༄༅། །རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་མཉམ་དུ་སྲུང་སྐྱོབ་བྱེད་དགོས།
(2020ལོའི་ཟླ་5ཚེས་18ཉིན།)
མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་ནད་ཡམས་དང་གོད་ཆག་ལ་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་ཡིན། ནད་དུག་ལ་རྒྱལ་ཁབ་ཀྱི་ཁྱད་པར་མེད་ལ། ནད་ཡམས་ཀྱིས་རིགས་རྒྱུད་ཀྱི་དབྱེ་བ་མི་འབྱེད་པ་རེད། འཇིགས་ཟིལ་ཆེ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཕྱིར་བཤོལ་བྱས་མེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་རྣམས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ། ཕན་ཚུན་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ནས་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མངོན་པར་བྱས་ཡོད་ཅིང་། རིམས་ནད་ལ་འཐབ་རྩོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱུང་ཡོད།
དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་ཤིང་རིན་དོད་ཧ་ཅང་ཆེན་པོ་བཏང་བ་བརྒྱུད། ཀྲུང་གོས་རིམས་ནད་མཆེད་ཚུལ་ལ་འགྱུར་ལྡོག་ནུས་ལྡན་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་སྟེ། དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། དུས་ཐོག་ཏུ་ནད་དུག་གི་གཞི་རྒྱུའི་རིམ་སྟར་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཤིང་། ཕྱོགས་སོ་སོར་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ཡོད།
ད་ལྟ་རིམས་ནད་ད་དུང་མཆེད་བཞིན་ཡོད་པས་སྔོན་འགོག་ཚོད་འཛིན་གྱི་ཐད་དུ་སྔར་བཞིན་འབད་བརྩོན་བྱེད་དགོས། ང་ལ་དེའི་ཐད་དུ་གཤམ་གསལ་གྱི་གྲོས་འགོ་འགའ་འདོན་འདོད་ཡོད།
དང་པོ། ནུས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས། འདི་ནི་ཁ་ཚ་དགོས་གཏུག་ཅིག་རེད། ང་ཚོས་མི་དམངས་རྩ་བར་འཛིན་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྨན་བཅོས་སྟོབས་ཤུགས་དང་གལ་ཆེའི་དངོས་ཟོག་ཚན་རིག་དང་མཐུན་པར་བཀོད་གཏོང་བྱེད་དགོས། འགོག་སྲུང་དང་། ལོགས་བཀར། བརྟག་དཔྱད། སྐྱོབ་བཅོས། རྗེས་འདེད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་ཐབས་བཀོད་ནུས་ལྡན་སྤྱད་དེ། འཛམ་གླིང་ཧྲིལ་པོར་རིམས་ནད་འགོས་ཁྱབ་འགྲོ་ཚུལ་གང་མགྱོགས་སུ་བཀག་འགོག་བྱེད་པ་དང་། རིམས་ནད་མངའ་ཁོངས་བརྒལ་ནས་འགོས་ཁྱབ་འགྲོ་ཚུལ་བཀག་འགོག་གང་ཐུབ་བྱེད་དགོས། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་རྒྱག་པ་དང་། ཕན་པ་ཡོད་པའི་ཉམས་མྱོང་དང་བྱེད་ཐབས་སྤེལ་རེས་བྱེད་པ། བརྟག་དཔྱད་བྱེད་ཐབས་དང་ནད་ཐོག་སྐྱོབ་བཅོས། འགོག་སྨན་སྨན་རྫས་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ཐད་དུ་རྒྱལ་སྤྱིའི་མཉམ་ལས་བྱེད་དགོས་པར་མ་ཟད། རྒྱལ་ཁབ་ཁག་གི་ཚན་རིག་པ་རྣམས་ཀྱིས་ནད་དུག་གི་འགོ་ཁུངས་དང་འགོས་ཁྱབ་འགྲོ་ལམ་ཐད་ཀྱི་གོ་ལ་ཧྲིལ་པོའི་ཚན་རིག་ཞིབ་འཇུག་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས།
གཉིས་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཁྱབ་ལས་འཛིན་པ་ཐན་ཏེ་སའེ་ཡིས་སྣེ་ཁྲིད་གནང་འོག །འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་འགོ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། མིག་སྔར། རྒྱལ་སྤྱིའི་རིམས་འགོག་དུས་བབ་དེ་འགག་རྩའི་དུས་རིམ་དུ་གནས་ཡོད་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་དང་ཚེ་སྲོག་སྐྱོབ་བཅོས་ལ་རྒྱབ་སྐྱོར་བྱེད་པ་རང་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཆབ་སྲིད་ཐོག་ནས་རྒྱབ་སྐྱོར་བྱེད་པ་དང་གྲོན་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བྱེད་པ་བཅས་ཀྱི་ཐོག་ནས་རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་འབོད་སྐུལ་གཏོང་རྒྱུ་ཡིན།
གསུམ་པ། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པོ་ཡིན་པས། ཁོ་ཚོར་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་རོགས་བྱེད་པ་ནི་རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ཀྱི་གལ་གནད་ཅིག་ཡིན། ང་ཚོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་དངོས་ཟོག་དང་། ལག་རྩལ། མི་ཤུགས་སོགས་སྔར་ལས་མང་པོས་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་50ལྷག་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་སྨན་བཅོས་རོགས་སྐྱོར་གྱི་དངོས་ཟོག་འབོར་ཆེན་རྩིས་སྤྲོད་བྱས་པ་དང་། སྨན་བཅོས་ཆེད་མཁས་ཚོ་ཆུང་5ཆེད་དུ་མངགས་གཏོང་བྱས་ཡོད། འདས་ཟིན་པའི་ལོ་ངོ་70ཡི་རིང་། ཀྲུང་གོས་ཨ་ཧྥེ་རི་ཁར་མངགས་པའི་སྨན་བཅོས་རུ་ཁག་གིས་ཨ་ཧྥེ་རི་ཁ་གླིང་གི་མི་ཐེངས་དུང་ཕྱུར་གཉིས་ལྷག་ལ་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ཡོད། མིག་སྔར། ཨ་ཧྥེ་རི་ཁ་གླིང་དུ་རྒྱུན་སྡོད་ཀྱི་ཀྲུང་གོའི་སྨན་བཅོས་རུ་ཁག་46པོས་ས་ཁུལ་དེ་གའི་རིམས་ནད་འགོག་བཅོས་ཀྱི་ལས་ལ་གཞོལ་བཞིན་ཡོད།
བཞི་པ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མིའི་རིགས་མཐར་ཐུག་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་རེད། འོན་ཀྱང་མིའི་རིགས་ཀྱི་ངོས་ནས་བཤད་ན་འདི་ནི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་མཐའ་མ་བ་ནི་ཡིན་མི་སྲིད། ཐེངས་འདིའི་རིམས་ནད་ལས་ཐོན་པའི་ཞན་ཆ་དང་མི་འདང་ས་དག་ལ་དམིགས་ནས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་ཁ་གཏད་ཀྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་རིམས་འགོག་དངོས་ཟོག་གྲབས་གསོག་ལྟེ་གནས་འཛུགས་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་རིམས་ནད་ཚོད་འཛིན་བྱས་རྗེས་ཕྱོགས་ཡོངས་ནས་གོ་ལ་ཧྲིལ་པོས་རིམས་ནད་ལ་ཁ་གཏད་འཇལ་བའི་ལས་དོན་ལ་དཔྱད་དཔོག་བྱ་རྒྱུ་དང་། ཉམས་མྱོང་ཕྱོགས་བསྡོམས་དང་ཞན་ཆ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལས་དོན་འདི་སྒྲུབ་པར་ཚན་རིག་དང་མཐུན་པའི་ཆེད་ལས་ཀྱི་རྣམ་འགྱུར་འཛིན་དགོས་པས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གཙོ་ཁྲིད་བྱས་ཏེ་དོན་དངོས་དང་མཐུན་ཞིང་དྲང་གཞག་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།
ལྔ་པ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སླར་གསོ་བྱེད་དགོས། ཆ་རྐྱེན་འཛོམས་པའི་རྒྱལ་ཁབ་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག །འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་ལས་གྲོས་འགོ་ལ་གཞིགས་ནས་གོ་རིམ་ལྡན་པར་ལས་ཐོན་བསྐྱར་ཚུགས་དང་སློབ་འགོ་བསྐྱར་ཚུགས་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་དང་ཤར་རྒྱུག་ཡོང་བ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་གང་ཐུབ་ཐུབ་བྱེད་དགོས།
དྲུག་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མིའི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པས། མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་མཚོན་ཆ་ཧྲགས་ཤོས་ཡིན། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨའེ་ཙི་དང་། ཨའེ་པོ་ལ། འདབ་ཆགས་ཆམ་རིམས། ཆམ་རིམས་ཀ་པ་H1N1སོགས་ནད་ཡམས་ཚབས་ཆེན་ལ་འགོག་རྒོལ་བྱས་པ་ལས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཉམ་འབྲེལ་བྱས་པའི་རིམས་འགོག་ཐབས་ལམ་ཡང་དག་པ་དེ་ཡིན།
ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་འདུ་ཤེས་བཟུང་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འགན་འཁུར་བ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལའང་འགན་འཁུར་གྱི་ཡོད། གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ངས་ཁྱབ་བསྒྲགས་བྱ་རྒྱུར།
—— ཀྲུང་གོས་ལོ་གཉིས་ཀྱི་ནང་ལ་རྒྱལ་སྤྱིའི་རོགས་སྐྱོར་ཨ་སྒོར་དུང་ཕྱུར་20འདོན་སྤྲོད་བྱས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་རིམས་འགོག་འཐབ་རྩོད་དང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་དང་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱོད་རྒྱུ་ཡིན།
—— ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱས་ནས་ཀྲུང་གོར་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་འཕྲལ་བསྟུན་བང་མཛོད་དང་ལྟེ་གནས་བཙུགས་ཏེ། རིམས་འགོག་དངོས་ཟོག་གི་འདོན་སྤྲོད་མུ་ཕྲེང་ཧུར་ཐག་གིས་འགན་ལེན་བྱ་རྒྱུ་མ་ཟད། སྐྱེལ་འདྲེན་དང་འགག་སྒོ་ཤར་གཏོང་གི་ལྗང་མདོག་བགྲོད་ལམ་སྐྲུན་རྒྱུ་ཡིན།
—— ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁ་གཏད་སྨན་ཁང་30ཡི་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་གི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་ཁང་མགྱོགས་པོར་བཙུགས་ནས་ཨ་ཧྥེ་རི་ཁ་གླིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་རོགས་བྱ་རྒྱུ་ཡིན།
—— ཀྲུང་གོའི་ཏོག་གསར་འགོག་སྨན་ཞིབ་བཟོ་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་འགོ་ཚུགས་རྗེས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩིས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འགོག་སྨན་ལག་སོན་ཡོང་བ་དང་འགྲོ་གྲོན་ཐེག་པའི་ཐད་ལ་ཀྲུང་གོའི་ལེགས་སྐྱེས་འབུལ་རྒྱུ་ཡིན།
—— ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་“ཆེས་དབུལ་ཕོངས་རྒྱལ་ཁབ་ཀྱི་བུ་ལོན་འཇལ་རྒྱུ་གནས་སྐབས་ཕྱི་འགྱང་བྱེད་པའི་གྲོས་འགོ་”ལག་བསྟར་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་ནད་ཧ་ཅང་ཚབས་ཆེ་བ་དང་། གནོན་ཤུགས་ཧ་ཅང་ཆེ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་དེ་དག་གི་མིག་མདུན་གྱི་དཀའ་ངལ་སེལ་རོགས་བྱེད་འདོད་ཡོད།
ངས་འབོད་སྐུལ་གཏོང་རྒྱུར། ང་རང་ཚོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་མཉམ་དུ་སྲུང་སྐྱོབ་དང་། མིའི་རིགས་སྤྱི་ལ་དབང་བའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོབ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བཅས་བྱེད་དོ། །
༄༅། །ཀྲུང་ཨ་གཉིས་ཀྱིས་སྔོན་མའི་དུས་སྐབས་གང་ཞིག་ལས་ཀྱང་མཉམ་ལས་ལ་ཤུགས་རྒྱག་པ་དང་། དཀའ་ངལ་མཉམ་སེལ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱེད་དགོས།
(2020ལོའི་ཟླ་7ཚེས་6ཉིན།)
2018ལོར། ངས་ཀྲུང་ཨ་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་ཨ་ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་གྲོས་འགོ་བཏོན་པ་དང་། ཨ་རབ་རྒྱལ་ཁབ་ཁག་གིས་བརྩེ་སེམས་འཁོལ་བའི་ངང་དང་ལེན་བྱས་ཡོད་པ་རེད། ལོ་གཉིས་ཀྱི་རིང་ལ། ཀྲུང་ཨ་ཕྱོགས་གཉིས་ཀྱིས་འཐབ་ཇུས་མཐུན་སྦྱོར་དང་བྱ་སྤྱོད་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཇེ་བརྟན་དུ་འགྲོ་བཞིན་ཡོད། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅིང་། མི་ཆོས་རིག་གནས་སྤེལ་རེས་སྣ་མང་ཕུན་སུམ་ཚོགས་པ་དང་། ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་གཏོང་བ། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་ཀྲུང་ཨ་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་ཕྱིན་ཡོད།
ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུན། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚོས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་བྱས་ཤིང་། བློ་རྩ་བརྟན་པོས་ཕན་ཚུན་ལ་རྒྱབ་སྐྱོར་དང་མཉམ་ལས་དམ་ཟབ་བྱས་ཡོད་པ་རེད། འདི་ནི་ཀྲུང་ཨ་ལས་དབང་གཅིག་ཏུ་འབྲེལ་བའི་མཚོན་ཚུལ་གསོན་ཉམས་ལྡན་པ་དེ་རེད། མིག་སྔའི་དུས་བབ་འོག །ཀྲུང་ཨ་ཕྱོགས་གཉིས་ཀྱིས་སྔོན་མའི་དུས་སྐབས་གང་ཞིག་ལས་ཀྱང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། དཀའ་ངལ་མཉམ་སེལ། ལག་གདང་སྦྲེལ་ནས་མདུན་སྐྱོད་བཅས་བྱེད་དགོས། ཕྱོགས་གཉིས་ཀྱིས་ཐེངས་འདིར་ཚོགས་འདུ་འཚོགས་པ་གོ་སྐབས་བྱས་ཏེ། འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་འགོག་བཅོས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཀྲུང་ཨ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཨ་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་པའི་སྨོན་འདུན་ཞུ།
ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ཀྱི་བག་ལེབ་ཆེན་པོར་བཟོས་ནས་མཉམ་དུ་དར་རྒྱས་ཡོང་བ་བྱེད་དགོས།
༄༅། །ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ཀྱི་བག་ལེབ་ཆེན་པོར་བཟོས་ནས་མཉམ་དུ་དར་རྒྱས་ཡོང་བ་བྱེད་དགོས།
(2020ལོའི་ཟླ་11ཚེས་20ཉིན།)
ད་ལྟ་འཛམ་གླིང་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་འཕོ་འགྱུར་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། ཏོག་གསར་གློ་ཚད་རིམས་ནད་ཐོན་ནས་འཕོ་འགྱུར་དེ་ཇེ་མགྱོགས་སུ་ཕྱིན་ཡོད། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཀྱི་གནས་སུ་གྱར་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་བྱུང་བ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལངས་ཡོང་བ། དྲང་གཞག་དང་ལས་ཕྱོད་དང་། འཕར་སྣོན་དང་བགོ་བཤའ། ལག་རྩལ་དང་ལས་ཞུགས་སོགས་ཀྱི་འགལ་བ་སྔར་ལས་འབུར་དུ་ཐོན་པ། དབུལ་ཕྱུག་གི་ཧེ་བག་སྔར་བཞིན་ཡོངས་ཁྱབ་ཏུ་གནས་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འགྲན་སློང་གསར་པར་འཕྲད་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་དཔལ་འབྱོར་སྤྱི་ཡོངས་ནས་ཐེངས་དང་པོར་ལྡོག་འཕར་བྱུང་ཞིང་། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་དང་དཔལ་འབྱོར་སླར་གསོ་ཡོང་བའི་ལས་འགན་དཀའ་ཚེགས་ཧ་ཅང་ཆེ་བ་རེད། མ་འོངས་པར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ལམ་ག་ཇི་ལྟར་སྐྱོད་རྒྱུ་དེ་ས་ཁུལ་གྱི་འཕེལ་རྒྱས་དང་། མི་དམངས་ཀྱི་བདེ་རྩ། འཛམ་གླིང་གི་མ་འོངས་པ་བཅས་དང་འབྲེལ་ཡོད།
ད་ལོར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ནི་2020ལོའི་རྗེས་ཀྱི་མཉམ་ལས་ཀྱི་འདུན་ལྗོངས་གཏོད་རྒྱུ་དེ་ཡིན་ཞིང་། ང་ཚོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་དམིགས་འབེན་ལ་གྲོས་མཐུན་བྱུང་ཡོད། ང་ཚོས་འདི་ཉིད་འགོ་འཛུགས་ས་གསར་པ་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་མཉམ་ལས་ཀྱི་དུས་རིམ་གསར་པ་གཏོད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་མཉམ་དུ་དར་རྒྱས་ཡོང་བའི་མ་འོངས་པ་བསུ་བ་བཅས་བྱས་ཏེ་སྒོ་འབྱེད་ཁོང་ཡངས་དང་། གསར་གཏོད་འཕར་སྣོན། གཅིག་ལ་གཅིག་སྦྲེལ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས།
དང་པོ། སྒོ་འབྱེད་དང་ཁོང་ཡངས་རྒྱུན་འཁྱོངས་བྱེད་དགོས། འཛམ་གླིང་གི་དཔལ་འབྱོར་ནི་ང་ཚོའི་ཉེ་འགྲམ་གྱི་ཞི་བདེ་རྒྱ་མཚོ་དང་འདྲ་བར་ཆུ་སྣ་སྟོང་ཕྲག་མང་པོ་འདུས་ཤིང་ཕྱོགས་བཞི་མཚམས་བརྒྱད་སྦྲེལ་མཐུད་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་ཁོག་རྒྱ་དང་རྦ་རླབས་དྲག་ཏུ་འཕྱུར་བའི་གསོན་ཤུགས་རྒྱས་ཡོད། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པའི་རྨང་གཞིའི་ཐོག་མཉམ་ལས་བྱེད་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་འགལ་བ་སེལ་རྒྱུ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་རྩ་བ་རེད། སྔར་ནས་ད་བར་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བར་གཞོལ་ནས་མའོ་ཝུའུ་དམིགས་འབེན་དོན་འཁྱོལ་བྱ་རྒྱུར་དམིགས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་པའི་ཐད་དུ་ཡང་ནུས་པ་གལ་ཆེན་བཏོན་ཡོད། འོན་ཀྱང་རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་འཇོག་མངོན་དུ་འགྱུར་རྒྱུ་ནི་སྒྲུབ་ཐེངས་གཅིག་ལ་འགྲུབ་པ་ཞིག་གཏན་ནས་མིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱིས་མུ་མཐུད་དུ་དར་སྲོལ་གྱི་སྣེ་ཁྲིད་ནས་ཞི་བདེ་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཕྱོགས་མང་རིང་ལུགས་བློ་རྩ་བརྟན་པོས་སྲུང་སྐྱོང་། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུ་རྒྱུན་འཁྱོངས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལྟེ་བར་བཟུང་བའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱབ་སྐྱོར། རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་འཇོག་ལ་སྐུལ་འདེད་བཅས་བྱེད་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དེ་སྔར་ལས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་བར་ཁྲིད་སྟོན་བྱེད་དགོས། ང་ཚོས་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་སྔ་ཙམ་ནས་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་འཇོག་ཐུབ་པར་དགའ་བསུ་ཞུ་རྒྱུ་ཡིན་ལ་ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ནང་ཞུགས་པར་བསམ་བློ་ཡག་པོ་གཏོང་རྒྱུ་ཡིན། ང་ཚོས་རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ། དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱང་ལྷོད་གཡེང་དུ་གཏོང་མི་རུང་། ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕར་སྣོན་འཐབ་ཇུས་དང་ཁོང་ཡངས་བྱ་སྤྱོད་ཀྱི་གྲོས་རིམ་མུ་མཐུད་དོན་འཁྱོལ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་ཞུགས་མཁན་གྱི་དོ་ཁུར་བྱེད་སར་ལྟ་རྟོག་དང་ལྷག་པར་དུ་བུད་མེད་སོགས་ཚོགས་སྤྱིར་འཕྲད་ཡོད་པའི་དམིགས་བསལ་དཀའ་ངལ་ལ་དོ་ཁུར། ཁེ་ལས་འབྲིང་ཆུང་ཕྲ་གསུམ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར། ཁོང་ཡངས་དང་རྒྱུན་མཐུད་ངང་འཕར་སྣོན་ཡོང་རྒྱུར་སྐུལ་འདེད་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཡངས་རང་བཞིན་གྱི་ཉོ་ཚོང་དང་དངུལ་འཇོག་བགྲོ་གླེང་ཚོགས་འདུ་སྐོང་འཚོགས་བྱས་ནས་ཉོ་ཚོང་དང་དངུལ་འཇོག་སྲིད་ཇུས་ཀྱིས་མི་དམངས་ལ་རྒྱ་ཁྱབ་ངང་ཕན་བདེ་སྐྲུན་པའི་སྐོར་ལ་གྲོས་འགོ་འདོན་རྒྱུ་ཡིན། ང་ཚོར་ཕྱོགས་སོ་སོ་དང་མཉམ་དུ་འབྲེལ་ཡོད་གྲོས་འགོ་དོན་འཁྱོལ་བྱེད་འདོད་ཡོད།
གཉིས་པ། གསར་གཏོད་དང་འཕར་སྣོན་རྒྱུན་འཁྱོངས་བྱེད་དགོས། གྲངས་ཀའི་དཔལ་འབྱོར་ནི་གོ་ལ་ཧྲིལ་པོའི་མ་འོངས་པའི་འཕེལ་རྒྱས་འགྲོ་ཕྱོགས་ཤིག་ཡིན་པ་དང་། གསར་གཏོད་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བྱེད་ཀྱི་གཤོག་པ་ཡིན། ང་ཚོས་རང་འགུལ་ངང་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ས་ཁུལ་དེ་གའི་མི་ཤུགས་ཐོན་ཁུངས་རྒྱ་ཆེ་བ་དང་། ལག་རྩལ་གྱི་རྨང་གཞི་བཟང་བ། ཚོང་རའི་གཏིང་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ་འགྲན་རྩོད་ཀྱི་དགེ་མཚན་གསར་པ་བཏོད་དེ་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་ལས་ལྷག་པའི་འཚོ་བ་རོལ་ཐུབ་ཏུ་འཇུག་ཆེད་འབྱུང་སྲིད་པ་གསར་པ་འཚོལ་དགོས། ང་ཚོས་ཕྱོགས་ཡོངས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དྲ་སྦྲེལ་དང་གྲངས་ཀའི་དཔལ་འབྱོར་གྱི་ལམ་ཕྱོགས་དོན་འཁྱོལ་བྱས་ཏེ། ལག་རྩལ་གསར་པ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་དང་། གྲངས་ཀའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་རྒྱག་པ། གྲངས་ཀའི་ཧེ་བག་ཆེན་པོ་མེད་པར་བཟོ་བ་བཅས་བྱེད་དགོས། ང་ཚོས་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་བཏང་ནས་སྒོ་འབྱེད་དང་། དྲང་སྙོམས། དྲང་གཞག །མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གིས་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ད་ལོ་རིག་ནུས་ཅན་གྱི་གྲོང་ཁྱེར་གྱི་དཔེ་གཞི་ཞིབ་འཇུག་བྱས་ནས་རིག་ནུས་ཅན་གྱི་གྲོང་ཁྱེར་གྱི་མཛུབ་སྟོན་རྩ་དོན་བཟོ་རྒྱུར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པའི་དཔེ་གཞི་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་གྲངས་ཀའི་ལག་རྩལ་གྱི་རིམས་འགོག་དང་དཔལ་འབྱོར་སླར་གསོའི་ཉམས་མྱོང་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲངས་ཀའི་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་ལ་སྐུལ་ཁྲིད་བྱེད་པ། ཚོང་རའི་བྱེད་པོའི་གསོན་ཤུགས་ངར་སློང་བྱེད་པ། གྲངས་ཀའི་དཔལ་འབྱོར་གྱི་གཏིང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་སོར་ཆུད་ཡོང་ཆེད་སྒུལ་ཤུགས་གསར་པ་སྣོན་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། སང་ལོར་ཀྲུང་གོ་ཕྱོགས་ཀྱིས་ད་དུང་གྲངས་ཀའི་དབུལ་འཕྲི་བགྲོ་གླེང་ཚོགས་འདུ་སྐོང་འཚོགས་བྱས་ནས་གྲངས་ཀའི་ལག་རྩལ་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དབུལ་སེལ་བྱ་གཞག་ལ་རམ་འདེགས་བྱ་རྒྱུ་ཡིན།
གསུམ་པ། གཅིག་ལ་གཅིག་སྦྲེལ་རྒྱུན་འཁྱོངས་བྱེད་དགོས། གཅིག་ལ་གཅིག་སྦྲེལ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་མཉམ་འགུལ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་དབང་གི་ཆ་རྐྱེན་ཞིག་ཀྱང་ཡིན་པས། དེའི་གལ་ཆེའི་རང་བཞིན་ནི་རིམས་ནད་ཀྱི་རྒྱབ་ལྗོངས་འོག་སྔར་ལས་མངོན་གསལ་ཆེ་བར་གྱུར་ཡོད། ང་ཚོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་གཅིག་ལ་གཅིག་སྦྲེལ་གྱི་འཆར་འགོད་དོན་འཁྱོལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས་མི་སྣ་དང་། དངོས་ཟོག །མ་དངུལ། གཞི་གྲངས་བཅས་བདེ་འཇགས་དང་སྲོལ་ལྡན་ངང་འཁོར་སྐྱོད་བྱུང་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་སྦྲེལ་མཐུད་དམ་ཚགས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་། ཁོ་རེ་ཡ། སིང་ཀ་ཕོར་སོགས་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་རིམས་ནད་བྱུང་རིང་མི་སྣ་འགྲོ་རྒྱུག་བྱེད་པའི་“མྱུར་ལམ་”བཏོད་དེ་མུ་མཐུད་མི་སྣ་འགྲོ་རྒྱུག་སྟབས་བདེ་ཅན་གྱི་དྲ་རྒྱ་འཛུགས་སྐྲུན་བྱ་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་རིམས་འགོག་བདེ་ཐང་གི་ཆ་འཕྲིན་ཕན་ཚུན་ཁས་ལེན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་དངོས་ཟོག་གི་“ལྗང་མདོག་འགྲོ་ལམ་”འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འགག་བརྒལ་ལས་ཕྱོད་ཆེ་རུ་གཏོང་བ། འགག་གནས་གཤོང་བ། ཆད་གནས་མཐུད་པ། རྒྱལ་སྤྱིའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་མཉམ་ལས་ལས་སྟེགས་གཏོད་པར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བདེ་འཇགས་དང་ཐོགས་མེད་ངང་འཁོར་རྒྱུག་ཡོང་རྒྱུ་སྲུང་སྐྱོང་བཅས་བྱེད་འདོད་ཡོད། ང་ཚོས་ཕྱོགས་སོ་སོའི་གོང་སྤེལ་འཆར་འགོད་དང་གཅིག་ལ་གཅིག་སྦྲེལ་གྱི་གྲོས་འདོན་ཕན་ཚུན་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས་བསྒྲིལ་ཤུགས་ཆགས་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱས་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གཅིག་ལ་གཅིག་སྦྲེལ་བྱེད་པར་སྔར་ལས་རྒྱ་ཆེ་བའི་ལས་སྟེགས་སྐྲུན་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་སྔར་ལས་ཆེན་པོ་སྣོན་འདོད་ཡོད།
བཞི་པ། མཉམ་ལས་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་འཕེལ་རྒྱས་འགྲོ་བའི་ཐད་དུ་ཕན་ཚུན་ཚད་མཐོའི་གསབ་རེས་བྱུང་ཡོད་པ་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ནི་སྔར་ནས་བཟུང་བསྡོམས་སྟོང་འཐབ་འགྲན་དང་ཁྱོད་ཕམ་ང་རྒྱལ་གྱི་ཆབ་སྲིད་རོལ་རྩེད་མ་ཡིན་པར་ཕན་ཚུན་རོགས་རེས་དང་གཉིས་ཁེ་མཉམ་རྒྱལ་གྱི་འཕེལ་རྒྱས་ལས་སྟེགས་ཤིག་ཡིན། མ་ལེ་ཞི་ཡའི་གཏམ་དཔེར། “རི་བོ་དང་འཕྲད་ན་མཉམ་དུ་འགོ །གྲོག་རོང་དང་འཕྲད་ན་མཉམ་དུ་བརྒལ། ”ཞེས་པ་ལྟར། འདི་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་མོའི་སྙིང་སྟོབས་ཀྱི་ཉིང་བསྡུས་རེད། རིམས་ནད་ཀྱི་གནས་ཚུལ་ལས་ང་ཚོར་མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ་པ་སླར་ཡང་གསལ་བཤད་བྱས་ཡོད། ང་ཚོས་ཕན་ཚུན་ཡིད་ཆེས་དང་། ཁོང་ཡངས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་ནས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ས་ཁོངས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ཀྱི་བག་ལེབ་ཆེན་པོར་བཟོས་ནས་མཉམ་དུ་དར་རྒྱས་ཡོང་བར་བྱེད་དགོས། ང་ཚོས་གྲོས་ཁ་གཅིག་མཐུན་གྱི་རྨང་གཞིའི་ཐོག་དངོས་དོན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འགལ་བ་དང་མི་མཐུན་ས་ཐག་གཅོད་འོས་འཚམ་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བཅས་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།
རིམས་ནད་ལ་ཁ་གཏད་གཅོག་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་རེད། ང་ཚོས་འགོག་སྨན་ཞིབ་འཇུག་གསར་སྤེལ་དང་སྤེལ་རེས་བྱ་རྒྱུར་ཤུགས་བརྒྱབ་ནས་འགོག་སྨན་དེ་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་འགོག་སྨན་ལག་སོན་ཡོང་བ་དང་འགྲོ་གྲོན་ཐེག་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་“ཏོག་གསར་གློ་ཚད་ཀྱི་འགོག་སྨན་ལག་བསྟར་འཆར་གཞིའི་”ནང་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་ཁེ་ལས་འབྲིང་ཆུང་ཕྲ་གསུམ་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྤེལ་རེས་དང་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྒྱང་འབྲེལ་སྨན་བཅོས་ཀྱི་གྲོས་འགོ་བཏོན་ནས་དབུལ་ཕོངས་དང་ཐག་རིང་དང་ཁུག་ཀྱོག་ས་ཁུལ་གྱི་མི་དམངས་ལ་དུས་ཐོག་དང་ནུས་ལྡན་ངང་སྨན་བཅོས་བྱས་ཏེ་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སོར་ཆུད་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན།
ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་འགྲོ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་། སྔ་ཕྱི་བར་གསུམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དུ་གཞི་འཛུགས་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན།
སྲིད་ཏང་མཉམ་ལས་ལ་ཤུགས་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་མཉམ་སྐྲུན་བྱེད་དགོས།
༄༅། །སྲིད་ཏང་མཉམ་ལས་ལ་ཤུགས་བརྒྱབ་ནས་མི་དམངས་ལ་བདེ་སྐྱིད་མཉམ་སྐྲུན་བྱེད་དགོས།
(2021ལོའི་ཟླ་7ཚེས་6ཉིན།)
གུས་པར་འོས་པའི་སྲིད་ཏང་གི་འགོ་ཁྲིད་རྣམ་པ།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་འདིར། རྒྱལ་ཁབ་160ལྷག་ནས་ཡོང་བའི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་500ལྷག་གི་འགོ་ཁྲིད་པ་དང་། སྲིད་ཏང་དང་ལས་རིགས་ཁག་གི་འཐུས་མི་ཆིག་ཁྲི་ལྷག་དང་མཉམ་དུ་“སྤྲིན་སྣེ་”ནས་འཛོམས་ཤིང་། “མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་སྲིད་ཏང་གི་འགན་འཁྲི་”ཞེས་པའི་བརྗོད་གཞི་གལ་ཆེན་འདིར་གྲོས་བསྡུར་བྱེད་པར་ཧ་ཅང་དགའ་པོ་བྱུང་། དུས་ཡུན་འདིའི་རིང་། རྒྱལ་ཁབ་170ལྷག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་600ལྷག་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་འཕྲིན་ཡིག་དང་གློག་འཕྲིན་1500ལྷག་བཏང་སྟེ། ཀྲུང་གོའི་གུང་ཁྲན་ཏང་ལ་མཛའ་མཐུན་བརྩེ་སེམས་བསྟན་ཞིང་སྨོན་འདུན་བཟང་པོ་ཞུས་བྱུང་བས། ངས་ཀྲུང་གོའི་གུང་ཁྲན་ཏང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉིན་འགའི་སྔོན་ལ་ང་ཚོས་ཚོགས་ཆེན་འཚོགས་ནས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུས་པ་ཡིན། ལོ་ངོ་100ཡི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱས་ལ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་ངོ་100ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་ལས་དབང་མཉམ་འཁུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་སྤྱི་ཡོངས་དང་དུས་རབས་ཀྱི་རླབས་རྒྱུན་ལས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་དང་། རྒྱལ་ཁབ་ཁག་མཉམ་དར་མཉམ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། འདིར་ངས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་བྱ་གཞག་ལ་ཐུགས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་ཏང་དང་། མི་དམངས། གྲོགས་པོ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་ལ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་པ་དང་། རྒྱལ་ཁབ་ཁག་གཅིག་ལ་གཅིག་འབྲེལ་དང་། གཅིག་ལ་གཅིག་བརྟེན། ཤུགས་རྐྱེན་གཏོང་རེས་བཅས་སྔར་ལས་དམ་ཟབ་ཏུ་འགྲོ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་བྱེད་པ། འཛམ་གླིང་གི་བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་དང་། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་འཚོལ་ཞིབ་ཧུར་ཐག་བྱས་ནས་འགན་འཁྲི་འཁུར་སེམས་མངོན་པར་བསྟན་ཡོད། དེ་དང་ལྷན་དུ་ས་གནས་ལ་ལར་དམག་འཁྲུག་ཟིང་ཆ་དང་གདོང་ཐུག་སྔར་བཞིན་རྒྱུན་མཐུད་དུ་འབྱུང་བཞིན་ཡོད་པ་དང་། མུ་གེ་དང་ནད་ཡམས་སྔར་བཞིན་ཁྱབ་ཆེ་ལ། འཁོན་འགྲས་དང་འགལ་བ་སྔར་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་དོན་གཉེར་བྱེད་འདོད་པའི་འབོད་སྒྲ་སྔར་བས་ཤུགས་ཆེར་འགྱུར་བཞིན་ཡོད།
ད་ལྟ། མིའི་རིགས་ཀྱི་སྤྱི་ཚོགས་ནི་ཡང་བསྐྱར་གར་འགྲོ་འདིར་འགྲོ་ཆ་མ་མཆིས་པའི་ལོ་རྒྱུས་ཀྱི་གནད་འགག་ཅིག་ཏུ་འཕྲད་ཡོད། དགྲར་འཛིན་ཁ་གཏད་བྱེད་དམ་ཕན་ཚུན་བརྩི་འཇོག་བྱེད་དམ། བཀག་སྡོམ་འབྲེལ་ཐག་གཅོད་དམ་སྒོ་འབྱེད་མཉམ་ལས་བྱེད་དམ། བསྡོམས་སྟོང་འཐབ་འགྲན་བྱེད་དམ་གཉིས་ཕན་མཉམ་རྒྱལ་བྱེད་དམ་ཞེ་ན། གདམ་ག་བྱེད་དབང་ནི་ང་ཚོའི་ལག་ཏུ་ཡོད་ལ། འགན་འཁྲི་ནི་ང་ཚོའི་ཕྲག་ཏུ་ཡོད།
མིའི་རིགས་ནི་གོང་བུ་གཅིག་ཡིན་ལ། སའི་གོ་ལ་ནི་ཁྱིམ་གཞིས་གཅིག་ཡིན། ཐུན་མོང་གི་འགྲན་སློང་མདུན་དུ་མི་སུ་འདྲ་ཞིག་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཁེར་རྐྱང་ངང་རང་སྲུང་གཙོ་བཞག་བྱེད་ཐབས་བྲལ་ཞིང་། མིའི་རིགས་ལ་ཕྱར་བ་གྲུ་འདེགས་དང་འཆམ་མཐུན་མཉམ་གནས་ཀྱི་ཐར་ལམ་འདི་གཅིག་པུ་ལས་མེད། སྲིད་ཏང་ནི་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པའི་ངོས་ནས་ཡང་དག་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། མིའི་རིགས་ལ་ཡར་ཐོན་བརྩོན་ལེན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས། ངས་བསམས་ན་སྲིད་ཏང་གིས་གཤམ་གསལ་གྱི་དོན་གནད་འགའ་ལ་འབད་བརྩོན་བྱས་ནས་སྒྲུབ་དགོས།
དང་པོ། ང་ཚོས་ཁ་ཕྱོགས་ཁྲིད་པའི་འགན་འཁྲི་འཁུར་ནས་མིའི་རིགས་ཐུན་མོང་གི་མ་འོངས་པ་སྟངས་འཛིན་དང་གསར་སྐྲུན་བྱེད་དགོས། མི་དམངས་ཀྱིས་འབྱོར་ཕྱུག་ཁམས་བདེ་དང་དྲང་སྙོམས་དྲང་བདེན་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དུས་རབས་ཆེན་པོར་བཀོད་པ་ཆེན་པོ་ཡོད་དགོས་ལ། བཀོད་པ་ཆེན་པོས་བློ་རྒྱ་ཆེན་པོ་འབོད་སྐུལ་བྱེད་པ་རེད། “རང་རྒྱལ་ཁབ་དམིགས་བསལ་འགོ་མ་བྱེད་པའི་”ཆ་ནས་བལྟས་ན། འཛམ་གླིང་ནི་གུ་དོག་ཅིང་འཚང་ཁ་ཆེ་ལ་དུས་དང་རྣམ་པ་ཀུན་ཏུ་“འགྲན་རྩོད་དྲག་པོ་བྱེད་པ་”ཞིག་ཡིན། ལས་དབང་གཅིག་མཐུན་གྱི་ཆ་ནས་བལྟས་ན། འཛམ་གླིང་ནི་ཡངས་ཤིང་རྒྱ་ཆེ་ལ་གང་ས་གང་དུ་མཉམ་ལས་ཀྱི་གོ་སྐབས་ལྡན་པ་ཞིག་ཡིན། ང་ཚོས་མི་དམངས་ཀྱི་སེམས་ཁོང་གི་རེ་འདུན་ལ་ཉན་པ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་དགོས་ལ། རྒྱལ་ཁབ་ཁག་གིས་མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་ཕན་གཅིག་གྱུར་ཡོང་བར་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས།
གཉིས་པ། ང་ཚོས་ངོས་འཛིན་གཅིག་མཐུན་ཕྱོགས་བསྡུས་བྱེད་པའི་འགན་འཁྲི་ཁུར་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་བརྟན་སྲུང་དང་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་། རིག་གནས། ལམ་ལུགས། འཕེལ་རྒྱས་ཆུ་ཚད་བཅས་གཅིག་འདྲ་མིན་ན་ཡང་། རྒྱལ་ཁབ་ཁག་གི་མི་དམངས་ཚང་མས་ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་ཀྱི་ཡོད། ང་ཚོས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་མཁན་བྱེད་པ་དང་། བློ་གཤོགས་ཆེན་པོའི་སྒོ་ནས་ཤེས་དཔལ་མི་འདྲ་བས་རིན་ཐང་གི་གོ་དོན་ངོས་འཛིན་བྱེད་སྟངས་ལ་བསམ་ཤེས་བྱེད་པ་དང་། རྒྱལ་ཁབ་མི་འདྲ་བའི་མི་དམངས་ཀྱིས་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པར་བརྩི་འཇོག་བྱས་ཏེ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དེ་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཁེ་ཕན་མངོན་འགྱུར་བྱེད་པའི་ལག་ལེན་ནང་དུ་བྱེ་བྲག་དང་མངོན་སུམ་གྱིས་མཚོན་དགོས།
གསུམ་པ། ང་ཚོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པའི་གསོས་སུ་སྒྲུབ་དགོས། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཡིན། མིའི་རིགས་ཀྱིས་བདེ་སྐྱིད་བརྩོན་ལེན་བྱེད་པའི་འགྲོ་ལམ་དུ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཀྱང་ཆད་མི་རུང་། འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་དང་མི་རིགས་ཡོད་ཚད་ལ་འདྲ་མཉམ་གྱི་འཕེལ་རྒྱས་འགྲོ་བའི་གོ་སྐབས་དང་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་དགོས། ང་ཚོས་དབུལ་ཕྱུག་གི་བར་ཁྱད་དང་འཕེལ་རྒྱས་ཀྱི་ཧེ་བག་སོགས་དངོས་ཡོད་གནད་དོན་ཆེན་པོར་ཐད་ཀར་གདོང་གཏོད་པ་དང་། འཕེལ་རྒྱས་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ལ་དོ་འཁུར་དང་མང་ཚོགས་དབུལ་བོར་གཅེས་སྐྱོང་བྱས་ནས་ཡུལ་ལུང་ཚང་མར་རེ་བ་ལྡན་པར་བྱེད་དགོས། ཀྲུང་གོའི་གནའ་མིའི་གཏམ་ལ་“བདག་ལས་གཞན་གཅེས་ཀུན་གྱིས་བསྟོད། །གཞན་ལས་བདག་གཅེས་ཀུན་གྱིས་སྤོང་། །”[1]ཞེས་ཟེར་བ་ལྟར། འཕེལ་རྒྱས་གཏོང་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་དབང་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཆེད་ཁེ་མིན། ང་ཚོས་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་མཉམ་ལས་ལ་ཤུགས་རྒྱག་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དྲང་སྙོམས་རང་བཞིན་དང་། ནུས་ལྡན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་ནས་མི་སུ་འདྲ་ཞིག་ཡིན་རུང་ལག་རྩལ་བཀག་སྡོམ་དང་། ཚན་རྩལ་གྱི་འོབས་ཀློང་ཆེན་པོ་བཟོ་བ། འཕེལ་རྒྱས་ཀྱི་འབྲེལ་ཐག་གཅོད་པ་བཅས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་དང་། རྒྱལ་ཁབ་གཞན་གྱི་མི་དམངས་ཀྱི་འཚོ་བར་གནོད་འཚེ་གཏོང་རྒྱུ་ཆ་རྐྱེན་དུ་བརྩིས་པའི་ཆབ་སྲིད་ཀྱི་གཡོ་ཁྲམ་གང་རུང་ཚང་མར་མི་སེམས་མི་ཐོབ་ལ། མཐར་ངལ་བ་འབྲས་མེད་དུ་འགྱུར་ངེས་ཡིན་པར་ང་རང་ཡིད་ཆེས་ཡོད།
བཞི་པ། ང་ཚོས་མཉམ་ལས་ལ་ཤུགས་རྒྱག་པའི་འགན་འཁྲི་འཁུར་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཉེན་ཁ་དང་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་འཇལ་དགོས། སྔར་བཞིན་གང་སར་མཆེད་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་ཚན་རིག་དང་མཐུན་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་དང་། མཐུན་སྒྲིལ་མཉམ་ལས་དར་སྤེལ་གཏོང་བ། “རིམས་ཐར་གྱི་འོབས་ཆེན་”བསལ་ཏེ། རིམས་ནད་ཆབ་སྲིད་ཅན་དང་ནད་དུག་མིང་བྱང་ཅན་དུ་སྒྱུར་བར་ངོ་རྒོལ་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་དུ་སྐུལ་འདེད་གཏོང་དགོས། འཇིགས་སྐུལ་རིང་ལུགས་སོགས་མིའི་རིགས་ཀྱི་སྤྱི་དགྲའི་མདུན་དུ། ང་ཚོས་མཉམ་ལས་ལ་བརྟེན་ནས་བདེ་འཇགས་དོན་གཉེར་དང་བརྟན་བརླིང་དོན་གཉེར་བྱས་ཏེ་བདེ་འཇགས་ཀྱི་“ར་སྐྱོར་”མཉམ་དུ་ཡག་པོར་བསྐྲུན་དགོས། ཉམས་ཞན་གྱི་སྐྱེ་ཁམས་ཁོར་ཡུག་གི་མདུན་དུ། ང་ཚོས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་ཤེས། རང་བྱུང་སྲུང་སྐྱོབ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བར་འགྲན་སློང་དྲག་པོ་བྱེད་པའི་མདུན་དུ། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཐབས་ལམ་མཉམ་དུ་དོན་གཉེར་བྱེད་དགོས།
ལྔ་པ། ང་ཚོས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་འགན་འཁྲི་འཁུར་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་ཚང་མ་གཅིག་འདྲ་མིན་པས། རྒྱལ་ཁབ་ཁག་གི་མི་དམངས་ལ་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་དང་ལམ་ལུགས་ཀྱི་དཔེ་སྲོལ་གདམ་རྒྱུའི་དབང་ཆ་ཡོད་ཅིང་། འདི་ག་རང་ཡང་མི་དམངས་བདེ་སྐྱིད་ཀྱི་དགོས་ངེས་དོན་སྙིང་ཡིན། དམངས་གཙོ་ཡང་དེ་དང་འདྲ་བར་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཆེད་ཁེ་མིན། དམངས་གཙོ་མངོན་འགྱུར་བྱེད་ཐབས་སྣ་ཚོགས་ཡོད་པས། གླུ་བརྒྱ་གདངས་གཅིག་ཡོང་མི་སྲིད། རྒྱལ་ཁབ་ཅིག་ལ་དམངས་གཙོ་ཡོད་མེད་ནི། རྒྱལ་ཁབ་དེའི་མི་དམངས་ཀྱིས་བརྡར་ཤ་གཅོད་དགོས་པ་ལས་མི་ཉུང་ཤས་ཤིག་གིས་ཁ་ཚོན་གཅོད་མི་རུང་། ང་ཚོས་སྤེལ་རེས་དང་སྦྱོང་རེས་བྱེད་པར་ཤུགས་རྒྱག་དགོས་པ་དང་། འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ངེས་པ། རྩ་འཛུགས་མ་ལག་ཆ་ཚང་དུ་གཏོང་བ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ནུས་པ་དང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ཡིན། ད་ཆ་ཀྲུང་གོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཤིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་བཏོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་བྱ་བ་ཡག་པོར་སྒྲུབ་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ལ་སྔར་ལས་དགའ་སྐྱིད་ལྡན་པའི་འཚོ་བར་རོལ་དུ་འཇུག་པ་དང་། མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱེད་པའི་དམིགས་འབེན་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེ་བའི་ཡུལ་དུས་ཀྱི་ཚད་ཐིག་ཏུ་མི་རིགས་བསྐྱར་དར་དང་མིའི་རིགས་ཡར་ཐོན་ཡོང་བའི་བརྗོད་གཞི་གཏིང་ཟབ་མོར་བསམ་གཞིགས་བྱེད་པ་དང་། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒོ་ཀུན་ནས་འཚོལ་ཞིབ་དང་ཡར་རྒྱས་བརྩོན་ལེན་གྱིས་སྔར་ལས་དགའ་སྐྱིད་ལྡན་པའི་མ་འོངས་པ་གསར་སྐྲུན་བྱ་རྒྱུ་ཡིན།
འཛམ་གླིང་གི་པང་དུ་འཁྱུད་ན་ད་གཟོད་མ་འོངས་པའི་པང་དུ་འཁྱུད་ཐུབ་པ་དང་། ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་ན་ད་གཟོད་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕུགས་འདུན་མངོན་པར་བསྒྱུར་བ་དང་བྱ་སྤྱོད་ཀྱིས་མ་འོངས་པ་བསྐྲུན་ཏེ། དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་བྱེད་མཁན་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་འདོད་ཡོད།
—— ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མིའི་རིགས་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་བྱ་བ་ཐམས་ཅད་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱས་ཡོད། ལོ་རྒྱུས་དང་ལག་ལེན་ལས་འགྲོ་ལམ་དེ་ནི་ཡང་དག་པ་དང་ཤར་བགྲོད་ཐུབ་པ་ཞིག་ཡིན་པར་མ་ཟད། བརྟན་པོའི་ངང་བདེ་བགྲོད་ཐུབ་ངེས་ཡིན་པ་ར་སྤྲོད་བྱས་ཤིང་བྱ་ངེས་རེད། ང་ཚོ་བློ་བརྟན་འགྱུར་མེད་ངང་འོད་སྟོང་འཕྲོ་བའི་ལམ་ཆེན་དེའི་ཐོག་བསྐྱོད་དེ་རང་ཉིད་འཕེལ་རྒྱས་གཏོང་རྒྱུ་ཡིན་ལ་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་རྒྱུ་ཡིན། དེང་རབས་ཅན་གྱི་འགྲོ་ལམ་ལ་དཔེ་སྲོལ་ངེས་གཏན་ཞིག་མེད་པས། གང་ཞིག་རང་ཉིད་ལ་འཚམ་པ་དེ་ནི་ཡག་ཤོས་ཡིན་པ་ལས་ལྷམ་གྱི་ཆེ་ཆུང་ལ་བསྟུན་ནས་རྐང་པ་གཞོག་མི་རུང་། རྒྱལ་ཁབ་ཚང་མས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་འགྲོ་ལམ་རང་རྐྱ་འཕེར་བར་འཚོལ་ཞིབ་གང་བྱེད་ཚང་མར་བརྩི་འཇོག་ཐོབ་འོས་པ་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ་དེང་རབས་ཅན་འཛུགས་སྐྲུན་གྱི་ཉམས་མྱོང་སྤེལ་རེས་དང་སྦྱོང་རེས་བྱེད་པ་དང་། དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ཐབས་ལམ་མཉམ་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རང་རྒྱལ་ཁབ་ཀྱི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་སྐྲུན་འདོད་ཡོད།
—— ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། མིག་སྔར། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་མི་ཉུང་བ་འཕྲད་ཡོད་མོད། འོན་ཀྱང་སྒུལ་ཤུགས་དེ་ལས་ཀྱང་མང་བ་གནས་ཡོད། སྤྱི་ཁྱབ་ནས་བལྟས་ན། སྒུལ་ཤུགས་ནི་འགོག་རྐྱེན་ལས་ཆེ་བ་དང་། རྒྱལ་ཁབ་ཁག་གི་སྒོ་འབྱེད་དང་མཉམ་ལས་བྱེད་པའི་འཕེལ་ཕྱོགས་ཆེན་པོར་འགྱུར་ལྡོག་བྱུང་མེད་ལ་འབྱུང་ཡང་མི་སྲིད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་སྔར་ལས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་མཉམ་དུ་སྣ་ཁྲིད་བྱེད་འདོད་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་ཤུགས་རྒྱག་པ་དང་། གོ་ལ་ཧྲིལ་པོ་གཅིག་ལ་གཅིག་སྦྲེལ་ཡོང་བར་སྐུལ་འདེད་གཏོང་ཆེད་འབོར་ཚད་མཉམ་སྤར་བྱས་ནས་རྒྱལ་ཁབ་སྔར་ལས་མང་བ་དང་མང་ཚོགས་སྔར་ལས་མང་བར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་འདོད་ཡོད།
—— ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཆེན་པོ་དང་ཏང་ཆེན་པོའི་འགན་འཁྲི་བསྒྲུབས་ནས་མིའི་རིགས་ཀྱི་བདེ་རྩ་ཆེ་རུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། དབུལ་ཕོངས་སེལ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། རྒྱལ་ཁབ་ཁག་གི་སྲིད་ཏང་གིས་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་པའི་དམིགས་འབེན་གལ་ཆེན་ཡང་ཡིན། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་9899ཚང་མ་དབུལ་བྲལ་བྱུང་སྟེ། ལོ་10སྔ་སྣུར་དུ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་》གྱི་དབུལ་འཕྲིའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད། ཀྲུང་གོའི་གུང་ཁྲན་ཏང་གིས་མིའི་རིགས་ཀྱི་དབུལ་འཕྲིའི་འཕེལ་རིམ་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་སྔར་ལས་མང་པོ་སྐྱེས་སུ་འབུལ་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འགོག་སྨན་རག་ཚད་དང་འགྲོ་གྲོན་འཁུར་ཐུབ་པའི་རང་བཞིན་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་གོས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་ཁས་ལེན་འགྲུབ་པའི་དོན་དུ་དཀའ་ཚེགས་ཧ་ཅང་ཆེ་བའི་འབད་བརྩོན་བྱས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན། ཀྲུང་གོས་《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་སྒྲུབ་འགན་འཁུར་ནས་ཕྱོགས་སོ་སོ་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་གི་འཐབ་ཇུས་གསར་པར་གྲོས་བསྡུར་བྱས་ཏེ་མཉམ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་གི་འཕེལ་རིམ་གསར་པ་གཏོད་རྒྱུ་ཡིན།
—— ཀྲུང་གོའི་གུང་ཁྲན་ཏང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན། ད་ལྟ་སྤྱོད་བཞིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་སྒྲིག་ལམ་གྱི་ལྟེ་བའི་འདུ་ཤེས་ནི་ཕྱོགས་མང་རིང་ལུགས་ཡིན། ཕྱོགས་མང་རིང་ལུགས་ལག་ལེན་ཡག་པོ་བསྟར་ཐུབ་ཚེ་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ། རྒྱལ་སྤྱིའི་སྒྲིག་སྲོལ་ནི་འཛམ་གླིང་རྒྱལ་ཁབ་ཁག་ཐུན་མོང་གིས་ཁས་ལེན་པའི་སྒྲིག་སྲོལ་ཡིན་དགོས་པ་ལས་མི་ཉུང་ཤས་ཀྱིས་གཏན་འབེབས་བྱེད་མི་རུང་། རྒྱལ་ཁབ་ཁག་བར་གྱི་མཉམ་ལས་ནི་མིའི་རིགས་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་འཛིན་པ་ཞིག་ཡིན་དགོས་པ་ལས་ཆབ་སྲིད་ཚོགས་པ་ཆུང་ཆུང་གིས་འཛམ་གླིང་གི་བཙན་དབང་དོན་དུ་གཉེར་བ་ཞིག་ཡིན་མི་རུང་། ང་ཚོས་མཉམ་དུ་ཕྱོགས་མང་རིང་ལུགས་ཀྱི་མིང་ཐོག་ནས་ཕྱོགས་རྐྱང་རིང་ལུགས་ཀྱི་དོན་དངོས་སྒྲུབ་པའི་བྱ་སྤྱོད་སྣ་ཚོགས་ལ་ངོ་རྒོལ་བྱེད་དགོས་པ་དང་། མཉམ་དུ་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས། ཀྲུང་གོས་མཐའ་གཅིག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་བྱས་ཏེ། རྒྱལ་སྤྱིའི་ཐོག་གི་དོན་དག་གང་ཡིན་ཡང་ཚང་མས་གྲོས་མོལ་བྱས་ནས་བསྒྲུབ་རྒྱུ་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ནི་ནམ་ཡང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོའི་ཁོངས་མི་ཞིག་ཡིན་པས། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ནང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བརྗོད་དབང་ཆ་ཆེ་རུ་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་ཤུགས་རྒྱག་རྒྱུ་ཡིན་ཞེས་ང་རང་ལ་བསྐྱར་བསྒྲགས་བྱེད་མོས་ཡོད། ཀྲུང་གོས་ནམ་ཡང་བཙན་པོ་དབང་ཡོད་མི་བྱེད་པ་དང་། རྒྱ་སྐྱེད་མི་བྱེད་ལ། སྟོབས་ཤུགས་ཀྱི་ཁྱབ་ཁོངས་དོན་གཉེར་མི་བྱེད། ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཁབ་ཁག་གི་སྲིད་ཏང་དང་མཉམ་དུ། སྲིད་ཏང་བར་གྲོས་མོལ་མཉམ་ལས་བྱས་པ་བརྒྱུད་རྒྱལ་ཁབ་ཁག་བར་གྱི་མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྲིད་ཏང་གིས་འདོན་འོས་པའི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
ལམ་ཐག་རིང་ཞིང་གེགས་མང་ཡང་། །བགྲོད་ན་སླེབས་པའི་དུས་ནི་ཡོད། །བགྲོད་པའི་གོམ་མཚམས་མ་བཞག་ན། །མ་འོངས་རེ་བ་ཆེན་པོས་ཁེངས། །མདུན་ཕྱོགས་ཀྱི་འགྲོ་ལམ་ནི་ཀྱག་ཀྱོག་ལྡན་ལ་རེ་བས་ཀྱང་ཁེངས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མུ་མཐུད་དུ་རྒྱལ་ཁབ་ཁག་གི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་དང་མཉམ་དུ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་སྔར་ལས་དགའ་སྐྱིད་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གསར་པ་སྔར་བས་ཆེན་པོ་འཇོག་འདོད་ཡོད།
ལྷན་རྒྱས་ཐུགས་རྗེ་ཆེ།
མཆན་འགྲེལ།
[1] མིང་རྒྱལ་རབས་ཀྱི་ཧྥང་ཞའོ་རུའུ་ཡི་《ལོ་རྒྱུས་ཐོར་བུ་》ཞེས་པར་གསལ།
༄༅། །ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མིའི་རིགས་མཉམ་དུ་འཕེལ་རྒྱས་འགྲོ་བའི་བཀོད་པ་ཆེན་པོ་ལས་རང་ངོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
(2021ལོའི་ཟླ་9ཚེས་17ཉིན།)
འདས་པའི་ལོ་ངོ་20ནི་རྒྱལ་སྤྱིའི་དུས་བབ་ལ་རྒྱུན་མཐུད་ངང་འཕེལ་འགྱུར་བྱུང་ཞིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་བསྐྱར་སྐྲུན་ཟབ་མོ་བྱུང་བའི་ལོ་ངོ་20ཡིན་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་པ་དང་། ཁོངས་ཞུགས་རྒྱལ་ཁབ་ཁག་བར་གྱི་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ལོ་ངོ་20ཡང་ཡིན། ལོ་ངོ་20ཡི་རིང་ལ། འདི་ག་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་“ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་དཔལ་སྣ་མང་ལ་བརྩི་འཇོག །མཉམ་དུ་འཕེལ་རྒྱས་དོན་གཉེར་”བཅས་ཀྱི་“ཧྲང་ཧའེ་སྙིང་སྟོབས་”བརྩི་སྲུང་ཞུས་ཤིང་། འཛམ་གླིང་ཞི་བའི་འཕེལ་རྒྱས་ཡོང་བ་དང་། མིའི་རིགས་ཡར་ཐོན་ཡོང་བའི་བྱ་གཞག་ལ་གཞོལ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་འཚོལ་ཞིབ་གལ་ཆེན་བྱས་ཡོད།
—— ང་ཚོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པར་མཉམ་དུ་སྐུལ་འདེད་བཏང་སྟེ། དུས་ཡུན་རིང་པོར་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་བྱེད་ཕྱོགས་སྐོར་གྱི་ཆིངས་ཡིག་བཞག་པ་དང་། “རོགས་རེས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ་དང་། གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལང་བའི་”དཔེ་སྲོལ་གསར་རྐྱང་བཏོད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་བཅས་ལ་བརྟེན། རང་སོའི་འཕེལ་རྒྱས་འགྲོ་ལམ་ཐོག་བློས་འཁེལ་བའི་རྒྱབ་རྟེན་སྟོབས་ཆེན་ཆགས་ཡོད།
—— ང་ཚོས་བདེ་འཇགས་དང་བརྟན་བརླིང་མཉམ་དུ་སྲུང་སྐྱོང་བྱས་ཏེ། “སྟོབས་ཤུགས་ཁག་གསུམ་”[1]ལ་རྡུང་རྡེག་གཏོང་དགོས་པ་སྔོན་ལ་བཏོན་པ་དང་། དུག་རྫས་ལྐོག་འདྲེན་དང་། དྲ་ཐོག་ཉེས་གསོག །རྒྱལ་ཁོངས་བརྒལ་ཞིང་སྒྲིག་འཛུགས་ཡོད་པའི་ཉེས་གསོག་བཅས་རྒྱ་ཡན་དུ་མཆེད་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཤིང་། འཇིགས་རྒོལ་ནང་སྦྱོང་དང་མཐའ་སྲུང་བྱ་སྤྱོད་མཉམ་འབྲེལ་གྱིས་སྤེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཚ་པོ་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་དར་སྤེལ་ཧུར་ཐག་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་སྲུང་སྐྱོང་བྱེད་པའི་ལྕགས་རི་བཙན་པོ་ཞིག་བསྐྲུན་ཡོད།
—— ང་ཚོས་དར་རྒྱས་གོང་འཕེལ་གྱི་བཀོད་ཇུས་མཉམ་འདིང་བྱས་ཏེ། ས་ཁོངས་ཀྱི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་བཏང་བ་དང་། སྒྱུ་རྩལ་དུས་ཆེན་དང་། ཧྲང་ཧའེ་མཉམ་ལས་སློབ་ཆེན། སྲོལ་རྒྱུན་གསོ་རིག་གླེང་སྟེགས་སོགས་མི་ཆོས་རིག་གནས་ཀྱི་རྟགས་མའི་ལས་གཞི་བསྐྲུན་ཡོད་ལ། ཁོངས་ཞུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་འབོར་དང་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་ལོ་རེར་ཆ་སྙོམས་སུ་12%ཙམ་འཕར་ཞིང་། མི་སྣ་འགྲོ་འོང་ལྡབ་འགྱུར་གྱིས་རིམ་འཕར་བྱུང་བའི་“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མྱུར་ཚད་”དང་“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕན་འབྲས་”གསར་སྐྲུན་བྱས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལ་མཉམ་རོལ་བྱེད་པའི་དགའ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་གང་མགྱོགས་བྱས་ཡོད།
—— ང་ཚོས་རྒྱལ་སྤྱིའི་དྲང་བདེན་མཉམ་འཁུར་བྱས་ཏེ། ཕྱོགས་མང་རིང་ལུགས་དང་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བའི་ཐད་དུ་འབོད་སྒྲ་གསལ་པོར་བསྒྲགས་པ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པར་དྲང་གཞག་གི་ལངས་ཕྱོགས་གསལ་སྟོན་བྱས་ཡོད་ལ། ལྟ་ཞིབ་པའི་རྒྱལ་ཁབ་དང་། གླེང་མོལ་རོགས་ཟླ། དེ་བཞིན་འདི་ག་རྩ་འཛུགས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་མོས་མཐུན་ཡོད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་བཅས་ཀྱི་བར་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་དུས་རབས་ཀྱི་རོལ་དབྱངས་དཀྲོལ་ཡོད།
ད་ལྟ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཡོད། ང་ཚོས་“ཧྲང་ཧའེ་སྙིང་སྟོབས་”ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་རླབས་རྒྱུན་ནང་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་། མིའི་རིགས་མཉམ་དུ་འཕེལ་རྒྱས་འགྲོ་བའི་བཀོད་པ་ཆེན་པོའི་ནང་དུ་རང་ངོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། སྔར་ལས་ཚགས་དམ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་མཉམ་དུ་དར་རྒྱས་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། དེ་ལ་ངས་གཤམ་གསལ་གྱི་གྲོས་འགོ་ཁག་འདོན་རྒྱུ་ཡིན།
དང་པོ། མཐུན་སྒྲིལ་མཉམ་ལས་ཀྱི་ལམ་དུ་སྐྱོད་དགོས། ང་ཚོས་རིམ་པ་གང་མང་གི་ཐུག་འཕྲད་ལམ་སྲོལ་དང་ལས་སྟེགས་བེད་སྤྱོད་དཔྱིས་ཕྱིན་པ་བྱས་ཏེ། སྲིད་ཇུས་གླེང་མོལ་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བར་གྱི་ལུགས་མཐུན་གྱི་དོ་ཁུར་ལ་བརྩི་འཇོག་བྱེད་པ། མཉམ་ལས་ལས་ཐོན་པའི་གནད་དོན་དུས་ཐོག་ཏུ་སེལ་ཐབས་བཅས་བྱས་ཏེ་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་བརྟན་པོ་བཟོ་དགོས། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་ཤིང་། “སློབ་དཔོན་”གྱི་ཟོལ་གྱིས་བཀའ་བཀོད་དང་ལུང་ཁྲིད་རྫིག་རྫིག་བྱེད་པ་གཏན་ནས་ཁས་ལེན་གྱི་མིན། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། ང་ཚོས་རང་སོའི་རྒྱལ་ནང་གི་འདེམས་བསྐོ་སོགས་ཆབ་སྲིད་ཀྱི་གྲོས་རིམ་གལ་ཆེན་བརྟན་པོའི་ངང་སྤེལ་བར་རྒྱབ་སྐྱོར་བྱེད་པ་ལས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཁ་གཡར་ས་བཙལ་ནས་ས་ཁུལ་དང་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱེད་དུ་མི་འཇུག་པར། རང་རྒྱལ་ཁབ་ཀྱི་གོང་འཕེལ་ཡར་རྒྱས་ཀྱི་མདུན་ལམ་དང་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རྒྱུ་ནི་སྔར་བཞིན་མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཡིན། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་འདུ་ཤེས་བཅངས་ཏེ། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། འགོག་སྨན་དྲང་སྙོམས་དང་ལུགས་མཐུན་ངང་བགོ་འགྲེམས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ནད་དུག་ཁུངས་འདེད་ཆབ་སྲིད་ཅན་དུ་སྒྱུར་བར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱེད་པར་དམིགས་ནས་ད་ལྟའི་བར་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ལ་འགོག་སྨན་དང་མ་བཅོས་སྨན་ཆུ་རྐང་དུང་ཕྱུར་12ལ་ཉེ་བ་འདོན་སྤྲོད་བྱས་པ་དེས་གོ་ལ་ཧྲིལ་པོའི་ཨང་དང་པོ་ཟིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ཧྲིལ་པོར་འཛམ་གླིང་ལ་འགོག་སྨན་རྐང་དུང་ཕྱུར་20གང་མགྱོགས་ཀྱིས་འདོན་སྤྲོད་བྱ་རྒྱུ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རིམས་འགོག་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་“ཏོག་གསར་འགོག་སྨན་ལག་བསྟར་འཆར་གཞི་”ལ་ཨ་སྒོར་དུང་ཕྱུར་1ཞལ་འདེབས་བརྒྱབ་པ་ལེགས་པར་སྤྱད་དེ། མིའི་རིགས་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་རྗེས་གང་འོས་འཇོག་རྒྱུ་ཡིན།
གཉིས་པ། བདེ་སྡུག་མཉམ་མྱོང་གི་ལམ་དུ་སྐྱོད་དགོས། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་ས་ཁུལ་གྱི་བདེ་འཇགས་དུས་བབ་ཀྱི་མདུན་དུ། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། “ཤར་དབྱི་ལས་འགུལ་”ཟེར་བ་སོགས་“སྟོབས་ཤུགས་ཁག་གསུམ་”ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། དུག་འགོག་དང་། མཐའ་སྲུང་། བྱེད་སྒོ་ཆེ་གྲས་ཀྱི་བདེ་སྲུང་བཅས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ། འདི་ག་རྩ་འཛུགས་ཀྱི་བདེ་འཇགས་མཉམ་ལས་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ། ཐལ་སྐྱོད་རིང་ལུགས་ལ་རྒོལ་བའི་སྤྱི་ཆིངས་སོགས་བཅའ་ཁྲིམས་ཡིག་རིགས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་གཙོ་གཉེར་སྡེ་ཁག་གི་བརྟན་བརླིང་སྲུང་སྐྱོང་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་ནུས་པ་འཛུགས་པར་ཤུགས་སྣོན་བཅས་བྱེད་དགོས།
ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཕྱི་རྒྱལ་གྱི་དམག་དཔུང་ཕྱིར་འཐེན་བྱས་རྗེས། ཨ་ཧྥུ་ཀ་ནི་སི་ཐན་གྱི་ལོ་རྒྱུས་ལ་འགོ་གསར་པ་ཞིག་ཚུགས་ཡོད། དུས་མཚུངས་སུ། ཨ་ཧྥུ་ཀ་ནི་སི་ཐན་ལ་སྔར་བཞིན་དཀའ་ཚེགས་ཆེ་བའི་ལས་འགན་མང་པོ་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་དུ་ས་ཁུལ་གྱི་རྒྱལ་ཁབ་དག་གིས་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་ཀྱི་ཡོད། ཁོངས་ཞུགས་རྒྱལ་ཁབ་ཁག་གིས་རོགས་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་—ཨ་ཧྥུ་ཀ་ནི་སི་ཐན་གྱི་འབྲེལ་གཏུག་ཚོགས་ཆུང་”སོགས་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་བརྟན་པོའི་ངང་བར་བརྒལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཨ་ཧྥུ་ཀ་ནི་སི་ཐན་ལ་ཡོངས་ཁྱབ་དང་ཁོང་ཡངས་ཀྱི་ཆབ་སྲིད་སྒྲོམ་གཞི་འཛུགས་པར་ཁྲིད་སྟོན་བྱེད་ཅིང་། གཟབ་བརླིང་འཇམ་གསུམ་གྱི་ཕྱི་ནང་སྲིད་ཇུས་ལག་ལེན་བསྟར་ནས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ་དང་། མཐའ་སྐོར་གྱི་རྒྱལ་ཁབ་བར་མཛའ་མཐུན་མཉམ་གནས་བྱས་ཏེ། ཞི་བདེ་དང་། བརྟན་བརླིང་། འཕེལ་རྒྱས་བཅས་ཀྱི་འགྲོ་ལམ་དུ་དངོས་འབྲེལ་སྐྱོད་ཐུབ་ཏུ་འཇུག་དགོས།
གསུམ་པ། སྒོ་འབྱེད་དང་འབྲེལ་ཐུག་གི་ལམ་དུ་སྐྱོད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སུ་གཏོགས་པའི་རྒྱལ་ཁབ་ཁག་ཚང་མ་འཕེལ་རྒྱས་ཀྱི་འགག་རྩའི་དུས་རིམ་དུ་གནས་པས། ཡུལ་ལུང་གཅིག་འབྲེལ་དང་ཁེ་ཕན་མཉམ་འདྲེས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་བྱས་ཏེ། སྒོ་འབྱེད་མཉམ་ལས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཕན་ཚུན་གོང་འཕེལ་ཡར་རྒྱས་ཡོང་བའི་ཕུགས་འདུན་བཟང་པོ་འགྲུབ་རོགས་བྱེད་དགོས། ང་ཚོས་ཉོ་ཚོང་དང་དངུལ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་ནས་མི་སྣ་དང་། དངོས་ཟོག །མ་དངུལ། གཞི་གྲངས་བཅས་བདེ་འཇགས་དང་སྲོལ་ལྡན་ངང་འཁོར་རྒྱུག་ཡོང་བར་འགན་སྲུང་བྱས་ཏེ། གྲངས་ཀའི་དཔལ་འབྱོར་དང་། ལྗང་མདོག་ནུས་ཁུངས། དེང་རབས་ཞིང་ལས་བཅས་ཀྱི་མཉམ་ལས་འཕར་གཞི་གསར་པ་གཏོད་དགོས། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཁག་མཉམ་དུ་གོང་འཕེལ་ཡོང་བའི་གར་སྟེགས་ཆེན་པོ་ཞིག་ཡིན་པས། ང་ཚོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་གྲོས་འགོ་བཏོན་པ་དེ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་དེ་བཞིན་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་སོགས་ས་ཁོངས་ཀྱི་མཉམ་ལས་གྲོས་འགོ་དང་འབྲེལ་མཐུད་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་བརླིང་དང་ཤར་རྒྱུག་ཡོང་རྒྱུ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཉམ་འདྲེས་དང་། འཕེལ་རྒྱས་མཉམ་འགུལ། གྲུབ་འབྲས་མཉམ་སྤྱོད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
རྒྱལ་ཁབ་ཁག་ལ་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་ཡོང་བར་རོགས་རམ་བྱེད་ཆེད། ཀྲུང་གོ་ཕྱོགས་ནས་ཚོང་རའི་གོ་སྐབས་མུ་མཐུད་དུ་མཉམ་སྤྱོད་བྱས་ནས་མ་འོངས་པའི་ལོ་5ཡི་རིང་འདི་ག་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་མཉམ་དུ་ཉོ་ཚོང་བྱས་གྲངས་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་ཁྲི་2.3ཟིན་པའི་དམིགས་འབེན་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་པ་དང་། ཉོ་ཚོང་གྲུབ་ཚུལ་ལེགས་སྒྱུར་དང་། ཉོ་ཚོང་དོ་མཉམ་ལེགས་བཅོས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་—ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་ཉོ་ཚོང་སློབ་གླིང་བཙུགས་ནས་འདི་ག་རྩ་འཛུགས་ཀྱི་ཕྱོགས་མང་དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་2018ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་བཅུག་པའི་མི་དམངས་ཤོག་སྒོར་དུང་ཕྱུར་300ཡི་རིན་མཉམ་ཆེད་དམིགས་དངུལ་བུན་གཏོང་ཐེངས་དང་པོ་དེ་མི་འགྱངས་པར་ལག་ལེན་བསྟར་ཚར་རྒྱུ་ཡིན་པ་དང་། ཆེད་དམིགས་དངུལ་བུན་གཏོང་ཐེངས་གཉིས་པ་ལག་ལེན་བསྟར་འགོ་བརྩམས་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པའི་མཉམ་ལས་ཐད་སྤྱད་དེ། དེང་རབས་ཅན་གྱི་གཅིག་ལ་གཅིག་སྦྲེལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལྗང་མདོག་ཐཱན་ཉུང་རྒྱུན་མཐུད་གསུམ་གྱི་འཕེལ་རྒྱས་སོགས་ཀྱི་ལས་གཞིར་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
བཞི་པ། སྤེལ་རེས་སྦྱོང་རེས་བྱེད་པའི་ལམ་དུ་སྐྱོད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཡོང་བའི་རྨང་གཞི་བརྟན་ཤོས་ནི་ཤེས་དཔལ་སྦྱོང་རེས་བྱེད་པ་དེ་ཡིན་ལ། སྟོབས་ཤུགས་ཆེ་ཤོས་ནི་དམངས་སེམས་གཅིག་མཐུན་ཡོང་རྒྱུར་ཐུག་ཡོད། ང་ཚོས་ཤེས་དཔལ་མི་འདྲ་བའི་བར་སྤེལ་རེས་དང་གླེང་མོལ་བྱེད་རེས་དང་། ཞི་མཐུན་མཉམ་གནས་ཡོང་རྒྱུ་དར་སྤེལ་བཏང་སྟེ། ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། དབུལ་སྐྱོར་སོགས་ཀྱི་ཁྱབ་ཁོངས་སུ་མང་ཚོགས་དང་འབྲེལ་འདྲིས་ཟབ་པ་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ལས་གཞི་སྔར་ལས་མང་པོ་གཏོད་དགོས་པ་དང་། གཞོན་ནུའི་སྤེལ་རེས་སྒར་དང་། བུད་མེད་གླེང་སྟེགས། སྨྱན་སྦྱོར་གླེང་སྟེགས། དམངས་ཁྲོད་མཛའ་མཐུན་གླེང་སྟེགས་སོགས་ལས་སྟེགས་བེད་སྤྱོད་ཡག་པོ་བྱེད་ཅིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་སྤྱི་ཚོགས་ཚོགས་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་བར་རྒྱུས་མངའ་དང་མཛའ་མཐུན་ཡོང་བའི་འབྲེལ་ཟམ་སྐྲུན་དགོས།
མ་འོངས་པའི་ལོ་3ནང་དུ་ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་ལ་དབུལ་སྐྱོར་སྦྱོང་བརྡར་གྱི་མིང་སྐལ་1000སྤྲོད་རྒྱུ་དང་། ལུའུ་པན་བཟོ་ཁང་10སྐྲུན་རྒྱུ་མ་ཟད། “དར་གོས་ཚོང་ལམ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་”བྱ་སྤྱོད་ཀྱི་སྒྲོམ་གཞིའི་ནང་འཕྲོད་བསྟེན་བདེ་ཐང་དང་། དབུལ་སྐྱོར་རོགས་སྐྱོབ། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་30སྤེལ་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རོགས་དང་དམངས་འཚོའི་བདེ་རྩ་ལེགས་བཅོས་བྱེད་རོགས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་འདི་ག་རྩ་འཛུགས་ཀྱི་གཞོན་ནུའི་ཚན་རྩལ་གསར་གཏོད་གླེང་སྟེགས་སྤེལ་ནས་རྒྱལ་ཁབ་ཁག་གི་གཞོན་ནུའི་གསར་གཏོད་གསོན་ཤུགས་ངར་སྐུལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་འདི་ག་རྩ་འཛུགས་ཀྱི་སྲོལ་རྒྱུན་གསོ་རིག་སྨན་རྫས་ཐོན་ལས་མནའ་འབྲེལ་བཙུགས་ནས་རྒྱལ་ཁབ་ཁག་གིས་སྲོལ་རྒྱུན་གསོ་རིག་མཉམ་ལས་བྱེད་པར་ཐབས་ལམ་གསར་པ་གཏོད་པའི་གྲོས་འགོ་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོར་2022ལོའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་ནས་བསྲི་ཚགས་དང་། བདེ་འཇགས། ཁྱད་མཚར་བཅས་ཀྱི་ཨོ་རྩལ་དགའ་སྟོན་ལ་མཉམ་རོལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ལྔ་པ། དྲང་སྙོམས་དྲང་བདེན་གྱི་ལམ་དུ་སྐྱོད་དགོས། “གནས་སྐབས་ཀྱི་དྲག་ཞན་སྟོབས་ལ་ཐུག །ཕུགས་ཡུན་གྱི་རྒྱལ་ཕམ་བདེན་ལ་ཐུག་”[2]ཅེས་པ་ལྟར། རྒྱལ་སྤྱིའི་ཐོག་གི་དོན་དག་ཐག་གཅོད་བྱེད་ན། “སྟོབས་ཤུགས་དང་གནས་བབ་”ཟེར་བ་གཞིར་བཟུང་སྟེ། བཙན་དབང་དང་། བཙན་ཤེད། བཙན་བརྙས་བཅས་ཁྱབ་སྤེལ་གཏོང་མི་རུང་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་གཞིར་བཟུང་སྟེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་དགོས་པ་དང་། “སྒྲིག་སྲོལ་”ཟེར་བའི་དར་ཆ་བསྒྲེངས་ནས་རྒྱལ་སྤྱིའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱ་སྤྱོད་དང་། འགྲན་རྒོལ་དང་ཁ་ཕྲལ་གཏོང་བའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལྟ་བ་ནན་སྲུང་བྱེད་པ་དང་། ཉོ་ཚོང་དང་། དངུལ་འཇོག །ལག་རྩལ་བཅས་བར་གྱི་བཙན་འགག་གཏོར་ནས་ཁོང་ཡངས་ཀུན་ཕན་གྱི་འཕེལ་རྒྱས་མདུན་ལྗོངས་སྐྲུན་དགོས།
མཆན་འགྲེལ།
[1] “སྟོབས་ཤུགས་ཁག་གསུམ་”ཞེས་པ་ནི་གཏུམ་སྤྱོད་འཇིགས་སྐུལ་སྟོབས་ཤུགས་དང་། མི་རིགས་ཁ་ཕྲལ་སྟོབས་ཤུགས། ཆོས་ལུགས་ཐལ་སྐྱོད་སྟོབས་ཤུགས་གསུམ་ལ་ཟེར།
[2] 《ཀྲོའུ་ཤར་མའི་རྒྱལ་ཕྲན་ཁག་གི་གཏམ་རྒྱུད་》ཅེས་པའི་ལེའུ་བཅུ་བཞི་པར་གསལ། མ་ཡིག་ཏུ་“གནས་སྐབས་ཀྱི་སྟོབས་ཆེ་ཆུང་ཤུགས་ལ་བརྟེན་ཡང་། ཕུགས་ཀྱི་རྒྱལ་ཕམ་ནི་གནས་ལུགས་ལ་བརྟེན་དགོས་”ཞེས་འབྱུང་།
༄༅། །སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ཏེ། མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
(2021ལོའི་ཟླ་10ཚེས་12ཉིན།)
“ཆོས་ཀུན་རང་གི་རྒྱུ་ལས་བྱུང་། །རྐྱེན་དང་ཕྲད་པས་འགྲུབ་པར་འགྱུར། །”[1]སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལར་སྐྱེ་སྟོབས་རྒྱས་སུ་བཅུག་ཡོད་ལ། དེ་ནི་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡང་རེད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པ་དེ་ནི་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱས་ནས་མིའི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཡོད།
ཁུན་མིང་ཚོགས་ཆེན་ཐོག་“སྐྱེ་ཁམས་དཔལ་ཡོན་ཏེ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་”ཞེས་པ་བརྗོད་དོན་གཙོ་བོ་བྱས་ཏེ། “2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི་”བཟོ་འགོད་ལ་སྐུལ་འདེད་བཏང་ནས་འབྱུང་འགྱུར་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་དམིགས་འབེན་བཟོ་བ་དང་ཐབས་ལམ་གསལ་སྟོན་བྱས་ཡོད་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་ལ་ཤུགས་བརྒྱབ་ནས་བློ་ཁ་གཅིག་ཏུ་གཏོད་པ་དང་ངར་ཤུགས་གཅིག་ཏུ་བསྒྲིལ་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་དགོས།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་དགོས། མིའི་རིགས་ཀྱིས་རང་བྱུང་ཁམས་སྲུང་སྐྱོབ་ཡག་པོ་བྱས་ཚེ་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་ཕངས་མེད་དྲིན་གཟོ་བྱེད་པ་དང་། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་ཚབས་ཆེན་བཏང་ཚེ་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་ཆད་པའང་ཚ་ནན་གཅོད་ངེས་རེད། ང་ཚོས་རང་བྱུང་ཁམས་ལ་གུས་ཞུམ་གྱི་སེམས་པ་ཟབ་མོ་བཅངས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས།
རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ། དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བག་ཉལ་སྟོབས་ཤུགས་དང་རྟིང་ཤུགས་གཉིས་ཀར་འབྲེལ་བ་ཡོད། ང་ཚོས་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་པར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བའི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས།
ཏོག་གསར་གློ་ཚད་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་སྐུལ་འདེད་གཏོང་བར་འགྲན་སློང་སྔར་ལས་ཆེན་པོ་ཞིག་འཕྲད་ཡོད། དཔལ་འབྱོར་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཉིས་བརྩེགས་ཀྱི་མདུན་དུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་སྔར་ལས་ཀྱང་མཁོ་བས། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་རྐྱེན་ངན་མཉམ་སེལ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྐྱེ་ཁམས་བཟང་པོས་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་སྔར་ལས་མང་བ་བསྐྲུན་ཏེ། འཛམ་གླིང་རྒྱལ་ཁབ་ཁག་མཉམ་དུ་འཕེལ་རྒྱས་འགྲོ་བའི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས།
ང་ཚོ་འགྲན་སློང་ཆེ་ཞིང་རེ་བས་ཁེངས་པའི་དུས་རབས་ཤིག་ཏུ་གནས་ཡོད། བགྱི་བ་མ་ཆད་པས། །ཕུགས་དོན་འགྲུབ་པར་འགྱུར། །ང་ཚོའི་ཐུན་མོང་གི་འབྱུང་འགྱུར་གྱི་ཆེད་དུ། ང་ཚོས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ལམ་གསར་པ་གཏོད་དགོས།
དང་པོ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲིད་སྟོན་དུ་བཟུང་ནས་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས། ང་ཚོས་བཟོ་ལས་དཔལ་ཡོན་ལས་ཐོན་པའི་འགལ་བ་ཐག་གཅོད་ཡག་པོ་བྱས་ནས་མིའི་རིགས་ཀྱི་བྱེད་སྒོ་དེ་སྐྱེ་ཁམས་ཁོར་ཡུག་གིས་འཁྱོག་ཐུབ་པའི་ཚད་གཞིའི་ནང་ཚོད་འཛིན་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེ་འུ་རྩྭ་བྱེ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་དགོས།
གཉིས་པ། ལྗང་མདོག་ཏུ་རིགས་སྒྱུར་བྱེད་པ་སྒུལ་ཤུགས་བྱས་ཏེ་གོ་ལ་ཧྲིལ་པོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས། ང་ཚོས་ལྗང་མདོག་ཐཱན་ཉུང་གི་རེས་འཁོར་དཔལ་འབྱོར་མ་ལག་བཙུགས་ནས་སྐྱེ་ཁམས་ཀྱི་བཟང་ཆ་དེ་འཕེལ་རྒྱས་ཀྱི་བཟང་ཆར་བསྒྱུར་ཏེ། རི་སྔོན་ཆུ་དྭངས་ལས་ཕན་འབྲས་ཆེན་པོ་ཐོན་པར་བྱེད་དགོས། ང་ཚོས་ལྗང་མདོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས།
གསུམ་པ། མི་དམངས་ཀྱི་བདེ་རྩ་ལྟེ་བར་བཟུང་ནས་སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་སེམས་ལ་བཟུང་ནས་ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས། ལས་ཞུགས་གསར་སྐྲུན། དབུལ་ཕོངས་སེལ་བ་སོགས་ཕྱོགས་མང་པོའི་མཉམ་རྒྱལ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་ཆེ་རུ་གཏོང་དགོས།
བཞི་པ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བཟུང་ནས་དྲང་སྙོམས་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྲུང་སྐྱོང་བྱེད་དགོས། ང་ཚོས་དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་ལག་ལེན་ནུས་ལྡན་བསྟར་དགོས་པ་ལས་འདོད་བློར་མཐུན་པ་སྤྱོད་པ་དང་མ་མཐུན་པ་སྤོང་བ་བྱེད་མི་རུང་། ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་གསར་པ་འཛུགས་པར་བློ་སྟོབས་དང་དངོས་དོན་གཉིས་དོ་མཉམ་ཡོང་བར་བྱས་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་སྔར་ལས་དྲང་སྙོམས་དང་ལུགས་མཐུན་ཡོང་བར་བྱེད་དགོས།
ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་དུ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཉིན་ཤས་གོང་ལ། ཡུན་ནན་གྱི་གླང་ཆེན་ཁྱུ་ཚོགས་བྱང་ཕྱོགས་སུ་བསྐྱོད་པ་དང་ཕྱིར་ལོག་པ་ལས་ང་ཚོས་ཀྲུང་གོས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་གསལ་པོར་མཐོང་ཡོད། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ཡིན།
འདིར་ངས་ཁྱབ་བསྒྲགས་བྱ་རྒྱུར། ཀྲུང་གོས་ཚང་མའི་སྔོན་ལ་མི་དམངས་ཤོག་སྒོར་དུང་ཕྱུར་15བཏང་ནས་ཁུན་མིང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐེབས་རྩ་བཙུགས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱ་གཞག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་སོ་སོས་ཐེབས་རྩ་དེར་གྲོན་དངུལ་འཇོག་པར་ཀྲུང་གོའི་ཕྱོགས་ཀྱིས་འབོད་སྐུལ་དང་དགའ་བསུ་ཞུ་རྒྱུ་ཡིན།
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེ་ཤོས་དང་། རང་བྱུང་ཡུལ་ལྗོངས་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་གི་སྙིང་པོ་འདུ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་བཅས་ཀྱི་ས་ཁོངས་དེ་དག་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ནང་དུ་རིམ་བཞིན་འཇུག་བཞིན་ཡོད། ཀྲུང་གོས་རྨ་འབྲི་རྫ་གསུམ་གྱི་ཆུ་མགོ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག །ཧའེ་ནན་ཚ་ཁུལ་ཆར་ནགས། རི་བོ་ཝུའུ་དབྱི་ཧྲན་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་གཞིའི་ཐོག་བཙུགས་པར་སྲུང་སྐྱོབ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་23ཟིན་ཡོད། དེས་སྐམ་སའི་ས་ཁོངས་ནང་གི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་30%ལ་ཉེ་བར་ཁེབས་ཡོད། དེ་དང་ལྷན་དུ་ཡུལ་དེ་ག་རང་དུ་སྲུང་སྐྱོབ་དང་གནས་སྤོས་སྲུང་སྐྱོབ་ཟུང་འབྲེལ་བྱ་རྒྱུ་གཅིག་འདོམས་བྱེད་པའི་རྩ་དོན་ལྟར་པེ་ཅིན་དང་ཀོང་ཀྲོའུ་སོགས་ཀྱི་རྒྱལ་ཁབ་རྩི་ཤིང་གླིང་གའི་མ་ལག་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།
ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། ཀྲུང་གོས་གཙོ་གནད་ཁྱབ་ཁོངས་དང་ལས་རིགས་ཀྱི་ཐཱན་རྩེར་སོན་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་ཁྱབ་བསྒྲགས་བྱས་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་“1+N”སྲིད་ཇུས་མ་ལག་འཛུགས་རྒྱུ་ཡིན། ཀྲུང་གོས་ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བསྐྱར་སྐྱེ་ནུས་ཁུངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བྱེ་ཐང་དང་། གྲམ་ཐང་། ཐང་རྒོད་ས་ཁུལ་བཅས་སུ་རླུང་གློག་དང་འོད་གློག་རྟེན་གཞིའི་ལས་གཞི་ཆེ་གྲས་འཆར་འགོད་དང་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་དུང་ཕྱུར་1ཙམ་ཟིན་པའི་ལས་གཞི་རིམ་པ་དང་པོ་ཉེ་ཆར་སྲོལ་ལྡན་ངང་འགོ་རྩོམ་རྒྱུ་ཡིན།
སྔོ་ལྗང་རི་ཀླུང་མི་ཡིས་ལེགས་བསྐྱངས་ན། །དེ་ཡིས་མི་ལ་དྲིན་ལན་གཟོ་ངེས་རེད། །སྐྱེ་ཁམས་དཔལ་ཡོན་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཡིན་པས། ང་ཚོས་ལག་གདང་སྦྲེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཟུང་ནས་ཕ་ཚ་བུ་རྒྱུད་ལ་འགན་འཁུར་བའི་མཐོ་ཚད་ཐོག་ནས་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་དོ། །
མཆན་འགྲེལ།
[1] 《ཞུན་ཙི་•ཁམས་བཤད་ཀྱི་ལེའུ་》ཞེས་པར་གསལ།
ལས་དབང་གཅིག་མཐུན། ཁྱིམ་གཞིས་མཉམ་སྐྲུན།
༄༅། །ལས་དབང་གཅིག་མཐུན། ཁྱིམ་གཞིས་མཉམ་སྐྲུན།
(2021ལོའི་ཟླ་11ཚེས་22ཉིན།)
གུས་པར་འོས་པའི་ཝུན་ལའེ་ཡི་སུའུ་ཏན་ཧ་སང་ན་ཨེར་མཆོག་དང་།
ལས་གྲོགས་རྣམ་པ།
ལྷན་རྒྱས་དང་“སྤྲིན་སྣེ་”རུ་མཉམ་འཛོམས་བྱུང་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱི་མིག་ལྟ་བ། ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་མ་འོངས་པའི་འཆར་གཞི་འགོད་པ་བཅས་བྱུང་བར་ཧ་ཅང་དགའ་པོ་བྱུང་།
ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གླེང་མོལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་30ཡི་རིང་སྤྱིར་བཏང་ལས་འདས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་བརྒྱུད་ཡོད། ལོ་ངོ་30པོ་དེ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་རྒྱལ་སྤྱིའི་གནས་སྟངས་ལ་འཕོ་འགྱུར་གཏིང་ཟབ་བྱུང་བའི་ལོ་ངོ་30ཡིན་ལ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་ཕྱོགས་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བའི་ལོ་ངོ་30ཡིན། ང་ཚོས་འཇམ་འཐབ་ཀྱི་སྤྲིན་ནག་བརྟོལ་ནས་མཉམ་དུ་ས་ཁུལ་གྱི་བརྟན་བརླིང་སྲུང་སྐྱོང་བྱས་ཡོད། ང་ཚོས་ཨེ་ཤ་ཡ་ཤར་མའི་དཔལ་འབྱོར་གཞི་གཅིག་ཅན་ལ་ཁྲིད་སྟོན་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་མང་ཚོགས་དུང་ཕྱུར་20ལྷག་ལ་སྔར་བས་ལེགས་པའི་འཚོ་བ་བསྐྱེལ་བསྐལ་བསྐྲུན་ཡོད། ང་ཚོ་ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འོད་སྟོང་འབར་བའི་ལམ་ཆེན་དུ་བསྐྱོད་པ་དང་། ཉིན་བཞིན་དམ་ཟབ་ཏུ་འགྲོ་བའི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད།
དེ་རིང་ང་ཚོས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིན། འདི་ནི་ཕྱོགས་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཡིན་ལ། དེས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་ཡོང་གི་རེད།
ལས་གྲོགས་རྣམ་པ།
ལོ་ངོ་30ཡི་རིང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་གྲུབ་འབྲས་ནི། ཕྱོགས་གཉིས་ཀྱི་ས་ཁམས་ཐག་ཉེ་བ་དང་སྤྱི་ཚོགས་རིག་གནས་མཐུན་པའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། དེ་ལས་ཀྱང་ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་གང་ཐུབ་བྱས་ནས་ལོ་རྒྱུས་ཀྱི་གདམ་ག་ཡང་དག་པ་བྱས་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
གཅིག་ནི་ཕན་ཚུན་བརྩི་འཇོག་བྱས་ནས་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྟན་སྲུང་བྱས་པ། ཤར་ཕྱོགས་རིག་གནས་ཀྱིས་“གང་ཞིག་བདག་གིས་མི་འདོད་པ། །དེ་ཉིད་གཞན་ལ་སྤྱད་མི་བྱ། །”[1]ཞེས་པར་མཐོང་ཆེན་བྱེད་ཅིང་། འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་འཆམ་མཐུན་མཉམ་གནས་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་འབོད་ཡིན། ང་ཚོས་སྔོན་ལ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་“ཝན་ལུང་སྙིང་སྟོབས་”དར་སྤེལ་བཏང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གླེང་མོལ་རོགས་ཟླ་ལས་ཀྲུང་གོ་ནི་ཐོག་མར་《ཨེ་ཤ་ཡ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག་》ནང་ཞུགས་པ་ཡིན། ང་ཚོས་ཕན་ཚུན་གྱི་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱས་པ་དང་སོ་སོའི་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བརྩི་འཇོག་བྱས་ཤིང་། ཟོལ་མེད་ཀྱི་འབྲེལ་འདྲིས་ལ་བརྟེན་ནས་བསམ་ཤེས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་གཞག་ཐོག་ཕྱོགས་འགལ་དང་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། མཉམ་དུ་ཨེ་ཤ་ཡའི་རིན་ཐང་ལྟ་བ་སྲུང་སྐྱོང་དང་དར་སྤེལ་བཏང་ཡོད།
གཉིས་ནི་མཉམ་ལས་མཉམ་རྒྱལ་དང་ཞི་བདེའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་ལོ་རྒྱུས་ཀྱི་མྱོང་བ་འདྲ་མཚུངས་ཡོད་ཅིང་། རྒྱལ་ཁབ་བརྟན་བརླིང་དང་མི་དམངས་བདེ་སྐྱིད་ཡོང་བ་མངོན་འགྱུར་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་དམིགས་ཡུལ་ཡིན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་སྲུང་སྐྱོང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་བརྗོད་དོན་ལ་དམིགས་ནས་རང་མོས་ཉོ་ཚོང་ཁུལ་སྔོན་ལ་བཙུགས་པ་དང་། སྤུས་ཚད་མཐོན་པོའི་སྒོ་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》འཇོག་རྒྱུར་མཉམ་དུ་སྐུལ་སྤེལ་བཏང་བ་དང་། ས་ཁུལ་མཉམ་འདྲེས་འཕེལ་རྒྱས་དང་མི་དམངས་བདེ་སྐྱིད་ཡོང་བར་སྐུལ་འདེད་བཏང་ཡོད།
གསུམ་ནི་འགྲོ་གྲོགས་སྡོད་གྲོགས་བྱས་ཏེ་སྙིང་ཉེ་ལྷག་བསམ་ཕན་འདོགས་ཁོང་ཡངས་བཞི་ལྡན་གྱི་འདུ་ཤེས་ལག་ལེན་བསྟར་བ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་ཁྱིམ་མཚེས་ཡིན་ཞིང་ཕན་ཚུན་རོགས་རེས་བྱེད་པ་ནི་ང་ཚོའི་ཐུན་མོང་གི་སྲོལ་རྒྱུན་ཡིན། ཀྲུང་གོ་དང་ཝུན་ལའེ་ཡི་ཁ་དཔེར་“སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་”ཅེས་ཟེར་བ་ལྟར། ང་ཚོ་ནང་མི་སྤུན་ཟླ་ནང་བཞིན་རྒྱུན་དུ་ཕར་ཚུར་འགྲོ་འོང་བྱེད་ཅིང་། མཛའ་བརྩེ་ལ་བརྩི་མཐོང་ཆེ་ཞིང་ཁ་དན་ཚིག་ལ་གནས་པ་དང་། བཀྲ་ཤིས་པའི་དོན་དང་འཕྲད་ན་རྟེན་འབྲེལ་མཉམ་སྒྲིག་དང་སྒྲུབ་དཀའ་བའི་དོན་དང་འཕྲད་ན་ཕན་ཚུན་རོགས་རེས་བྱེད་པ་ཡིན་ལ། ལག་གདང་སྦྲེལ་ནས་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། ཏོག་གསར་གློ་ཚད་རིམས་ནད་སོགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ་བརྒྱུད་དེ་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེ་རུ་བསྐྱེད་ཡོད།
བཞི་ནི་ཕན་ཚུན་ཁོང་ཡངས་དང་དཔེ་ལྟ་བྱས་ཏེ་སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་མཉམ་དུ་བཏོད་པ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མི་རིགས་དང་རིག་གནས། ཆོས་ལུགས་སོགས་སྣ་མང་ཕུན་སུམ་ཚོགས་པས། སྣ་མང་དང་བསྟུན་མཁས་ནི་ང་ཚོའི་ཐུན་མོང་གི་གཞི་རྒྱུ་ཡིན། ང་ཚོས་ཨེ་ཤ་ཡ་ཤར་མའི་ཤེས་དཔལ་ལས་བློ་གྲོས་བསྡུ་ལེན་བྱས་ཤིང་། སྒོ་འབྱེད་འདུ་ཤེས་ལ་བརྟེན་ནས་ས་ཁུལ་གྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྣེ་ཁྲིད་དང་། འདྲ་མཉམ་གྲོས་མོལ་ལ་བརྟེན་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ས་ཁུལ་གྱི་མཉམ་ལས་སྐུལ་སྤེལ། ཁོང་ཡངས་ཀྱི་རྣམ་འགྱུར་ཐོག་ནས་སྒོ་འབྱེད་བྱེད་པ་ལས་ཕྱིར་འབུད་མི་བྱེད་པའི་གྲོགས་ཚོམས་བཙུགས་པ་བཅས་ཀྱི་ཐོག་ནས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་དོན་འཁྱོལ་བྱས་ཡོད།
ལོ་ངོ་30རིང་གི་རྩ་ཆེའི་ཉམས་མྱོང་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་གི་རྒྱུ་ནོར་ཡིན་པས། ཕྱོགས་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་བར་རྨང་གཞི་བཏིང་བ་དང་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ང་ཚོས་གཅེས་འཛིན་ལྡབ་འགྱུར་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ལག་ལེན་གསར་པའི་ནང་དུ་རྒྱུན་ཆད་མེད་པར་གྲ་རྒྱས་གོང་འཕེལ་གཏོང་དགོས།
ལས་གྲོགས་རྣམ་པ།
“རྒྱུག་ཐག་རིང་ན་རྟ་ངོ་ཤེས། འགྲོགས་ཡུན་རིང་ན་མི་ངོ་ཤེས།” ཀྲུང་གོ་ནི་འདས་མ་འོངས་ད་ལྟ་གསུམ་ལ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན། ངས་འདིར་བསྐྱར་བསྒྲགས་བྱེད་འདོད་པ་ནི། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་མཐའ་སྐོར་ཕྱི་འབྲེལ་ལས་འགོ་མ་བྱེད་དགོས་པའི་ཁ་ཕྱོགས་འཛིན་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར། བློ་བརྟན་འགྱུར་མེད་ཀྱིས་ས་ཁོངས་སྒྲོམ་གཞི་ནང་གི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་ལ་རྒྱབ་སྐྱོར། བློ་བརྟན་འགྱུར་མེད་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ནང་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན།
ཉེ་སྔོན་ཀྲུང་གོའི་གུང་ཁྲན་ཏང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཏེ། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་། ཀྲུང་གོའི་མི་དམངས་ཡིད་ཆེས་ཆེན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་མདུན་དུ་སྐྱོད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ས་ཁུལ་དང་འཛམ་གླིང་ལ་གོ་སྐབས་སྔར་བས་མང་བ་སྤྲོད་པ་དང་སྒུལ་ཤུགས་ཆེན་པོ་གསར་དུ་སྣོན་ངེས་ཡིན། ཀྲུང་གོར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ་དང་། འགལ་རྐྱེན་སེལ་བ། གོ་སྐབས་མཉམ་སྤྱོད། དར་རྒྱས་མཉམ་སྐྲུན་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དོན་འཁྱོལ་བྱས་ནས་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་ — ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཕྱོགས་སུ་གོམ་པ་གསར་པ་སྤོ་འདོད་ཡོད།
མ་འོངས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ཐད་ལ་ངས་གྲོས་འགོ་ཁག་5འདོན་རྒྱུ་ཡིན།
དང་པོ། ཞི་བདེའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། ཞི་བདེ་མེད་ན་ཐམས་ཅད་སྟོང་བཤད་རང་རེད། ཞི་བདེ་ནི་ང་ཚོའི་ཐུན་མོང་གི་ཁེ་ཕན་ཆེ་ཤོས་ཡིན་ལ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཆེ་ཤོས་ཀྱང་ཡིན། ང་རང་ཚོ་ས་ཁུལ་ཞི་བདེའི་འཛུགས་སྐྲུན་མཁན་དང་སྲུང་སྐྱོང་མཁན་བྱེད་དགོས་ཤིང་། གླེང་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་ལ་རོགས་རེས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པ་དང་། ལག་གདང་སྦྲེལ་ནས་ཞི་བདེ་ལ་གཏོར་བཤིག་གཏོང་བའི་ལྡོག་ཕྱོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས། ང་ཚོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཡིན་ན་ཚང་མས་གྲོས་བྱས་ནས་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ལ། མཐའ་སྐོར་ཁྱིམ་མཚེས་རྒྱལ་ཁབ་དང་ཡུན་རིང་མཛའ་མཐུན་མཉམ་གནས་བྱེད་པ་དང་ས་ཁུལ་ཡུན་རིང་ཞི་བདེ་ཡོང་རྒྱུ་མཉམ་དུ་སྲུང་སྐྱོང་བྱེད་འདོད་པ་ལས་བཙན་དབང་གཏན་ནས་མི་བྱེད་ལ་ཆེ་བས་ཆུང་བར་བརྙས་བཅོས་དེ་བས་ཀྱང་བྱེད་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་རྡུལ་ཕྲན་མཚོན་ཆ་མེད་ཁུལ་བསྐྲུན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། 《ཨེ་ཤ་ཡ་ཤར་ལྷོའི་རྡུལ་ཕྲན་མཚོན་ཆ་མེད་ཁུལ་གྱི་ཆིངས་ཡིག་》ཅེས་པའི་གྲོས་མཐུན་ཡི་གེ་སྔ་ཙམ་འཇོག་ཐུབ་པའི་རེ་འདུན་ཡོད།
གཉིས་པ། ཞོད་འཇགས་ཀྱི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ན་མཐའ་གཅིག་ཏུ་བདེ་འཇགས་ཡིན་པའི་ཁེར་ཆགས་གླིང་ཕྲན་ཞིག་མེད་པ་དང་། ཡོངས་ཁྱབ་ཀྱི་བདེ་འཇགས་ཡིན་ན་ད་གཟོད་བདེ་འཇགས་ངོ་མ་ཡིན་པ་ཡང་བསྐྱར་བདེན་དཔང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་“ཀྲུང་གོ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་བདེ་ཐང་སྲུང་ཕུབ་”ཅེས་པའི་མཉམ་ལས་གྲོས་འགོ་ལག་བསྟར་བྱེད་འདོད་ཡོད། དེའི་ནང་དུ་སླར་ཡང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྐང་དུང་ཕྱུར་1.5རིན་མེད་རོགས་སྐྱོར་བྱ་རྒྱུ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འགོག་ཁབ་རྒྱག་ཚད་མཐོ་རུ་གཏོང་རོགས་བྱ་རྒྱུ་དང་གཅིག །སླར་ཡང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རིམས་འགོག་ཐེབས་རྩར་ཨ་སྒོར་ཁྲི་500བསྐྱར་སྣོན་དང་། འགོག་ཁབ་མཉམ་འབྲེལ་ཐོན་སྐྱེད་དང་ལག་རྩལ་ནང་བཤུག་གཏོང་ཤུགས་ཆེ་རུ་གཏོང་བ། འགག་རྩའི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་མཉམ་ལས་བཅས་བྱས་ཏེ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་བརྟེན་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་གཉིས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་རོགས་རམ་བྱས་ཏེ་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་གསུམ་བཅས་ཚུད་ཡོད། ས་ཁུལ་དེ་ག་ད་དུང་སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་དང་འཕྲད་ཡོད་པས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་འགོག་སྲུང་ལས་སྒོ་དང་། འཇིགས་སྐུལ་ལ་ངོ་རྒོལ། མཚོ་ཐོག་མཉམ་འབྲེལ་གྱིས་འཚོལ་སྐྱོབ་དང་ནང་སྦྱོང་། རྒྱལ་ཁོངས་ལས་བརྒལ་བའི་ཉེས་གསོག་ལ་རྡུང་རྡེག །གནོད་འཚེ་དོ་དམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཉམ་དུ་རྒྱ་མཚོ་ལྷོ་མའི་བརྟན་བརླིང་སྲུང་སྐྱོང་བྱས་ཏེ་རྒྱ་མཚོ་ལྷོ་མ་དེ་ཞི་བདེ་ཡི་རྒྱ་མཚོ་དང་། མཛའ་བརྩེ་ཡི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་འགྱུར་བར་བྱེད་དགོས།
གསུམ་པ། དར་རྒྱས་ཀྱི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། ངས་ཉེ་སྔོན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ཡོད་ལ། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་སྤེལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པ་བཅས་ཡིན། གྲོས་གཞི་དེ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པས། 《ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གཅིག་མཐུན་ཚོགས་པའི་མདུན་ལྗོངས་2025》དང་མཉམ་སྡེབ་ཀྱིས་ཕན་འབྲས་ཆེ་རུ་བཏང་ཆོག །ཀྲུང་གོ་ཕྱོགས་ཀྱིས་མ་འོངས་པའི་ལོ་གསུམ་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སླར་ཡང་ཨ་སྒོར་དུང་ཕྱུར་15བཏང་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སླར་གསོ་བྱ་རྒྱུར་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་སྤེལ་བ་དང་གྲོས་མཐུན་གྲོས་མོལ་བྱེད་འགོ་བརྩམས་ཏེ། ཀྲུང་གོ་ — ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འཕེལ་རྒྱས་ཀྱི་ཤེས་བྱའི་དྲ་བ་འཛུགས་པར་རྒྱབ་སྐྱོར་བྱེད་འདོད་པ་དང་། དབུལ་འཕྲིའི་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དོ་སྙོམས་ཁོང་ཡངས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ང་ཚོས་ཕྱོགས་ཡོངས་ནས་《ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི་3.0གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་འགོ་བརྩམས་ཏེ། ཉོ་ཚོང་དང་དངུལ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་སྐྱེད་བཏང་ནས་དཔལ་འབྱོར་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ཀྱི་དཔེ་སྟོན་གླིང་ཁུལ་མཉམ་སྐྲུན་བྱེད་དགོས། ཀྲུང་གོར་རྒྱལ་ནང་གི་ཚོང་ར་ཆེན་པོ་ཡོད་པ་ལ། ཐོག་མཐའ་བར་གསུམ་དུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ལ་སྒོ་འབྱེད་བྱ་རྒྱུ་དང་། མ་འོངས་པའི་ལོ་5ཡི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནས་ཨ་སྒོར་དུང་ཕྱུར་1500ཡི་ཞིང་ལས་ཐོན་རྫས་ནང་འདྲེན་གང་ཐུབ་ཐུབ་བྱ་རྒྱུ་ཚུད་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་སྔར་བས་མང་བ་ནང་འདྲེན་བྱེད་འདོད་ཡོད། སྤུས་ཚད་མཐོ་བའི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་བཏོན་པའི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མ་འོངས་རྒྱང་བལྟ་དང་མཉམ་ལས་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་ལྷག་པར་“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་འདོད་ཡོད་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དག་རྒྱལ་སྤྱིའི་སྐམ་མཚོ་ཚོང་དོན་གྱི་འགྲོ་ལམ་གསར་པའི་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཚན་རྩལ་གསར་གཏོད་མཐོར་འདེགས་ཀྱི་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྔོན་ཐོན་གྱི་སྤྱོད་བདེའི་ལག་རྩལ་1000འདོན་སྤྲོད་བྱ་རྒྱུ་དང་། མ་འོངས་པའི་ལོ་ལྔའི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ན་གཞོན་ཚན་རིག་པ་300ཀྲུང་གོར་ཡོང་ནས་སྤེལ་རེས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། གྲངས་ཀའི་བཅོས་སྐྱོང་གླེང་མོལ་བྱ་རྒྱུའི་གྲོས་འགོ་བཏོན་ནས་གྲངས་ཀའི་ལག་རྩལ་གསར་གཏོད་དང་བེད་སྤྱོད་གཏིང་ཟབ་བྱེད་པའི་གྲོས་གཞི་འདོན་རྒྱུ་ཡིན།
བཞི་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་ནི་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གྲོས་མོལ་བྱེད་པ་དང་། སྲིད་ཇུས་འབྲེལ་འདྲིས་དང་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་འཆར་འགོད་སྦྲེལ་མཐུད་བྱེད་འདོད་ཡོད། ས་ཁོངས་ཀྱི་ནུས་ཁུངས་རིགས་སྒྱུར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ནུས་ཁུངས་གཙང་མའི་མཉམ་ལས་ལྟེ་གནས་འཛུགས་རྒྱུར་གྲོས་བསྡུར་བྱས་ཏེ། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ལག་རྩལ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན། ལྗང་མདོག་དངུལ་རྩ་དང་ལྗང་མདོག་དངུལ་འཇོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་གྱི་ཐཱན་ཉུང་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་སྤྱོད་འཆར་གཞི་བཏོན་ནས་རྒྱལ་ཁབ་ཁག་གི་ཞིང་ལས་འཕེལ་རྒྱས་ཀྱི་མཉེན་སྟོབས་དང་རྒྱུན་མཐུད་ཐུབ་པའི་རང་བཞིན་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་ — ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཚན་རྩལ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་གི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་བཙུགས་ནས་རྒྱ་མཚོ་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན།
ལྔ་པ། མཛའ་མཐུན་ཁྱིམ་གཞིས་མཉམ་སྐྲུན་བྱེད་དགོས། ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས་ཤིང་། ཤེས་དཔལ་སྤེལ་རེས་དང་སློབ་རེས་གཏིང་ཟབ་བྱས་ནས་ས་ཁུལ་གྱི་སྣ་མང་རིག་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་བེད་སྤྱོད་ཡག་པོ་བྱེད་དགོས། རིམས་ནད་འདས་རྗེས་ལུགས་ལྡན་ངང་མི་སྣ་འགྲོ་འོང་སླར་གསོ་བྱེད་པར་བསམ་བློ་ཧུར་ཐག་གཏོང་བ་དང་། རིག་གནས་དང་། ཡུལ་སྐོར། བློ་མཛོད། སྨྱན་སྦྱོར། བུད་མེད་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཕྱོགས་གཉིས་པོའི་མང་ཚོགས་བར་སྔར་བས་ཕན་ཚུན་རྒྱུས་ལོན་ཡོད་པ་དང་། མཛའ་བརྩེ་ལྡན་པ། མཉམ་འདྲེས་ཡོང་བ་བཅས་བྱེད་དགོས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མ་འོངས་པ་ནི་གཞོན་ནུར་དབང་བ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ལས་རིགས་སློབ་གསོ་དང་སློབ་རྒྱུས་ཕན་ཚུན་ངོས་ལེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་ — ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཅིང་དབྱིན་བྱ་དགའི་སློབ་ཡོན་སྤྲོད་པའི་མིང་སྐལ་མང་དུ་གཏོང་བ་དང་། གཞོན་ནུའི་སྒར་སོགས་ཀྱི་བྱེད་སྒོ་སྤེལ་འདོད་ཡོད། སང་ལོར་ང་ཚོས་སྔ་རྗེས་སུ་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་འཚོག་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་གོ་སྐབས་དེར་བསྟུན་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་དང་ལུས་རྩལ་སྤེལ་རེས་དང་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད།
ལས་གྲོགས་རྣམ་པ།
ཀྲུང་གོའི་གནའ་མིའི་གཏམ་ལ་“ཐབས་ཇུས་བདེན་ལུགས་དང་མཐུན་ཅིས་ཀྱང་འགྲུབ། །གང་སྒྲུབ་དམངས་སེམས་དང་བསྟུན་ངེས་པར་འགྲུབ། །”[2]ཅེས་པ་ལྟར། ང་ཚོས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་སེམས་སུ་འཛིན་དགོས་ལ། ཞི་བདེ་སྲུང་སྐྱོང་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཏེ་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་དགོས་པ་དང་། མུ་མཐུད་དུ་འབད་འཐབ་བྱས་ཏེ་སྔར་བས་དམ་ཟབ་ཀྱི་ཀྲུང་གོ་ — ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྐྲུན་པ་དང་། སྔར་བས་དར་ཞིང་རྒྱས་ལ་མཛེས་སྡུག་ལྡན་པའི་ས་ཁུལ་དང་འཛམ་གླིང་མཉམ་སྐྲུན་བྱེད་དགོས།
མཆན་འགྲེལ།
[1] 《ཁུང་ཙིའི་གསུང་སྒྲོས་•ཡན་ཡོན་》ཞེས་པར་གསལ།
[2] 《ཡན་ཙི་ཁྲུའུ་ཆིའུ་•དངོས་གཞིའི་དྲི་བ་སྟོད་ཆ་》ཞེས་པར་གསལ།
༄༅། །ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་དགོས།
(2021ལོའི་ཟླ་11ཚེས་29ཉིན།)
ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་65འཁོར་བའི་ལོ་རེད། ལོ་ངོ་65རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀས་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་མི་སེར་སྤེལ་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་དུ་གཞོམ་གཞིག་བྲལ་བའི་སྤུན་ཟླའི་མཛའ་མཐུན་འབྲེལ་བ་བཙུགས་ཡོད་ཅིང་། གོང་འཕེལ་དང་དར་རྒྱས་གཏོང་བའི་འཐབ་ལམ་ཐོག་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་ཀྱི་ལམ་ག་བཏོད་ཡོད་ལ། རྙོག་འཛིང་ཆེ་བའི་འཕོ་འགྱུར་ལས་འགྲོ་གྲོགས་སྡོད་གྲོགས་ཀྱི་ངོ་མཚར་ལེའུ་ཡང་བརྩམས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་འོད་སྟོང་འབར་བའི་མིག་དཔེ་བསྟན་ཡོད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་བཟང་དོན་ཅི་ཡིན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཆགས་དོན་ཅི་ཡིན་ཞེ་ན། གནད་འགག་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀས་ཕུགས་རྩ་ཤིན་ཏུ་བརྟན་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་གསར་དུ་བཏོད་པ་སྟེ། དེ་ནི་“ལྷད་མེད་ཀྱི་མཛའ་མཐུན་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་མཉམ་རྒྱལ། མཉམ་དུ་གོང་འཕེལ། དྲང་གཞག་འཛིན་སྐྱོང་། བདེན་ལུགས་སྲུང་སྐྱོང་། དུས་བབ་དང་བསྟུན་པ། སྒོ་འབྱེད་ཁོང་ཡངས་”བཅས་རེད། འདི་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཀ་ཕྱོགས་གཉིས་ཀས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་སྐྱིད་སྡུག་མཉམ་མྱོང་དང་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་བྱས་པའི་གནས་ཚུལ་ངོ་མ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་འབྲེལ་བ་སྔ་འཛིན་ཕྱི་གཏོད་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཀྱང་ཡིན།
ད་ལོ་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་50འཁོར་བའི་ལོ་རེད། འདིར་ངས་དེ་སྔ་ཀྲུང་གོར་རྒྱབ་སྐྱོར་གནང་མཁན་གྱི་ཨ་ཧྥེ་རི་ཁའི་རྒྱ་ཆེའི་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་གཟབ་ནན་གྱིས་བསྐྱར་བཤད་བྱེད་འདོད་པ་ཞིག་ནི། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་མོ་ནམ་ཡང་བརྗེད་མི་སྲིད་པ་དང་། རྣམ་དག་བདེན་པ་སྙིང་ཉེ་ལྷག་བསམ་བཞི་ལྡན་གྱི་འདུ་ཤེས་དང་ཡང་དག་པའི་བདེན་ཁེའི་ལྟ་བ་མུ་མཐུད་དུ་བཅངས་ཏེ། ཨ་ཧྥེ་རི་ཁའི་གྲོགས་པོ་ཚོ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གཏོང་རྒྱུ་ཡིན།
2018ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་ཐོག་ངས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས་ཚུལ་བཏོན་པར་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་གཙོ་རྣམ་པས་མགྲིན་གཅིག་ཏུ་མོས་མཐུན་མཛད་ཡོད། ལོ་ངོ་3ལྷག་རིང་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀས་དཔུང་པ་མཉམ་གཤིབ་དང་ལག་གདང་གཅིག་སྦྲེལ་གྱིས་“བྱ་སྤྱོད་ཆེན་པོ་བརྒྱད་”[1]སོགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། གནད་ཆེའི་མཉམ་ལས་ཀྱི་ལས་གཞི་མང་པོ་ཞིག་ལེགས་འགྲུབ་བྱུང་ཞིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཉོ་ཚོང་གྲངས་འབོར་དང་ཀྲུང་གོས་ཨ་ཧྥེ་རི་ཁར་དངུལ་འཇོག་བྱེད་ཚད་བརྟན་པོའི་ངང་འཕར་བ་དང་། ཧ་ལམ་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་ཕྱོགས་ཀྱི་ཁོངས་ཞུགས་ཡོད་ཚད་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་མཉམ་ལས་ཁྱིམ་ཚང་ཆེན་མོའི་ནང་ཞུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ལེ་བར་སྟོང་གི་བཤུལ་ལམ། །གོམ་པ་རེ་རེས་བགྲོད་དགོས། །དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་རྒྱུས་ཀྱི་འགོ་འཛུགས་སའི་ཐོག་ལངས་ནས་ངས་འདོད་ཚུལ་བཞི་འདོན་རྒྱུ་ཡིན།
དང་པོ། མཐུན་སྒྲིལ་བྱས་ནས་རིམས་འགོག་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་ཐོན་དབང་འདོར་བར་རྒྱབ་སྐྱོར། རིམས་འགོག་སྨན་ཁབ་ཨ་ཧྥེ་རི་ཁར་ལག་སོན་ཡོང་བ་དང་འགྲོ་གྲོན་ཐེག་པར་འགན་སྲུང་ཏན་ཏིག་བཅས་བྱས་ཏེ་“རིམས་ཐར་འོབས་དོང་”སྐོང་གསབ་བྱེད་དགོས།
གཉིས་པ། དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ང་ཚོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཉོ་ཚོང་དང་དངུལ་འཇོག་གཞི་ཁྱོན་ཆེ་རུ་གཏོང་བ། དབུལ་འཕྲི་དང་དབུལ་བྲལ་གྱི་ཉམས་མྱོང་མཉམ་སྤྱོད། གྲངས་ཀའི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན། ཨ་ཧྥེ་རི་ཁའི་གཞོན་ནུས་ལས་འབྱེད་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ངས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་《2063ལོའི་གྲོས་རིམ་》དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གཉིས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་པས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཧུར་ཐག་ངང་རྒྱབ་སྐྱོར་དང་ཐེ་ཞུགས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན།
གསུམ་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནམ་གཤིས་འགྱུར་ལྡོག་སྟེ་མིའི་རིགས་ཡོངས་ཀྱི་མདུན་དུ་ལྷགས་པའི་འགྲན་སློང་གལ་ཆེན་འདིར་གདོང་གཏད་དེ། ང་ཚོས་ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་དར་སྤེལ་གཏོང་བ་དང་། ཉི་ནུས་དང་རླུང་ནུས་སོགས་བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་ཧུར་ཐག་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་《ཕ་རི་སིའི་གྲོས་མཐུན་》ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
བཞི་པ། དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། འཛམ་གླིང་ལ་དོན་དམ་པའི་ཕྱོགས་མང་རིང་ལུགས་མཁོ་བ་རེད། ཞི་བདེ་དང་། འཕེལ་རྒྱས། དྲང་སྙོམས། དྲང་བདེན། དམངས་གཙོ། རང་དབང་བཅས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀས་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་ཐུན་མོང་གི་དམིགས་འབེན་ཡང་ཡིན། ང་ཚོ་ཚང་མས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་འདོད་ཚུལ་འཛིན་པ་དང་། ཚང་མས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་གཞོལ་ཞིང་། ཚང་མས་ནང་སྲིད་ལ་ཐེ་ཇུས་དང་། རིགས་རྒྱུད་ལ་མཐོང་ཆུང་། ཕྱོགས་རྐྱང་བཀག་སྡོམ་བཅས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དྲང་བདེན་འདོད་ཚུལ་བློ་གདེང་བརྟན་པོའི་སྒོ་ནས་རྒྱུན་འཁྱོངས་བྱས་ཏེ། ང་ཚོའི་ཐུན་མོང་གི་དགོས་འདོད་དང་ཐུན་མོང་གི་ཁེ་ཕན་དེ་ཐུན་མོང་གི་བྱ་སྤྱོད་དུ་སྒྱུར་དགོས།
ཐེངས་འདིའི་ཚོགས་འདུ་མ་འཚོགས་གོང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀས་《ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་2035ལོའི་འདུན་ལྗོངས་》མཉམ་དུ་བཟོས་ཡོད། འདུན་ལྗོངས་དེའི་ཐོག་མའི་ལོ་གསུམ་གྱི་འཆར་འགོད་ཡིན་པའི་ཆ་ནས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་གཞོགས་འདེགས་དམ་ཟབ་བྱས་ནས་“ལས་གྲྭ་ཁག་དགུ་”མཉམ་དུ་ལག་ལེན་བསྟར་རྒྱུ་ཡིན།
གཅིག་ནི་འཕྲོད་བསྟེན་བདེ་ཐང་ལས་གྲྭ་ཡིན། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི་2022ལོར་ཨ་ཧྥེ་རི་ཁའི་མི་འབོར་60%ལ་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་རྒྱག་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། ངས་ཁྱབ་བསྒྲགས་བྱ་རྒྱུར། ཀྲུང་གོས་སླར་ཡང་ཨ་ཧྥེ་རི་ཁ་ཕྱོགས་ལ་རིམས་འགོག་སྨན་ཁབ་རྐང་དུང་ཕྱུར་10འདོན་སྤྲོད་བྱ་རྒྱུ་ཡིན་ལ། དེའི་ནང་འགོག་ཁབ་རྐང་དུང་ཕྱུར་6རིན་མེད་དུ་རོགས་སྐྱོར་བྱ་རྒྱུ་དང་། འགོག་ཁབ་རྐང་དུང་ཕྱུར་4ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་དང་འབྲེལ་ཡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་མཉམ་འབྲེལ་ཐོག་ཐོན་སྐྱེད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་འདོན་སྤྲོད་བྱ་རྒྱུ་ཡིན། ཀྲུང་གོས་ད་དུང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རོགས་སྐྱོར་བྱས་ནས་སྨན་བཅོས་འཕྲོད་བསྟེན་ལས་གཞི་10དོན་འཁྱོལ་བྱ་རྒྱུ་དང་། ཨ་ཧྥེ་རི་ཁར་སྨན་བཅོས་མི་སྣ་དང་སྤྱི་པའི་འཕྲོད་བསྟེན་ཆེད་མཁས་1500མངག་གཏོང་བྱ་རྒྱུ་ཡིན།
གཉིས་ནི་དབུལ་འཕྲི་དང་ཞིང་ཕན་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་དབུལ་འཕྲི་དང་ཞིང་ལས་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁར་ཞིང་ལས་ཆེད་མཁས་500མངག་གཏོང་བྱ་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཞིང་ལས་ལག་རྩལ་སྤེལ་རེས་དཔེ་སྟོན་དང་སྦྱོང་བརྡར་མཉམ་འབྲེལ་ལྟེ་གནས་ཁག་ཅིག་ཀྲུང་གོར་འཛུགས་རྒྱུ། ཀྲུང་གོའི་སྒྲིག་གཞི་དང་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞིང་ལས་འཕེལ་རྒྱས་དང་དབུལ་འཕྲི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་བྱ་རྒྱུ་དང་། ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་མནའ་འབྲེལ་གྱིས་“ཁེ་ལས་བརྒྱ་གྲོང་ཚོ་སྟོང་ལ་ཁྱབ་པའི་”བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
གསུམ་ནི་ཉོ་ཚོང་སྐུལ་འདེད་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་ཞིང་ལས་ཐོན་རྫས་ཀྲུང་གོར་འདྲེན་པར་“ལྗང་མདོག་འགྲོ་ལམ་”སྐྲུན་པ་དང་། རིམས་ནད་བརྟག་ཞིབ་ཀྱི་ཆོག་འཐུས་ལས་རིམ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཀྲུང་གོ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ཡོད་པའི་དར་རྒྱས་ཞན་ཤོས་ཀྱི་རྒྱལ་ཁབ་ཀྱིས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་སྒོ་ཁྲལ་མེད་པའི་ཐོབ་ཐང་གི་ཐོན་རྫས་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མ་འོངས་པའི་ལོ་3ནང་ཨ་ཧྥེ་རི་ཁ་ནས་ནང་འདྲེན་བྱེད་པའི་བསྡོམས་འབོར་ཨ་སྒོར་དུང་ཕྱུར་3000ཟིན་པར་བརྩོན་ལེན་བྱ་རྒྱུ་ཡིན། ཀྲུང་གོས་ཨ་སྒོར་དུང་ཕྱུར་100ཡི་ཉོ་ཚོང་དངུལ་བསྡུའི་གྲངས་ཚད་འདོན་སྤྲོད་བྱས་ནས་ཨ་ཧྥེ་རི་ཁའི་ཕྱིར་གཏོང་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་སྔོན་སྐྱོད་ཁུལ་དང་“རྒྱུད་གཅིག་ལམ་གཅིག་”གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཐོན་ལས་གླིང་ཀྲུང་གོར་བསྐྲུན་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་སྒྲིག་བཀོད་སྦྲེལ་མཐུད་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་དྲུང་ཡིག་ཁྲུའུ་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་མཉམ་ལས་ཆེད་མཁས་ཚོ་ཆུང་བཙུགས་ཏེ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
བཞི་ནི་དངུལ་འཇོག་སྐུལ་འདེད་ལས་གྲྭ་ཡིན། ཀྲུང་གོས་མ་འོངས་པའི་ལོ་3རིང་ལ་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་དངུལ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་100ལས་མི་ཉུང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དམངས་ཁྲོད་དངུལ་འཇོག་སྐུལ་སྤེལ་ལས་སྟེགས་”འཛུགས་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་བཟོ་ལས་ཅན་དང་ལས་ཞུགས་ལ་སྐུལ་སྤེལ་གཏོང་བའི་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁའི་དངུལ་རྩའི་སྒྲིག་གཞིར་ཨ་སྒོར་དུང་ཕྱུར་100ཡི་ཡིད་རྟོན་གྲངས་ཚད་འདོན་སྤྲོད་བྱས་ཏེ། ཨ་ཧྥེ་རི་ཁའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་གཙོ་གནད་དུ་བཟུང་ནས་རོགས་སྐྱོར་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་མཚམས་ལས་བརྒལ་བའི་མི་དམངས་ཤོག་སྒོར་ལྟེ་གནས་འཛུགས་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་དར་རྒྱས་ཞན་ཤོས་རྒྱལ་ཁབ་དག་གིས་2021ལོའི་ལོ་མཇུག་བར་དུ་དུས་བཅད་སླེབས་ཀྱང་འཇལ་སྤྲོད་མ་བྱས་པའི་སྲིད་གཞུང་བར་གྱི་སྐྱེད་མེད་དངུལ་བུན་རྩ་ཆག་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ནས་འཕར་འགྲེམས་བྱས་པའི་དམིགས་བསལ་དངུལ་ལེན་དབང་ཁོངས་ནས་ཨ་སྒོར་དུང་ཕྱུར་100བཏོན་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་གཡར་འདོད་ཡོད།
ལྔ་ནི་གྲངས་ཀའི་གསར་གཏོད་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་གྲངས་ཀའི་དཔལ་འབྱོར་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲུང་སྐར་རྒྱང་ཚོར་བེད་སྤྱོད་མཉམ་ལས་ལྟེ་གནས་འཛུགས་རྒྱུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་ཚོད་ལྟ་ཁང་དང་། རོགས་ཟླའི་ཞིབ་འཇུག་ཁང་། ཚན་རྩལ་གསར་གཏོད་མཉམ་ལས་རྟེན་གཞི་བཅས་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་“དར་གོས་འགྲུལ་ལམ་གློག་རྡུལ་ཚོང་ལས་”ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ཨ་ཧྥེ་རི་ཁའི་དངོས་པོ་སྤུས་ལེགས་དྲ་ཐོག་ཉོ་སྒྲུབ་དུས་ཆེན་དང་ཡུལ་སྐོར་དྲ་ཐོག་ཚོང་དོན་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་དང་། ཨ་ཧྥེ་རི་ཁའི་“ཚོང་ཁང་བརྒྱ་དང་ཚོང་ཟོག་སྟོང་ལས་སྟེགས་སུ་ཞུགས་པ་”ཞེས་པའི་བྱ་སྤྱོད་སྤེལ་རྒྱུ་ཡིན།
དྲུག་ནི་ལྗང་མདོག་འཕེལ་རྒྱས་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། “ཨ་ཧྥེ་རི་ཁའི་ལྗང་མདོག་ལྕགས་རི་”འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁར་ཐཱན་ཉུང་དཔེ་སྟོན་ཁུལ་དང་གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་དཔེ་སྟོན་ཁུལ་འཛུགས་རྒྱུ་ཡིན།
བདུན་ནི་ནུས་པའི་འཛུགས་སྐྲུན་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་སློབ་གྲྭ་10གསར་སྐྲུན་ནམ་རིམ་སྤར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁའི་རྩེར་སོན་ཤེས་ལྡན་མི་སྣ་ཁྲི་1ཞིབ་འཇུག་ཟབ་སྦྱོང་དང་བགྲོ་གླེང་བྱེད་སྒོར་ཞུགས་པར་གདན་འདྲེན་ཞུ་རྒྱུ་ཡིན། “མ་འོངས་པའི་ཨ་ཧྥེ་རི་ཁ་—ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མཉམ་ལས་འཆར་གཞི་”ལག་བསྟར་དང་། “ཨ་ཧྥེ་རི་ཁའི་ཕྱི་འགྲིམ་སློབ་མའི་ལས་ཞུགས་ཤར་བགྲོད་རླངས་འཁོར་”གྱི་བྱེད་སྒོ་སྤེལ་རྒྱུ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མུ་མཐུད་མཉམ་ལས་སྒོས་“ལུའུ་པན་བཟོ་ཁང་”བཙུགས་ནས་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་80ལས་མི་ཉུང་བ་འདོན་སྤྲོད་བྱེད་པར་སྐུལ་མ་གཏོང་རྒྱུ་ཡིན།
བརྒྱད་ནི་མི་ཆོས་རིག་གནས་སྤེལ་རེས་ལས་གྲྭ་ཡིན། ཀྲུང་གོར་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་ཡོད་པའི་རྒྱལ་ཁབ་ཚང་མ་ཀྲུང་གོའི་སྤྱི་དམངས་ཀྱིས་ཚོགས་པ་བསྒྲིགས་ནས་མངའ་ཁོངས་ཕྱིར་ཡུལ་སྐོར་ལ་འགྲོ་བའི་དམིགས་ཡུལ་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་རུ་ཨ་ཧྥེ་རི་ཁའི་གློག་བརྙན་དུས་སྟོན་འཚོགས་པ་དང་ཨ་ཧྥེ་རི་ཁར་ཀྲུང་གོའི་གློག་བརྙན་དུས་སྟོན་འཚོགས་རྒྱུ་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཞོན་ནུའི་ཞབས་ཞུའི་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བུད་མེད་གླེང་སྟེགས་འཚོགས་རྒྱུ་ཡིན།
དགུ་ནི་ཞི་བདེ་དང་བདེ་འཇགས་ལས་གྲྭ་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་ནས་ཞི་བདེ་དང་བདེ་འཇགས་ཁྱབ་ཁོངས་ཀྱི་ལས་གཞི་10ལག་བསྟར་བྱ་རྒྱུ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་ལ་དམག་དོན་རོགས་སྐྱོར་མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་བདག་ངང་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་དང་འཇིགས་རྒོལ་ལ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཞི་བདེ་སྲུང་སྐྱོང་དམག་དཔུང་གི་མཉམ་འབྲེལ་སྦྱོང་བརྡར་དང་། ཡུལ་དངོས་སྦྱོང་བརྡར། ཡང་ཆུང་མཚོན་ཆ་ལྟ་སྡོམ་བཅས་ཀྱི་མཉམ་ལས་སྤེལ་རྒྱུ་ཡིན།
སེ་ནེ་ཀལ་གྱི་རྒྱལ་འཛུགས་ཙུང་ཐུང་སང་ཀོར་གྱིས་དེ་སྔ་“ང་ཚོས་གསར་སྐྱེས་ཀྱི་འཛམ་གླིང་ལ་འབྱོར་ཐོ་འགོད་”[2]ཅེས་བྲིས་མྱོང་བ་ལྟར། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་གྲོས་ཚོགས་ལེགས་འགྲུབ་འབྱུང་ངེས་ཡིན་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་དུང་ཕྱུར་27གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ན་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད།
མཆན་འགྲེལ།
[1] “བྱ་སྤྱོད་ཆེན་པོ་བརྒྱད་”ཅེས་པ་ནི་འདིར་ཐོན་ལས་སྐུལ་འདེད་བྱ་སྤྱོད་དང་། སྒྲིག་བཀོད་མཉམ་སྦྲེལ་བྱ་སྤྱོད། ཉོ་ཚོང་སྟབས་བདེའི་བྱ་སྤྱོད། ལྗང་མདོག་འཕེལ་རྒྱས་བྱ་སྤྱོད། ནུས་པ་འཛུགས་སྐྲུན་བྱ་སྤྱོད། བདེ་ཐང་འཕྲོད་བསྟེན་བྱ་སྤྱོད། མི་ཆོས་རིག་གནས་སྤེལ་རེས་བྱ་སྤྱོད། ཞི་བདེ་དང་བདེ་འཇགས་བྱ་སྤྱོད་བཅས་ལ་ཟེར།
[2] ལིའེ་ཨའོ་པོའར་ཏེ་•སའེ་ཏ་•སང་ཀོར་གྱི་《ཞལ་འབག་ལ་གསོལ་བ་འདེབས་པ་》ཞེས་པར་གསལ།
ཀྲུང་ལའི་འབྲེལ་བ་དུས་རབས་གསར་པར་བསྐྱོད་པར་སྐུལ་འདེད་གཏོང་དགོས།
༄༅། །ཀྲུང་ལའི་འབྲེལ་བ་དུས་རབས་གསར་པར་
བསྐྱོད་པར་སྐུལ་འདེད་གཏོང་དགོས།
(2021ལོའི་ཟླ་12ཚེས་3ཉིན།)
ཀྲུང་གོ་— ལ་ཏིང་མེ་གླིང་གཅིག་མཐུན་ཚོགས་པའི་གླེང་སྟེགས་བཙུགས་ནས་ལོ་ངོ་7སོང་ཚུན། ཕྱོགས་གཉིས་ཀས་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐོག་མའི་བསམ་འདུན་བཅངས་ནས་གླེང་སྟེགས་དེ་ཉིད་ཕྱོགས་གཉིས་ཀར་ཕན་པའི་ལས་སྟེགས་གཙོ་བོ་ཞིག་ཏུ་བསྐྲུན་ནས་ཀྲུང་ལའི་འབྲེལ་བ་འདྲ་མཉམ་དང་། གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།
ད་ལྟའི་འཛམ་གླིང་ནི་དུས་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཤིང་། ཀྲུང་ལ་གཉིས་ཀ་རིམས་ནད་འདས་རྗེས་ཀྱི་བསྐྱར་གསོར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གསར་པར་འཕྲད་ཡོད། ལ་ཏིང་མེ་གླིང་ཕྱོགས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ནང་དུ་ཧུར་ཐག་གིས་ཞུགས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཀའ་ངལ་མཉམ་སེལ་དང་གོ་སྐབས་མཉམ་སྐྲུན་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན། ཞི་བའི་འཕེལ་རྒྱས་དང་། དྲང་སྙོམས་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ནི་མི་ཡུལ་གྱི་ལམ་བཟང་ཡིན། ཀྲུང་ལ་གཉིས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་ལ་འདྲ་མཉམ་གཉིས་ཕན་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླ་ཡིན་ཞིང་། རང་བཙན་རང་བདག་དང་གོང་སྤེལ་དར་རྒྱས་ཀྱི་ཐུན་མོང་ཕུགས་འདུན་གྱིས་ང་ཚོ་མཐུན་སྒྲིལ་དམ་ཟབ་བྱེད་དུ་བཅུག་ཡོད། ང་ཚོས་མཉམ་དུ་ཀྲུང་ལའི་འབྲེལ་བའི་འཆར་གཞི་འགོད་པ་དང་། ཀྲུང་ལ་མཉམ་ལས་ཀྱི་སྒུལ་ཤུགས་གསར་དུ་བསྣན་ཏེ། ཀྲུང་ལ་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་གོང་དུ་སྤེལ་བར་བྱས་རྗེས་གསར་པ་འཇོག་དགོས།
འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་དགོས།
༄༅། །འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་དགོས།
(2022ལོའི་ཟླ་4ཚེས་21ཉིན།)
“རྒྱལ་ཁབ་བདེ་ན་ཕྱུག་པོར་འགྱུར། །རྒྱལ་ཁབ་འཁྲུགས་ན་དབུལ་པོར་འགྱུར། །”[1]བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པ་དང་། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་གཅིག་མཐུན་ཚོགས་པ་ཡིན། འཇམ་འཐབ་ཀྱི་བསམ་གཞིགས་ཀྱིས་གོ་ལ་ཧྲིལ་པོའི་ཞི་བདེའི་སྒྲོམ་གཞིར་གཏོར་བཤིག་གཏོང་བ་དང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ཀྱིས་འཛམ་གླིང་གི་ཞི་བདེར་གནོད་འཚེ་གཏོང་ཞིང་། ཚོགས་ཁག་གི་འགྲན་རྒོལ་གྱིས་དུས་རབས་21པའི་བདེ་འཇགས་ཀྱི་འགྲན་སློང་ཇེ་སྡུག་ཏུ་གཏོང་རྒྱུ་ཉག་ཅིག་ཡིན་པ་དོན་དངོས་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། འཛམ་གླིང་བདེ་སྡུག་མཉམ་མྱོང་ཡོང་རྒྱུར་སྐུལ་སྤེལ་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འདི་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་འདོན་རྒྱུ་ཡིན། གཅིག་ནས་ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱ་རྒྱུ། གཉིས་ནས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་མོས་ངང་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་སྤྱི་ཚོགས་ལམ་ལུགས་ལ་བརྩི་འཇོག་བྱ་རྒྱུ། གསུམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་ལ་བརྩི་སྲུང་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཇམ་འཐབ་ཀྱི་བསམ་གཞིགས་འདོར་བ་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱས་ནས་ཚོགས་ཁག་ཆབ་སྲིད་དང་དཔུང་ཤོག་གི་འགྲན་རྒོལ་མི་སྤེལ་རྒྱུ། བཞི་ནས་རྒྱལ་ཁབ་ཁག་གི་བདེ་འཇགས་སྐོར་གྱི་ལུགས་མཐུན་དོ་ཁུར་ལ་མཐོང་ཆེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་མེད་དུ་མི་རུང་བའི་རྩ་དོན་རྒྱུན་འཁྱོངས་ཀྱིས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་བཙུགས་ནས་རང་རྒྱལ་ཁབ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་གཞན་པ་བདེ་འཇགས་མེད་པའི་རྨང་གཞིའི་ཐོག་འཛུགས་པར་ངོ་རྒོལ་བྱ་རྒྱུ། ལྔ་ནས་གླེང་མོལ་དང་གྲོས་མོལ་བརྒྱུད་དེ་ཞི་བདེའི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་དང་། ཚད་གཞི་ཉིས་བརྩེགས་མི་འཛིན་པར་ཕྱོགས་རྐྱང་པའི་བཀག་སྡོམ་དང་“དཔུང་རིང་ཇུས་གཏོགས་”གང་བྱུང་དུ་སྤྱོད་པར་ངོ་རྒོལ་བྱ་རྒྱུ། དྲུག་ནས་སྲོལ་རྒྱུན་གྱི་ཁྱབ་ཁོངས་དང་སྲོལ་རྒྱུན་མ་ཡིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་གཅིག་འདོམས་ཐོག་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་གྱི་རྩོད་གཞི་དང་། འཇིགས་སྐུལ་རིང་ལུགས། གནམ་གཤིས་འགྱུར་ལྡོག །དྲ་རྒྱའི་བདེ་འཇགས། སྐྱེ་དངོས་ཀྱི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་བཅས་ཡིན།
མཆན་འགྲེལ།
[1] 《ཀོན་ཙི་•སྲིད་སྐྱོང་》ཞེས་པར་གསལ།