བཅུ་བདུན་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་” རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་ སྐུལ་འདེད་གཏོང་དགོས། 

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

བཅུ་བདུན་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”རྒྱུན་འཁྱོངས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 

༄༅། །““རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”བརྟན་བགྲོད་རྒྱང་འཁྱོལ་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།

(2021ལོའི་ཟླ་1ཚེས་27ཉིན་དང་ཟླ་12ཚེས་22ཉིན།) 

གཅིག །

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་ད་ཐེངས་བརྙན་ལམ་ནས་ཁྱེད་རང་གི་2020ལོའི་ལས་ཀའི་སྐོར་གྱི་ལས་བསྒྲུབས་སྙན་ཞུར་ཉན་པ་ཡིན། ངས་ཐོག་མར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཡུལ་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ལོ་གཅིག་ལྷག་ལ་རྒྱུན་མཐུད་དུ་བྱུང་བས། འཛམ་གླིང་ལ་རྡབ་རྡེག་ཚབས་ཆེན་བཟོས་པ་རེད། ཞང་ཀང་ནི་སྒོ་མོ་འབྱེད་ཚད་མཐོ་བའི་རྒྱལ་སྤྱིའི་རང་བཞིན་གྱི་གྲོང་ཁྱེར་ཞིག་ཡིན་པའི་ཆ་ནས་ཤུགས་རྐྱེན་ཅུང་ཟད་ཆེན་པོ་ཐེབས་ཡོད། དེ་སྔའི་བར་སྐབས་ཤིག་རིང་། ཞང་ཀང་དུ་རིམས་ནད་ལངས་ཐེངས་བཞི་པ་བྱུང་ནས་ཡུལ་མིའི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འཇིགས་སྐུལ་ཅུང་ཟད་ཆེན་པོ་བཟོས་པར་མ་ཟད། ཚང་མའི་ལས་ཀ་དང་འཚོ་བར་ཡང་དཀའ་ངལ་མང་པོ་བཟོས་པས། ངས་སེམས་ཁུར་དང་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་དབྱང་སྲིད་གཞུང་གིས་དགོས་ངེས་ཀྱི་ཐབས་བཀོད་ཡོད་ཚད་སྤྱད་པར་མ་ཟད་ད་དུང་མུ་མཐུད་དུ་སྤྱད་ནས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རིམས་ནད་འགོག་རྒོལ་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཚང་མས་ཡིད་ཆེས་བརྟན་པོ་བཅངས་ནས་མཐུན་སྒྲིལ་གྱིས་རིམས་ནད་འགོག་རྒོལ་བྱེད་དགོས། མེས་རྒྱལ་ནི་དུས་ནམ་ཡང་ཞང་ཀང་གི་སྟོབས་དང་ལྡན་པའི་རྒྱབ་རྟེན་ཡིན་པས་མིག་མདུན་གྱི་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་ངེས་རེད། 

ལོ་གཅིག་གི་རིང་ལ། ཁྱེད་རང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་བབ་བརླིང་ངང་“སྲོལ་ཡིག་དག་བཅོས་ཀྱི་ཟིང་ཆ་”དང་། ཏོག་གསར་གློ་ཚད་རིམས་ནད། ཕྱིའི་ཁོར་ཡུག་གི་འགལ་རྐྱེན་བཅས་ལས་བྱུང་བའི་རྡབ་རྡེག་ཚབས་ཆེན་སྣ་ཚོགས་ལ་ཁ་གཏད་བཅགས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་སྒྲིག་ལམ་སྲུང་སྐྱོང་དང་། རིམས་ནད་སྔོན་འགོག་ཚོད་འཛིན། དམངས་ཀྱི་དཀའ་ངལ་སེལ་བ། དཔལ་འབྱོར་སླར་གསོ་བཅས་བྱས་པས་གྲུབ་འབྲས་ངེས་ཅན་བླངས་ཡོད་པ་རེད། ཁྱད་པར་དུ་གླེང་དགོས་པ་ཞིག་ནི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་རྗེས། ཁྱེད་རང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། ཁྲིམས་ལྟར་གཏུམ་སྤྱོད་བཀག་འགོག་དང་ཟིང་ཆ་བཅོས་སྐྱོང་བྱས་ནས་ཞང་ཀང་སླར་ཡང་རྒྱུན་ལྡན་གྱི་ལམ་ཐོག་སྐྱོད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་དང་འབྲེལ་བའི་ཡིན་མིན་ཆེན་པོའི་གནད་དོན་ཐད་དུ། ཁྱེད་རང་གིས་ལངས་ཕྱོགས་བརྟན་པོ་བཟུང་བ་དང་འཁུར་ལེན་ཕོད་པ་དེས་རྒྱལ་གཅེས་ཀང་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་དང་ཞང་ཀང་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་མཚོན་ཡོད། ཀྲུང་དབྱང་གིས་ཁྱེད་རང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་རང་འགན་གཙང་སྒྲུབ་བྱས་པའི་རྣམ་འགྱུར་སྒོ་ཀུན་ནས་ཁས་ལེན་བྱས་པ་ཡིན། 

ཞང་ཀང་ཟིང་ཆ་ནས་བཅོས་སྐྱོང་བྱུང་བའི་དཀྱོག་མཚམས་གལ་ཆེན་འདི་ལས་གནས་ལུགས་ཟབ་མོ་ཞིག་སླར་ཡང་གསལ་པོ་བྱུང་བ་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་ན། ངེས་པར་དུ་“རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་ཤ་སྟག་རེད། འདི་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་འབྲེལ་བ་ཡོད་པ་དང་། ཞང་ཀང་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བའི་རྩ་བའི་རྩ་དོན་དང་འབྲེལ་བ་ཡོད། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་”བྱེད་ཐུབ་པ་བྱུང་ན་གཞི་ནས་ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་དོན་འཁྱོལ་ནུས་ལྡན་བྱེད་ཐུབ་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་རྩ་ཁྲིམས་ལམ་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱེད་ཐུབ་པ། གཏིང་ཟབ་པའི་གནད་དོན་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱེད་ཐུབ་པ། ཞང་ཀང་ཡུན་རིང་བདེ་འཁོད་ཡོང་ཐུབ་པར་མ་ཟད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་འོས་བབས་ཀྱི་བྱས་རྗེས་འཇོག་ཐུབ་པ་རེད། 

(2021ལོའི་ཟླ་1ཚེས་27ཉིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་ལིན་ཀྲེང་ཡུའེ་ཨེ་ཡི་2020ལོའི་ལས་བསྒྲུབས་སྙན་ཞུར་གསན་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས།) 

གཉིས། 

ལོ་གཅིག་གི་རིང་ལ་ཞང་ཀང་ཟིང་ཆ་ནས་བཅོས་སྐྱོང་བྱུང་བའི་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་བ་དང་། དུས་བབ་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ནས་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་བ་དང་། སྤྱི་ཚོགས་བརྟན་ལྷིང་མཐའ་འཁྱོངས་བྱུང་ཡོད། སྲིད་འཛིན་འགོ་དཔོན་ལིན་ཀྲེང་ཡུའེ་ཨེ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་འགོ་ཁྲིད་བྱས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་ཁྲིམས་འཛུགས་ལྟར་ཞང་ཀང་གི་འདེམས་བསྐོའི་ལམ་ལུགས་ལ་མ་ལག་རང་བཞིན་གྱི་བཟོ་བཅོས་བྱས་ཏེ་འཐུས་ཚང་དུ་བཏང་ཡོད། འདེམས་བསྐོའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དང་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམས་བསྐོ་བདེ་བླག་ངང་བྱས་ཏེ་ཞང་ཀང་གི་དངོས་ཡོད་གནས་ཚུལ་དང་མཐུན་པའི་དམངས་གཙོ་འཕེལ་རྒྱས་གཏོང་བའི་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་བཏང་ཡོད། ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་ལེན་མཐའ་གཅིག་ཏུ་བསྟར་ཞིང་། ཁྲིམས་ལྟར་གཏུམ་སྤྱོད་བཀག་འགོག་དང་ཟིང་ཆ་བཅོས་སྐྱོང་དང་། ཟིང་བཅོས་ཡོ་བསྲང་བྱས་ཏེ་ཁྲིམས་སྐྱོང་གི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱས་ཡོད། དགེ་མཚན་ལྡན་པའི་ཐབས་བཀོད་སྤྱད་དེ། དམིགས་བསལ་སྲིད་འཛིན་ཁུལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་དུ་འདྲེས་པར་སྐུལ་འདེད་བཏང་བ་དང་། ནང་ས་དང་སྤེལ་རེས་མཉམ་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་འགོ་དཔོན་ལིན་ཀྲེང་ཡུའེ་ཨེ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ལས་དོན་སྒོ་ཀུན་ནས་ཁས་ལེན་བྱས་པ་ཡིན། 

ཉིན་འགའི་གོང་ལ་ཞང་ཀང་གིས་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་འདེམས་བསྐོ་བྱས་པ་རེད། འདེམས་བསྐོའི་ལམ་ལུགས་གསར་པའི་འོག །སྔ་ཕྱིར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོ་དང་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་འདེམས་བསྐོ་བྱས་པ་ཚང་མ་ལམ་ལྷོང་བྱུང་ཡོད། རྒྱ་ཆེའི་སྤུན་ཟླ་ཞང་ཀང་བས་རང་ཁྱིམ་རང་བདག་བྱེད་པའི་དམངས་གཙོའི་ཁེ་དབང་མངོན་པར་མཚོན་ཞིང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བའི་”རྩ་དོན་དོན་འཁྱོལ་བྱུང་བ་དང་། སྤྱི་ཚོགས་ཀྱི་རིམ་གྲས་ཁག་དང་རིགས་ཁོངས་ཁག་རྒྱ་ཁྱབ་དང་དོ་མཉམ་ངང་ཞུགས་པའི་ཆབ་སྲིད་ཀྱི་བཀོད་པ་གཏན་འཁེལ་བྱུང་ཡོད། ལག་ལེན་ལས་ར་འཕྲོད་བྱུང་དོན། འདེམས་བསྐོའི་ལམ་ལུགས་གསར་པ་དེ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་དང་མཐུན་པ་དང་། ཞང་ཀང་གི་དངོས་ཡོད་གནས་ཚུལ་དང་མཐུན་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཞང་ཀང་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་པར་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་པས། དེ་ནི་ལམ་ལུགས་ཡག་པོ་ཞིག་རེད། 

ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཚིགས་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་བཞག་ཅིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ནི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་དེའི་ནང་བཀོད་ཡོད། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20ལྷག་རིང་གི་སྤྱིར་བཏང་ལས་འདས་པའི་ལོ་རྒྱུས་འགྲོ་ལམ་གྱིས་ར་སྤྲོད་གང་ལེགས་བྱས་གསལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལག་བསྟར་བྱས་ན་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་དང་། ཞང་ཀང་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་ལ། རྒྱ་ཆེའི་སྤུན་ཟླ་ཞང་ཀང་བའི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཐོགས་ཡོད་པ་རེད། ཀྲུང་དབྱང་གིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བྱ་རྒྱུ་ཡིན། ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་སྦྲགས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ཁྱད་འཕགས་རང་བཞིན་སྔར་བས་མངོན་སྲིད་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། རྒྱ་ཆེའི་སྤུན་ཟླ་ཞང་ཀང་བ་ཚོས་རྒྱལ་གཅེས་ཀང་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་ཐུབ་ངེས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལག་གདང་སྦྲེལ་བ་དང་དཔུང་པ་མཉམ་གཤིབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས། 

(2021ལོའི་ཟླ་12ཚེས་22ཉིན་པེ་ཅིན་དུ་ལས་བསྒྲུབས་སྙན་ཞུ་འབུལ་བར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་ལིན་ཀྲེང་ཡུའེ་ཨེ་དང་ཐུག་འཕྲད་གནང་སྐབས་ཀྱི་བཀའ་མོལ་གྱི་གནད་བསྡུས།) 

 

༄༅། །ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལྷོང་ལག་ལེན་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས།

(2021ལོའི་ཟླ་1ཚེས་27ཉིན་དང་ཟླ་12ཚེས་22ཉིན།) 

གཅིག །

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་ད་ཐེངས་བརྙན་ལམ་ནས་ཁྱེད་རང་གི་2020ལོའི་ལས་ཀའི་སྐོར་གྱི་ལས་བསྒྲུབས་སྙན་ཞུར་ཉན་པ་ཡིན། 2020ལོ་ནི་ཁྱེད་རང་དང་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་འགོ་བཙུགས་པའི་ལོ་ཡིན། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཁྱེད་ཚོས་ཁ་གཏད་འཕྲལ་འཇལ་བྱས་ཤིང་ཐབས་བཀོད་ནུས་ལྡན་སྤྱད་པས་དུས་ཚོད་ཅུང་ཐུང་ངུའི་ནང་དུ་རིམས་ནད་ཚོད་འཛིན་བྱས་པ་དང་། ད་ལྟའི་བར་བསྟུད་མར་ཉིན་300རིང་ལ་རང་སའི་གཏན་ཁེལ་ནད་དཔེ་གསར་འཕར་མ་བྱུང་བས། ཨའོ་མོན་གྱི་ཡུལ་མི་དང་འབྲེལ་ཡོད་ཕྱོགས་སོ་སོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས་སུ། ཁྱེད་ཚོས་བྱེད་ཐབས་ནུས་ལྡན་སྤྱད་དེ་དཔལ་འབྱོར་སླར་གསོ་དང་དམངས་ཀྱི་དཀའ་ངལ་སེལ་བར་དགེ་མཚན་ལྡན་པའི་ཕན་འབྲས་བླངས་པས། ཨའོ་མོན་གྱི་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་སྤེལ་བཏང་ཡོད། ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ལས་དོན་ལ་ཀྲུང་དབྱང་གིས་སྒོ་ཀུན་ནས་ཁས་ལེན་བྱས་པ་ཡིན། 

ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཨའོ་མོན་པའི་བསོད་བདེ་ལ་སེམས་ཁུར་དང་ཨའོ་མོན་གྱི་འཕེལ་རྒྱས་ལ་སེམས་ཁུར་བྱེད་བཞིན་ཡོད། ང་ཚོས་མུ་མཐུད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ཨའོ་མོན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་བྱེད་པར་རྒྱབ་སྐྱོར་དང་། ཨའོ་མོན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར། ཨའོ་མོན་གྱིས་དཔལ་འབྱོར་འོས་འཚམ་གྱིས་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར། ཨའོ་མོན་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་པར་རྒྱབ་སྐྱོར་བཅས་བྱས་ཏེ། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལྷོང་ལག་ལེན་དེ་རྒྱུན་ཆད་མེད་པར་གོང་དུ་སྤེལ་རྒྱུ་ཡིན། 

(2021ལོའི་ཟླ་1ཚེས་27ཉིན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་ཧོ་དབྱི་ཁྲེང་གི་2020ལོའི་ལས་བསྒྲུབས་སྙན་ཞུར་གསན་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས།) 

གཉིས། 

ཟླ་12ཚེས་20ཉིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱིས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་22འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། གོ་སྐབས་འདི་དང་བསྟུན་ནས་རྒྱ་ཆེའི་སྤུན་ཟླ་ཨའོ་མོན་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་རྒྱུ་ཡིན། 

ལོ་གཅིག་གི་རིང་ལ་ཨའོ་མོན་གྱིས་བརྟན་བརླིང་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མཐའ་འཁྱོངས་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱས་ཏེ། འབད་བརྩོན་གྱིས་“འགུལ་རྣམ་གཙང་སེལ་”བྱས་པ་དང་། ནང་སར་མི་སྣ་རྒྱུན་ལྡན་བཞིན་འགྲོ་འོང་ཐུབ་ཡོད། ཨའོ་མོན་གྱི་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་བ་དང་། དཀའ་ངལ་ཡོད་པའི་མི་ཚོགས་དང་ཁེ་ལས་ཆུང་ཕྲ་ལ་རོགས་སྐྱོར་ཐོབ་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་སོང་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་སྐབས་བདུན་པའི་འདེམས་བསྐོ་བདེ་བླག་ངང་ཡོངས་འགྲུབ་བྱུང་བ་དང་། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི་”རྩ་དོན་དོན་འཁྱོལ་སྔར་ལས་ལྷག་པ་བྱུང་ཡོད། ཀྲུང་དབྱང་གིས་《ཧེང་ཆིན་ཀོང་ཏུང་ཨའོ་མོན་གསུམ་གྱི་མཉམ་ལས་གཏིང་ཟབ་ཁུལ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི་》ཁྱབ་བསྒྲགས་བྱས་ཏེ་ལག་ལེན་བསྟར་བ་དང་། ཨའོ་མོན་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་པར་གོམ་པ་གསར་པ་སྤོས་ཡོད། ཀྲུང་དབྱང་གིས་སྲིད་འཛིན་འགོ་དཔོན་ཧོ་དབྱི་ཁྲེང་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་ལས་དོན་སྒོ་ཀུན་ནས་ཁས་ལེན་བྱས་པ་ཡིན། 

ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མུ་མཐུད་དུ་མཆེད་པས་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་རེད། ད་རེས་བྱུང་བའི་རིམས་ནད་འདི་བརྒྱུད་དེ། ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་ཨའོ་མོན་གྱི་དཔལ་འབྱོར་གྲུབ་ཚུལ་ཐད་གནས་པའི་གནད་དོན་ལ་ངོས་འཛིན་སྔར་ལས་གསལ་པོ་བྱུང་བ་དང་། ཨའོ་མོན་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ལ་བསམ་གཞིགས་སྔར་ལས་གཏིང་ཟབ་བཏང་ཡོད། མེས་རྒྱལ་ནི་ཐོག་མཐའ་བར་གསུམ་དུ་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བའི་སྟོབས་དང་ལྡན་པའི་རྒྱབ་རྟེན་ཡིན། ཀྲུང་དབྱང་གིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཨའོ་མོན་གྱིས་དཔལ་འབྱོར་འོས་འཚམ་གྱིས་སྣ་མང་ཅན་དུ་འཕེལ་རྒྱས་ཧུར་ཐག་གཏོང་བར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལྷོང་ལག་ལེན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ཡིན། 

(2021ལོའི་ཟླ་12ཚེས་22ཉིན་པེ་ཅིན་དུ་ལས་བསྒྲུབས་སྙན་ཞུ་འབུལ་བར་ཡོང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་ཧོ་དབྱི་ཁྲེང་ལ་ཐུག་འཕྲད་གནང་སྐབས་ཀྱི་བཀའ་མོལ་གྱི་གནད་བསྡུས།) 

 

༄༅། །མེས་རྒྱལ་ཡོངས་སུ་གཅིག་གྱུར་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་གཟི་བརྗིད་ལྡན་པའི་བྱ་གཞག་ཆེན་པོ་མཉམ་དུ་སྐྲུན་དགོས།

(2021ལོའི་ཟླ་10ཚེས་9ཉིན།) 

སྐུ་ཞབས་སུན་ཀྲུང་ཧྲན་གྱིས་“‘གཅིག་གྱུར་’ནི་ཀྲུང་གོའི་རྒྱལ་དམངས་ཡོངས་ཀྱི་རེ་བ་རེད། གཅིག་གྱུར་བྱུང་ཚེ་རྒྱལ་ཡོངས་མི་དམངས་ལ་བདེ་སྐྱིད་འབྱུང་ཞིང་། གཅིག་གྱུར་མ་བྱུང་ཚེ་གནོད་འཚེ་མྱོང་དགོས་པ་རེད།”[1] ཅེས་གསུངས་མྱོང་། ཐའེ་ཝན་གྱི་གནད་དོན་ནི་མི་རིགས་ཉམས་ཆག་དང་ཟང་ཟིང་ལས་བྱུང་བ་ཞིག་ཡིན་པས། མི་རིགས་བསྐྱར་དར་བྱུང་བ་དང་སྦྲགས་ནས་ཐག་ཆོད་ངེས་རེད། འདི་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོས་ཐག་བཅད་པ་ཡིན་ལ། དེ་བས་ཀྱང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདོད་བློ་ཡིན། དེ་ཡང་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་“འཛམ་གླིང་གི་འཕེལ་ཕྱོགས་རྔམ་རྔམ་བརྗིད་བརྗིད་རེད། དེ་དང་བསྟུན་ཤེས་ན་དར་ཞིང་རྒྱབ་འགལ་བྱས་ན་འཇིག་གི་རེད་”[2]ཅེས་གསུངས་པ་ནང་བཞིན་རེད། 

ཞི་བའི་ཐབས་ལ་བརྟེན་ནས་མེས་རྒྱལ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་སྤུན་ཟླ་ཐའེ་ཝན་པ་དང་བཅས་པའི་ཀྲུང་ཧྭ་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་དང་མཐུན་ཤོས་ཡིན། ང་ཚོས་“ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་གོ་གཅིག་གི་རྩ་དོན་དང་“གོ་གཉིས་ངོས་འཛིན་གཅིག་མཐུན་”རྒྱུན་འཁྱོངས་བྱས་ཏེ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ནས་མེས་རྒྱལ་ཡོངས་སུ་གཅིག་གྱུར་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་གཟི་བརྗིད་ལྡན་པའི་བྱ་གཞག་ཆེན་པོ་མཉམ་དུ་བསྐྲུན་དགོས། 

ཀྲུང་ཧྭ་མི་རིགས་ནི་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་མཁན་ཞིག་ཡིན། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་ནི་མེས་རྒྱལ་གཅིག་གྱུར་ཡོང་བའི་འགོག་རྐྱེན་ཆེ་ཤོས་ཡིན་ལ། མི་རིགས་བསྐྱར་དར་ཡོང་བའི་བག་ཉལ་འགལ་རྐྱེན་ཚབས་ཆེན་ཡང་ཡིན། རང་རྒྱུད་བརྗེད་མཁན་དང་། མེས་རྒྱལ་ལ་ངོ་ལོག་བྱེད་མཁན། རྒྱལ་ཁབ་ཁ་ཕྲལ་གཏོང་མཁན་ཡོད་ཚད་ལ་མཇུག་འབྲས་ཡག་པོ་ཞིག་ནམ་ཡང་བྱུང་མྱོང་མེད་ལ། མི་དམངས་ཀྱིས་མཆིལ་མ་ལྟར་འདོར་ངེས་ཡིན་ཞིང་ལོ་རྒྱུས་ཀྱིས་ཁྲིམས་ཐག་གཅོད་ངེས་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་འབའ་ཞིག་ཡིན་པས། ཕྱིའི་སྟོབས་ཤུགས་གང་གིས་ཀྱང་ཇུས་གཏོགས་བྱས་མི་ཆོག །མི་སུ་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་སྣང་ཆུང་མ་བྱེད་ཅིག །མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ངེས་པར་དུ་མངོན་འགྱུར་བྱེད་དགོས་ལ། མངོན་འགྱུར་བྱེད་ཐུབ་ངེས་ཀྱང་ཡིན། 

མཆན་འགྲེལ། 

[1] སུན་ཀྲུང་ཧྲན་གྱི་《ལྗར་པན་གྱི་གསར་འགོད་པ་དང་བཀའ་མོལ་བྱས་པ་》(《སུན་ཀྲུང་ཧྲན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》དེབ་8པ། མི་དམངས་དཔེ་སྐྲུན་ཁང་གི་2015ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་730པ།)ཞེས་པར་གསལ། 

[2] སུན་ཀྲུང་ཧྲན་གྱི་《ཕྱག་བྲིས་》(《སུན་ཀྲུང་ཧྲན་གྱི་གསུང་འབུམ་》དེབ་15པ། མི་དམངས་དཔེ་སྐྲུན་ཁང་གི་2015ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་120པ།)ཞེས་པར་གསལ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།