་ཧྭ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་སིའི་ཅི་ཕུའུ་ཁྲི་1027བར་འཕར་རྒྱུ་རེད། ཅིན་ཧྭ་གྲོང་ཚོའི་གྲོང་མི་ཁང་ཝན་ཏི་ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་རྣམ་གྲངས་ནང་ཞུགས་ཏེ། དྲོད་ཁང་3འགན་གཙང་བླངས་ནས་གཙོ་བོ་ལོ་སི་མི་དམངས་ཀྱིས་དགའ་པོ་བྱེད་པའི་ཞའོ་པད་ཚལ་བཏབ་ཡོད། “དྲོད་ཁང་ཆེན་པོ་ཡོད་པ་ལས་ང་ཚོས་ལོ་འཁོར་མོར་སྔོ་ཚལ་བཏབ་ནས་འཚོང་རྒྱུ་ཡོད་པས། ཁྱིམ་ལ་ཟླ་རེར་ལོ་སིའི་ཅི་ཕུའུ་ཁྲི་600ཡི་ཡོང་འབབ་བརྟན་པོ་ཡོད། གྲོང་མི་ཚོས་ཀྲུང་གོའི་ལག་རྩལ་རིགས་གཅིག་མཁས་ཅན་ལ་ཐུགས་རྗེ་ཆེ་ཞུ་གི་འདུག ཁོང་ཚོས་ལོ་སིར་དྲོད་ཁང་བསྐྲུན་པ་དང་ཞིང་ལས་ལག་རྩལ་བསླབས་ཏེ། ཅིན་ཧྭ་གྲོང་ཚོར“ཁྱད་ལྡན་སྔོ་ཚལ་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ཞིག་འདིང་རོགས་བྱས་ཡོད”ཅེས་ཁང་ཝན་ཏིས་བཤད།

ཅིན་ཧྭ་གྲོང་ཚོ་ནི་ལོ་སིའི་དབུལ་པོ་ཉུང་གཏོང་ལས་ཀའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། ལོ་སིའི《ཝན་ཐེན་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་ལོ་མཇུག་བར། ཝན་ཐེན་གྲོང་ཁྱེར་ཡོངས་ཀྱི་ཁྱིམ་ཚང་ཁྲི་15.6གི་ཁྲོད་དབུལ་སྒྲོལ་མ་ཐུབ་པའི་ཁྱིམ་ཚང་899ལས་མེད་པ་སྟེ། ཁྱིམ་ཚང་99.43%དབུལ་པོའི་གནས་ལས་བསྒྲལ་ཡོད་ཅེས་ལོ་སིའི་ཞིང་ལས་དང་ཁོར་ཡུག་པུའི་གྲོང་གསེབ་འཕེལ་རྒྱས་དང་དབུལ་པོ་ཉུང་གཏོང་སིའི་སི་ཀྲང་གཞོན་པ་ཨ་ནོ་ས་ཡིས་བཤད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།