ཀྲང་ཅན་ཁྲུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོ་བྱས།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     ཟླ་9ཚེས་16ཉིན་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོ་བྱས་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཟུར་པ་ཀྲང་ཅན་ཁྲུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཁྲིམས་ཐག་བཅད་པ་དང་། ཀྲང་ཅན་ཁྲུན་ལ་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་དང་དངུལ་ཆད་སྒོར་ཁྲི་བཞི་བརྒྱ་བཅད་པ་དང་། ཀྲང་ཅན་ཁྲུན་གྱིས་ལྐོག་རྔན་བླངས་པ་དང་དེ་བཞིན་དེ་ལས་བྱུང་བའི་ཁེ་ཕན་རྣམས་ཁྲིམས་ལྟར་རྩད་གཅོད་བྱས་ཏེ་རྒྱལ་མཛོད་ལ་འབུལ་དགོས་པའི་ཁྲིམས་ཐག་བཅད་པ་རེད།

     འདྲི་ཞིབ་བྱས་པ་བརྒྱུད། 2004ལོ་ནས་2024ལོ་བར་ཀྲང་ཅན་ཁྲུན་གྱིས་ཀྲུང་དབྱང་རྩ་འཛུགས་པུའི་ལས་བྱེད་ཅུས་དང་པོའི་བསྐོ་འཐེན་ཁྲུའུ་ཡི་ཁྲུང་རིམ་པའི་བརྟག་ཞིབ་པ་དང་། ཁྲུའུ་ཀྲང་གཞོན་པ། ཁྲུའུ་ཀྲང་། ལས་བྱེད་ཅུས་དང་པོའི་སྐོར་ཞིབ་པ་གཞོན་པ་དང་ཅུས་ཀྲང་གཞོན་པ། པེ་ཅིང་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱུན་ལས་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རྩ་འཛུགས་པུའི་ལས་བྱེད་ཅུས་དང་པོའི་ཅུས་ཀྲང་། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་དང་ལས་བྱེད་ཅུས་དང་པོའི་ཅུས་ཀྲང་གཅིག་ལྕོགས། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སོགས་ཀྱི་གོ་གནས་དང་དབང་ཆ་ལས་བྱུང་བའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་སྒེར་ལ་རྣམ་གྲངས་སྐུལ་སྤེལ་དང་། ལས་སྒོ་གཙང་སྒྲུབ། ལས་ཀ་བཀོད་སྒྲིག གོ་གནས་ལེགས་སྒྲིག་སོགས་ཀྱི་ཐད་རོགས་རམ་བྱས་ནས། ཐད་ཀར་རམ་གཞན་བརྒྱུད་ཐོག་ནས་ཁྲིམས་དང་འགལ་ཏེ་རྒྱུ་དངུལ་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་5506ལྷག་ཙམ་ཟིན་ཡོད།

     ལང་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཀྲང་ཅན་ཁྲུན་གྱི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་བསགས་དང་ལྐོག་རྔན་བླངས་པ་གྲངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས། ཁྲིམས་རས་ཁྲིམས་ཐག་བཅད་དོན་དུ། ཀྲང་ཅན་ཁྲུན་གྱིས་གྱོད་གཞི་ཐོན་རྗེས་ཉེས་པ་བསགས་ཚུལ་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ་དང་གྱོད་དོན་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་མེད་པའི་ལྐོག་རྔན་བླངས་པའི་དོན་དངོས་ཁག་གཅིག་རང་འགུལ་ངང་རྩིས་སྤྲོད་བྱས་པ། ཉེས་པ་ངོས་ལེན་དང་འགྱོད་བཤགས་ཧུར་ཐག་བྱས་པ། ལྐོག་རྔན་བླངས་པའི་དངུལ་དང་དངོས་རྫས་ཚང་མ་འདེད་ལེན་ཐུབ་པས། ཁྲིམས་བཀོད་གཞིར་བཟུང་གུ་ཡངས་བཏང་ནས་ཉེས་ཆད་གཅོད་པའི་གནས་ཚུལ་ལྡན་པར་ཁྲིམས་ལྟར་གུ་ཡངས་བཏང་ཆོག་པས། ཁྲིམས་རས་ཁྲིམས་ཐག་གོང་གསལ་བཞིན་བཅད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ལང་ཧྥང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་6ཚེས་27ཉིན་གྱོད་གཞི་དེ་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་པ་དང་། ཁྲིམས་རར་འདྲི་གཅོད་བྱེད་སྐབས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་། ཞུ་སྦྱོར་ཕྱི་མ་བ་ཀྲང་ཅན་ཁྲུན་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས། ཉེས་བགྲང་མཁན་དང་དག་འབུད་པ་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ཡོད་བཏོན་པ་དང་། ཀྲང་ཅན་ཁྲུན་གྱིས་མཐའ་མའི་གསལ་བཤད་བྱས་པ་དང་ཁྲིམས་རར་ཉེས་པ་ངོས་ལེན་ཡང་ཞུས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་50ལྷག་ཙམ་གྱིས་ཁྲིམས་རར་ཟུར་ཉན་བྱས་པ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།