ཞིང་དུད་ཆུང་གྲས་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་འདུས་གྲུབ་ཅན་དང་གཅིག་འཐུས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་འགོའི་ནང་། སྟབས་བདེ་དང་ལས་ཕྱོད་ཆེ་བའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་སྡེ་ཚན་དྲུག་གིས་མཉམ་འབྲེལ་ཐོག《དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།
ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཞེས་པ་ནི་གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུའི་བྱེད་པོ་སྣ་ཚོགས་ཀྱིས་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་ཐོན་ལས་ཁག་འཕེལ་རྒྱས་གཏོང་བར་མཁོ་འདོན་བྱེད་པའི་ཐོན་སྐྱེད་མ་བྱས་གོང་དང་། ཐོན་སྐྱེད་བྱེད་རིང་། ཐོན་སྐྱེད་བྱས་རྗེས་བཅས་ཀྱི་ཆེད་ལས་ཅན་གྱི་ཞབས་ཞུར་ཟེར་བ་དང་། དེ་ནི་ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།
ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་རྫོང་ཆིང་ཧྲན་ཕུའུ་གྲོང་རྡལ་གྱི་མིང་ཁྲང་ཆེད་ལས་ཞིང་འཕྲུལ་མཉམ་ལས་ཁང་ནི་སྐད་གྲགས་ཆེ་བའི་ཞིང་ལས་ཐོན་སྐྱེད་བྱེད་པོ་ཞིག་རེད། “ད་ལོ་ཕྱི་སྨིན་འབྲས་བསྡུ་སྐབས་མུའུ་ཁྲི་གཅིག་ཙམ་གྱི་འཕྲུལ་ཆས་ཀྱིས་བརྔ་བསྡུའི་མངགས་ཐོ་འབྱོར་ཡོད། འབྲས་བརྔ་བསྡུ་ཟིན་རྗེས་ཞིང་དུད་ཁག་གཅིག་གིས་རང་སར་སྲོ་སྐམ་དང་ལས་སྣོན་བྱེད་འདོད་ཡོད་པར་ང་ཚོས་ཀྱང་མགོ་མཇུག་གཙང་སྒྲིལ་གྱི་ཞབས་འདེགས་མཁོ་འདོན་བྱེད་ཐུབ”ཅེས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཝང་ཝུན་ཀེན་གྱིས་བརྗོད་པ་དང་། ཁོང་གིས་མཉམ་ལས་ཁང་དུ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཆ་ཚང་པོ་ཡོད་པ་མ་ཟད། ད་དུང་ཆེད་ལས་འདེབས་འཛུགས་ལག་རྩལ་མི་སྣ་མང་པོ་གདན་ཞུ་བྱས་ནས་ཚང་མར་ས་ཞིང་ལེགས་པོ་འདེབས་རོགས་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
2024ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་གཉེར་སྐྱོང་རང་བཞིན་གྱི་བྱེད་པོ་ཁྲི་111.1གིས་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུས་ནས་ཞིང་དུད་ཆུང་གྲས་ཁྲི་9300ཙམ་ལ་ཞབས་འདེགས་ཞུ་གི་ཡོད་པ་དང་། ལོ་རེར་ཞབས་འདེགས་ཞུ་ཚད་རྒྱ་ཁྱོན་མུའུ་དུང་ཕྱུར་22.9ཟིན་པས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་པ་གསལ་པོར་བཏོན་ཡོད། “ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གང་མགྱོགས་འཕེལ་རྒྱས་ཕྱིན་ཡོད། འོན་ཀྱང་ཞབས་ཞུའི་ཐོན་ཁུངས་ཁ་ཐོར་ཡིན་པ་དང་། ཐོན་སྐྱེད་གོང་དང་ཐོན་སྐྱེད་རྗེས་ཀྱི་ཞབས་འདེགས་ཞུ་ནུས་མི་འདང་བ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཞན་པ་སོགས་ཀྱི་གནད་དོན་ཡོད”ཅེས་ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས། དེའི་ཐད་བསམ་འཆར་བཟོས་ནས་བཏོན་པ་དང་། ས་གནས་ཀྱིས་གོམ་པ་རིམ་བགྲོད་ངང་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཁག་གཅིག་བསྐྲུན་པར་མཛུབ་ཁྲིད་བྱས་ཏེ། ཞིང་དུད་ཆུང་གྲས་སོགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་འདུས་གྲུབ་ཅན་དང་གཅིག་འཐུས་ཅན་གྱི་ཞབས་འདེགས་ཞུས་ནས་ཞབས་འདེགས་ཞུ་བའི་སྟབས་བདེའི་རང་བཞིན་དང་ཐོབ་ཆོག་རང་བཞིན་ཆེ་རུ་གཏོང་དགོས་ཞེས་བརྗོད་པ་རེད།
ཡ་ཡུག་ཆེན་པོས་འཛུགས་སྐྲུན་བསྐྱར་ཟློས་མི་ཡོང་བའི་ཆེད། མཛུབ་ཁྲིད་བསམ་འཆར་ནང་འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། “ཆེན་པོ་འཚམ་སར་ཆེན་པོ་དང་ཆུང་ངུ་འཚམ་སར་ཆུང་ངུ་བྱེད་པ་དང་། སྒྱུར་བཀོད་རྒྱས་སྐྲུན་དང་གསར་སྐྲུན་ཟུང་འབྲེལ་བྱས་ཏེ་སྲིད་འཛིན་ས་ཁོངས་ཁོ་ནར་གཞིགས་ནས་རིམ་པ་བཞིན་འཛུགས་སྐྲུན་བྱེད་རྒྱུ་མེད”ཅེས་ཞིང་ལས་གྲོང་གསེབ་པུའི་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འབྲུ་སྣུམ་དང་། དཔལ་འབྱོར་ལོ་ཏོག ཕྱུགས་ལས་དང་ཕྱུགས་སྨན། ཆུའི་ཐོན་རྫས། སོན་ལས་སོགས་ཐོན་ལས་རིགས་སྣ་ཚོགས་ཀྱི་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སོ་སོར་སྐྲུན་ཆོག་ལ། ལྟེ་གནས་རིགས་གང་རུང་ཞིག་གི་རྨང་གཞིའི་ཐོག་ཞབས་ཞུའི་ནུས་པ་རྒྱ་ཆེར་བཏང་ནས་ཐོན་ལས་སྣ་ཚོགས་ཀྱི་ཞབས་ཞུའི་དགོས་མཁོ་ཡང་སྐོང་ཆོག་ཅེས་བརྗོད་པ་རེད།
དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་སྲིད་ཇུས་སྣ་མང་གི་རྒྱབ་སྐྱོར་བྱེད་དགོས། “སྡེ་ཚན་ཁག་གིས་ས་གནས་སྲིད་གཞུང་གི་བུན་ལོར་དང་། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྒྲིག་བཀོད་ཞིང་ལས་ཀྱི་ས་ཆ། ཡིད་རྟོན་དངུལ་བུན་སོགས་ཀྱི་ཐད་དེ་མཚུངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་ཡོད། གཙོ་གནད་ནི་ད་ཡོད་སྲིད་ཇུས་ཀྱི་ཐབས་ལམ་གང་ལེགས་སྤྱོད་རྒྱུ་དེ་ཡིན”ཞེས་ཞིང་ལས་གྲོང་གསེབ་པུའུ་གྲོང་གསེབ་མཉམ་ལས་དཔལ་འབྱོར་མཛུབ་ཁྲིད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། ཁོང་གིས། མཛུབ་ཁྲིད་བསམ་འཆར་ནང་ས་གནས་ཁག་ལ་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་སྤྱི་འདོམས་འཆར་འགོད་བྱས་ནས་དེའི་ཆ་རྐྱེན་དང་མཐུན་པའི་འཛུགས་སྐྲུན་ནང་དོན་ལ་ད་ཡོད་ཀྱི་སྲིད་ཇུས་ཐབས་ལམ་བརྒྱུད་ནས་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུའི་སྐུལ་མ་གཏོང་དགོས་པ་འཁོད་ཡོད་ཅེས་བརྗོད་པ་རེད།
ནོར་སྲིད་ཐད། ས་གནས་སྲིད་གཞུང་གི་བུན་ལོར་བཀོད་སྒྲིག་བྱས་ནས་ཆ་རྐྱེན་དང་མཐུན་པའི་དེང་རབས་ཞིང་ལས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཆོག་པ་དང་། གཅིག་སྡུད་ཀྱིས་ལྗང་འདེབས་དང་སྲོ་སྐམ་སོགས་ཀྱི་ལྷུ་ཚིགས་དེ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ་མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས་སུ་འཇུག་རྒྱུ་འཚོལ་ཞིབ་བྱེད་དགོས།
དངུལ་རྩའི་ཐད། ས་གནས་ཁག་གིས་ཆ་རྐྱེན་དང་མཐུན་པའི་འཛུགས་སྐྲུན་རྣམ་གྲངས་གཏན་འབེབས་ལྟར་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་དངུལ་བསྡུ་སྒྲིལ་རྣམ་གྲངས་མཛོད་ནང་འཇུག་པར་རྒྱབ་སྐྱོར་བྱ་རྒྱུ་དང་། དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་ཐོན་རྫས་དང་ཡིད་རྟོན་དངུལ་བུན་གྱི་རྣམ་པ་ལེགས་སུ་བཏང་ནས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་སྐུལ་མ་གཏོང་དགོས།