བཅུ་དྲུག་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་དགོས།  སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་བདེ་འཇགས་ཆེན་པོའི་བཀོད་པ་སྐྲུན་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

བཅུ་དྲུག་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་དགོས། 

༄༅། །སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་བདེ་འཇགས་ཆེན་པོའི་བཀོད་པ་སྐྲུན་དགོས།

(2020ལོའི་ཟླ་12ཚེས་11ཉིན།) 

རྒྱལ་ཁབ་བདེ་འཇགས་ལས་དོན་ནི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་དོན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁམས་བདེ་ལ་མི་དམངས་སྐྱིད་པ་འགན་སྲུང་བྱེད་པའི་ལས་དོན་ཧ་ཅང་གལ་ཆེན་ཞིག་ཀྱང་ཡིན། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས་ན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་བཟང་དུས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཉིད་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་དང་མཉམ་དུ་བཀོད་ཇུས་གཏོང་དགོས་ལ་མཉམ་དུ་བཀོད་སྒྲིག་བྱེད་དགོས། མ་ལག་གི་བསམ་གཞིགས་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཆེན་པོའི་བཀོད་པ་སྐྲུན་པ། རྒྱལ་སྤྱིའི་བདེ་འཇགས་དང་འཛམ་གླིང་ཞི་བདེ་ཡོང་བར་སྐུལ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། 

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་《གྲོས་གཞི་》ལས་ཐེངས་དང་པོར་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་དེ་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་སློབ་སྟོན་བསམ་བློའི་ནང་དུ་བཅུག་པར་མ་ཟད། ཆེད་དོན་ལེ་ཚན་བཀོད་དེ་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་འདི་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་གོ་གནས་གལ་ཆེན་གཙིགས་ཆེར་བཏོན་ཡོད། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཕྱོགས་དང་རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་དུས་བབ་དང་ལས་འགན་གྱིས་ཐག་བཅད་པ་ཞིག་རེད། 

ང་ཚོའི་ཏང་ནི་ཕྱི་ནང་ཉམས་ཉེས་དང་མི་རིགས་འཇིག་ཉེན་ཆེ་བའི་དུས་སྐབས་སུ་དབུ་བརྙེས་པས། རྒྱལ་ཁབ་བདེ་འཇགས་ཀྱི་གལ་ཆེ་ཚུལ་ཐད་དུ་རྡོ་ལ་རི་མོ་བརྐོས་པ་ལྟ་བུའི་ངོས་ཟིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ལས་དོན་དམ་འཛིན་རྣལ་མ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་དུ་བཅུག་ནས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རྒྱལ་ཁབ་བདེ་འཇགས་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཞིག་བྱས་པ་དང་། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ། ཁྱབ་ཁོངས་གལ་ཆེན་ཁག་གི་རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་བ། རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དུ་བཏང་བ་བཅས་ཀྱི་ཐོག་ནས་ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པར་ཁ་གཏད་ནུས་ལྡན་བཅགས་པས། རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་རྒྱུ་འཛིན་སྐྱོང་བྱས་ཡོད། 

ངས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པར་བླང་བྱ་10འདོན་རྒྱུ་ཡིན། གཅིག་ནི་ཏང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གཅིག་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་དེ་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་ནས་ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་རྒྱལ་ཁབ་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་བཅས་གཞི་གཅིག་ཏུ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མི་དམངས་ཀྱི་བདེ་འཇགས་དགོངས་དོན་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་འཛིན་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་དང་། བདེ་འཇགས་ཐད་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། གསུམ་ནི་མི་དམངས་ཀྱི་བདེ་འཇགས་དགོངས་དོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ནི་ཡོད་ཚད་མི་དམངས་ཀྱི་དོན་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྒོ་ཀུན་ནས་འདོན་སྤེལ་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་རང་བཞིན་གྱི་སྟོབས་ཤུགས་སུ་བརྩིས་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས། བཞི་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གལ་ཆེན་དུ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་སྐུལ་རེས་བཟང་པོ་མངོན་འགྱུར་བྱེད་དགོས། འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ཀྱི་སྟོབས་ཤུགས་མཐོར་འདེགས་གཏོང་དགོས་པར་མ་ཟད། རྒྱལ་ཁབ་བདེ་འཇགས་ཀྱི་བསམ་ཕྱོགས་དང་། སྒྲིག་སྲོལ། ཐབས་ཤེས་བཅས་གསར་གཏོད་བྱེད་པར་བརྟེན་ནས་སྐུལ་འདེད་གཏིང་ཟབ་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕན་པའི་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པ་དང་། འཕེལ་རྒྱས་གཏོང་རིང་བདེ་འཇགས་ཀྱི་རྒྱུ་རྐྱེན་ལ་བསམ་བློ་སྔར་ལས་མང་བ་གཏོང་བ་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་འགུལ་རྣམ་དོ་མཉམ་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ཏེ། ཕྱོགས་ཡོངས་ནས་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ལྔ་ནི་ཆབ་སྲིད་ཀྱི་བདེ་འཇགས་དེ་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ནས་ཕྱོགས་སོ་སོའི་ལས་དོན་དེ་བས་ཧུར་ཐག་དང་རང་འགུལ་ངང་ཡག་པོར་སྒྲུབ་དགོས། དྲུག་ནི་ཁྱབ་ཁོངས་ཁག་གི་བདེ་འཇགས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་གཅིག་འདོམས་ཀྱིས་ཁ་གཏད་འཇལ་དགོས་པ་དང་། རྒྱལ་ཁབ་བདེ་འཇགས་ལས་ཀའི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་ཀྱི་སྲིད་ཇུས་ཡོ་བྱད་སྒམ་ཆུང་བེད་སྤྱོད་ཡག་པོ་བྱེད་དགོས། བདུན་ནི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་དེ་གལ་ཆེའི་གོ་གནས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁ་སྔོན་ཚོད་དང་སྔོན་དཔག་བྱེད་ནུས་ཆེ་རུ་བཏང་ནས་ཉེན་ཁ་ཚབས་ཆེན་ཐོན་སྲིད་པའི་བག་ཉལ་འགལ་རྐྱེན་ཐོན་མ་ཐག་ཏུ་ཤེས་རྟོགས་དང་ཐག་གཅོད་གང་ནུས་བྱེད་དགོས། བརྒྱད་ནི་རྒྱལ་སྤྱིའི་ཐུན་མོང་བདེ་འཇགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་ལས་དང་། གསར་གཏོད། ཁྲིམས་སྐྱོང་། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་བདེ་འཇགས་ལྟ་བ་སྐྱེད་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་ཤུགས་རྒྱག་པ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་དགོས། དགུ་ནི་རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། བསྒྱུར་བཅོས་དང་གསར་གཏོད་སྒུལ་ཤུགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་བསམ་གཞིགས་ཆེ་རུ་གཏོང་བ་དང་། མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་གོ་འཕེར་ཡིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལམ་ལུགས་མ་ལག་འཛུགས་པ་དང་། ཚན་རིག་ལག་རྩལ་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་འཕེལ་སོ་བཞེངས་སྐྲུན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། བཅུ་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་འཐབ་ཕྱོགས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞོམ་གཞིག་མེད་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། 

 

༄༅། །རྒྱལ་ཁབ་ཀྱི་འཕེལ་རྒྱས་དེ་སྔར་བས་བདེ་འཇགས་དང་སྔར་བས་བློས་འཁེལ་བའི་རྨང་གཞིའི་ཐོག་འཛུགས་དགོས།

(2020ལོའི་ཟླ་12ཚེས་16ཉིན།) 

རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་འདོམས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་འདོམས་བྱེད་པའི་ལག་ལེན་གྱི་ནང་དུ། ང་ཚོས་འགྲན་སློང་དྲག་པོའི་འོག་དཔལ་འབྱོར་ལས་དོན་ཡག་པོར་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་གཏིང་ཟབ་ཏུ་བཏང་ཡོད། 

གཅིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་ནི་ཉེན་ཁར་ཕྲད་དུས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པའི་རྩ་བའི་རྒྱབ་རྟེན་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། རང་རྒྱལ་གྱི་གཞི་རྩའི་རྒྱལ་ཁབ་གནས་ཚུལ་གྱིས་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་དང་། མདུན་དུ་སྐྱོད་པའི་འགྲོ་ལམ་གྱི་གེགས་བར་ཆེན་པོར་ཁ་གཏད་འཇལ་བར་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་བྱེད་དགོས་པ་ཐག་བཅད་ཡོད། དེ་ཡང་ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་དང་ཉམས་སད་གལ་ཆེན་གྱི་མདུན་དུ། འགོ་ཁྲིད་ནུས་པ་ནི་ཆེས་འགག་རྩའི་ཆ་རྐྱེན་ཞིག་ཡིན་པ་དང་། ཏང་ཀྲུང་དབྱང་གི་བརྡར་ཤ་གཅོད་ནུས་དང་། ཇུས་ཐག་གཅོད་ནུས། བྱ་སྤྱོད་སྤེལ་ནུས་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་ལག་ལེན་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་། མི་དམངས་ཡོངས་རྫོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བཅས་བྱས་ན། ང་ཚོ་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ཅིང་། རླུང་བརྟེན་རླབས་གཤག་གིས་ཞུམ་པ་མེད་པར་མདུན་དུ་བསྐྱོད་ཐུབ་ངེས་ཡིན། 

གཉིས་ནི་མི་དམངས་བླ་ན་མེད་པར་འཛིན་པ་ནི་གདམ་ག་ཡང་དག་པ་བྱེད་པའི་རྩ་བའི་སྔོན་འགྲོ་ཡིན། ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉམས་ཉེན་ཆེན་པོར་ཁ་གཏད་འཇལ་བར་ལངས་ཕྱོགས་ཀྱིས་ཁ་ཕྱོགས་གཏན་འཁེལ་བྱེད་ལ་བྱ་སྤྱོད་ཀྱི་འགོ་རྔའང་གཏན་འཁེལ་བྱེད་པ་རེད། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་དོན་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། རིམས་ནད་ཆེན་པོའི་མདུན་དུ་ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་ལ་རིམས་ནད་ཚོད་འཛིན་དང་། དེ་ནས་ས་ཁུལ་ཁ་ཤས་སུ་ལས་འགོ་བསྐྱར་འཛུགས་བྱེད་པ། དེའི་རྗེས་ཕྱོགས་ཡོངས་སུ་ལས་འགོ་བསྐྱར་འཛུགས་བྱེད་པ་བཅས་ཀྱི་ཐབས་ལམ་ཡག་ཤོས་གཏན་འཁེལ་བྱས་ཡོད། དེ་ཡང་སེམས་སུ་ཐོག་མཐའ་བར་གསུམ་དུ་མི་དམངས་བཅངས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་དེ་གོ་གནས་མཐོ་ཤོས་སུ་བཞག་པ་ཡིན་ན། ང་ཚོས་ཇུས་ཐག་ཡང་དག་གཅོད་ཐུབ་པར་མ་ཟད། མི་དམངས་ལ་བརྟེན་ནས་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་ལག་ལེན་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། 

གསུམ་ནི་ལམ་ལུགས་ཀྱི་བཟང་ཆ་ནི་རྐྱེན་ངན་མཉམ་སེལ་གྱི་སྟོབས་ཤུགས་ཆེན་པོ་ཆགས་པའི་རྩ་བའི་འགན་སྲུང་ཡིན། གོང་འོག་བློ་ཁ་མཐུན་ན་ལམ་ལྷོང་ཡོང་། གནོད་འཚེ་ཆེན་པོ་དང་གོད་ཆག་ཆེན་པོའི་མདུན་དུ། ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ཞུམ་མེད་བབ་བརླིང་གི་སྒོ་ནས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་བཟང་ཆ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅིང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ཁྱབ་ཁོངས་སོ་སོ། ཕྱོགས་སོ་སོ་བཅས་ཀྱི་སྟོབས་ཤུགས་མཉམ་སྡེབ་ཀྱིས་སྐུལ་སློང་བྱས་ནས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་བསྒྲིལ་ཤུགས་ཆེན་པོ་བསྡུས་ཡོད། དེ་ཡང་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་བ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་བཟང་ཆ་རྒྱུན་འཁྱོངས་བྱས་ན། ང་ཚོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱེད་ཐུབ་ངེས་ཡིན་པ་ལག་ལེན་ཐོག་ནས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། 

བཞི་ནི་ཚན་རིག་དང་མཐུན་པར་ཇུས་གཞི་གཅོད་པ་དང་གསར་གཏོད་རང་བཞིན་གྱིས་ཁ་གཏད་འཇལ་བ་ནི་ཉེན་ཁ་གོ་སྐབས་སུ་སྒྱུར་བའི་རྩ་བའི་ཐབས་ཤེས་ཡིན། སྤྱིར་བཏང་མ་ཡིན་པའི་དཀའ་ངལ་ལ་ཁ་གཏད་འཇལ་བར་ངེས་པར་དུ་སྤྱིར་བཏང་མ་ཡིན་པའི་ཐབས་ཇུས་ཡོད་དགོས། ཐེངས་འདིའི་ཕོག་ཐུག་ནི་1929ལོའི་འཛམ་གླིང་དཔལ་འབྱོར་ཉམས་ཉེན་ཆེན་པོ་དང་མི་འདྲ་བར་མ་ཟད། 2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་དང་ཡང་མི་འདྲ་སྟེ། འདོན་སྤྲོད་ཆད་པ་དང་། དགོས་མཁོ་ཆུང་དུ་འགྲོ་བ་གཉིས་དུས་གཅིག་ཏུ་བྱུང་བས་སྔར་བྱུང་མྱོང་མེད་པའི་འགྲན་སློང་ཞིག་རེད། ང་ཚོས་འཐབ་ཇུས་ཇུས་འགོད་དང་འཐབ་རྩལ་བཀོལ་སྤྱོད་ཟུང་འབྲེལ་འཕེར་པོ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་མཉམ་སྤྱོད། མཁོ་སྤྲོད་དང་དགོས་མཁོར་དུས་མཉམ་དུ་ཤུགས་འདོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཐོན་ལས་མ་ལག་ཆ་ཚང་བའི་བཟང་ཆ་འདོན་སྤེལ་དང་། དངོས་ཟོག་འདོན་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་འཁོར་ལས་བརྒལ་བའི་ཇུས་འགོད་དང་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་ལག་བསྟར་བྱས་ནས་འོས་མཐུན་གྱི་རིན་དོད་ཐོག་ནས་གྲུབ་འབྲས་ཆེ་ཤོས་བླངས་ཡོད། དེ་ཡང་འགྱུར་ལྡོག་གསལ་བོར་ཤེས་པ་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་བཅས་བྱེད་པ་དང་། ཇུས་ཐག་གཅོད་དུས་བློ་གདེང་ཡོད་པ་དང་དོན་འཁྱོལ་བྱེད་དུས་བཀོད་འདོམས་མ་ནོར་བ་བྱས་ན། ང་ཚོས་ཉེན་ཁ་ཆེན་པོར་འགོག་རྒོལ་བྱེད་རིང་གོ་སྐབས་ཆེན་པོ་བསྐྲུན་ནས་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་ངེས་ཡིན་པ་ལག་ལེན་ཐོག་ནས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། 

ལྔ་ནི་ཚན་རྩལ་རང་ཚུགས་རང་དར་བྱེད་པ་ནི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་རྩ་བའི་འདེགས་སྐྱོར་ཡིན། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། ཕྱི་ཕྱོགས་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་གནོན་ཤུགས་ཕྱིར་ཟློག་བཅས་བྱེད་པའི་འཕེལ་རིམ་ནང་དུ། ང་ཚོས་ཚན་རྩལ་གྱི་ནུས་པ་གནད་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ནད་གདོན་འགོག་བཅོས་བྱས་ཏེ་བཏུལ་བ་དང་། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་བྱས་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་འཁོར་སྐྱོད་ཡོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། “སྐེ་བཙིར་བའི་”འགག་རྩ་དང་སྲོག་ཤིང་གི་ལག་རྩལ་གང་མགྱོགས་ཐོད་བརྒལ་བྱས་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་བདེ་འཇགས་ཡོང་བར་འགན་ལེན་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཡོད། དེ་ཡང་ཚན་རིག་གི་སྙིང་སྟོབས་འཛིན་པ་དང་། ཚན་རིག་གི་ཆོས་ཉིད་ངེས་པ། རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ན། ང་ཚོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དེ་སྔར་བས་བདེ་འཇགས་དང་སྔར་བས་བློས་འཁེལ་བའི་རྨང་གཞིའི་ཐོག་འཛུགས་ཐུབ་ངེས་ཡིན་པ་ལག་ལེན་ལས་ཡང་བསྐྱར་ར་སྤྲོད་བྱུང་ཡོད། 

 

༄༅། །འབྲུ་རིགས་བདེ་འཇགས་ཀྱི་རང་དབང་དམ་པོར་འཛིན་དགོས། 

(2020ལོའི་ཟླ་12ཚེས་28ཉིན།) 

“འབྲུ་རིགས་སྣ་ལྔ་ནི་དམངས་ཀྱི་འཚོ་རྟེན་ཡིན་ལ། རྒྱལ་ཁབ་ཀྱི་མཆོག་གི་ནོར་བུ་ཡིན།”[1] འབྲུ་རིགས་ཅུང་ཙམ་མང་བའམ་ཅུང་ཙམ་ཉུང་བ་ནི་འཐབ་རྩལ་གྱི་གནད་དོན་ཡིན་ལ། འབྲུ་རིགས་བདེ་འཇགས་ནི་འཐབ་ཇུས་ཀྱི་གནད་དོན་ཡིན་ཞེས་ངས་ནན་བཤད་ཡང་ཡང་བྱས་ཡོད། ད་ལོ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་བའི་ཐད་དུ་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གལ་ཆེན་འདོན་སྤྲོད་འདང་ངེས་ཡོད་པ་དེས་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད་ཅིང་། དེའི་ཐོག་ནས་གནད་དེ་ར་སྤྲོད་ཡང་དག་བྱུང་ཡོད། 

རང་རྒྱལ་གྱི་འབྲུ་རིགས་སྤྲོད་མཁོ་དོ་མཉམ་ཟླ་གཏུགས་པོ་ཡིན་པའི་རྣམ་པར་འགྱུར་ལྡོག་བྱུང་མེད་ཅིང་། གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཐག་གཅོད་བྱེད་འགོ་ཚུགས་མ་ཐག་ཡིན་ལ། བསྡོམས་འབོར་མི་འདང་བའི་གནད་དོན་ཡང་བསྐྱར་འབུར་དུ་ཐོན་ཡོད། སླད་ཕྱིན་དུས་སྐབས་ཤིག་རིང་འབྲུ་རིགས་ཀྱི་དགོས་མཁོ་ད་དུང་མུ་མཐུད་འཕར་སྣོན་འགྲོ་རྒྱུ་ཡིན་པ་དང་། སྤྲོད་མཁོ་དོ་མཉམ་ཟླ་གཏུགས་ཚད་དེ་ཤུགས་ཇེ་ཆེ་ཇེ་ཆེར་འགྲོ་རྒྱུ་རེད་ལ། དེའི་ཁར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་རྒྱུད་སྐུད་འདི་ཐོག་མཐའ་བར་གསུམ་དུ་ཧ་ཅང་དམ་པོར་འཛིན་དགོས་ཤིང་། ཐོན་སྐྱེད་མང་ཙམ་དང་གསོག་འཇོག་མང་ཙམ་བྱས་ན་བཟང་ལ། མང་བའི་གནོན་ཤུགས་དང་མི་འདང་བའི་གནོན་ཤུགས་ནི་བསྡུར་ཐབས་མེད་པ་ཞིག་རེད། འབྲུ་རིགས་ཐོན་སྐྱེད་ལོ་ལྟར་དམ་འཛིན་བྱས་ཏེ། རྒྱ་ཁྱོན་དང་ཐོན་ཚད་མར་ཆག་ཏུ་འཇུག་མི་རུང་ལ། འདོན་སྤྲོད་དང་ཚོང་རར་གནད་དོན་འབྱུང་མི་རུང་། 

“དམངས་ནི་འབྲུ་ལ་བསྟེན། །འབྲུ་ནི་ས་ལས་སྐྱེས། །”[2]རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན། དེ་སྔ་2013ལོར། ངས་དོམ་ཁྲར་སྲུང་སྐྱོབ་བྱེད་པ་ལྟར་རྨོ་ཞིང་སྲུང་སྐྱོབ་བྱེད་དགོས་པ་དང་། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་དམ་པོར་བསྲུང་དགོས་ཞེས་བཤད་མྱོང་། ལོ་འདི་དག་གི་རིང་ལ་ངས་སྔ་རྗེས་སུ་སྤྱིལ་ཁང་ཆེ་བ་དང་། ཁྲིམས་འགལ་དུ་བརྒྱབ་པའི་གཞིས་བྲང་། རྨོ་ཞིང་གང་བྱུང་དུ་སྤྱད་དེ་ཁང་པ་སྐྲུན་པ་བཅས་གཙང་བཤེར་དག་ཐེར་དང་། རྨོ་ཞིང་“ཞིང་ལས་མིན་པར་སྒྱུར་བ་”གཏན་འགོག་བྱེད་པ། “འབྲུ་རིགས་མིན་པར་སྒྱུར་བ་”སྔོན་འགོག་སོགས་ལ་བླང་བྱ་བཏོན་ཞིང་། འབྲེལ་ཡོད་སྡེ་ཁག་གིས་སྡེབ་སྒྲིག་སྲིད་ཇུས་ཆ་ཚང་ཞིག་ལག་བསྟར་བྱས་པ་རེད། འོན་ཀྱང་རྨོ་ཞིང་བཙན་བཟུང་བྱེད་པའི་བྱ་སྤྱོད་བཀག་སྡོམ་ཡང་ཡང་བྱས་ཀྱང་འགོག་ཐུབ་མེད་དེ། དཔེར་ན་ས་ཁུལ་ལ་ལར་རྒྱ་ཆེན་པོའི་ངང་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་ནས་ལྗང་སྒྱུར་ནགས་སྐྲུན་བྱས་ཤིང་མཚེའུ་བསྔོགས་ནས་མཛེས་ལྗོངས་བཟོས་པ་དང་། ས་ཁུལ་འགའ་ཞིག་ཏུ་གཞུང་ལམ་དང་། ལྕགས་ལམ། ཆུ་ཡུར་བཅས་ཀྱི་འགྲམ་གཉིས་སུ་ས་ཞིང་བཟུང་སྤྱོད་བྱས་ནས་ཞེང་ལ་སྨི་བཅུ་ཕྲག་ཁ་ཤས་དང་ཐ་ན་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པའི་ལྗང་སྒྱུར་ཁུལ་འཛུགས་སྐྲུན་བྱས་འདུག་པ་ལྟ་བུ་རེད། ང་ཚོར་ས་ཞིང་མང་པོ་ཞིག་ཡོད་ནའང་། མི་འབོར་དུང་ཕྱུར་14ཡི་དགོས་མཁོ་དང་བསྡུར་ན་དེ་ནི་ཐོན་ཁུངས་དཀོན་པོའི་རིགས་ཡིན། གྲོང་ཁྱེར་འཛུགས་སྐྲུན་དང་། བཟོ་ལས་འཛུགས་གཉེར། སྐྱེ་ཁམས་སྲུང་སྐྱོབ་བཅས་ཚང་མར་ས་ཆ་སྤྱོད་དགོས་པས། ངེས་པར་དུ་ཞིབ་རྩིས་བརྒྱབ་ནས་འགོ་མ་གང་བྱེད་ཀྱི་གོ་རིམ་སྒྲིག་དགོས་པ་ལས། རྨོ་ཞིང་བཟུང་སྤྱོད་དང་རང་བྱུང་གི་ཆོས་ཉིད་དང་འགལ་ནས་ནགས་སྐྲུན་ལྗང་སྒྱུར་གཏན་ནས་བྱེད་མི་རུང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གི་ད་ལྟ་ཡོད་པའི་འབྲུ་རིགས་ཐོན་སྐྱེད་ལ་སྤྱོད་པའི་རྨོ་ཞིང་ངེས་པར་དུ་འགན་སྲུང་བྱེད་དགོས་པ་ལས་ཇེ་ཉུང་དུ་གཏོང་མི་རུང་། རྨོ་ཞིང་སྲུང་སྐྱོབ་བྱེད་པར་གྲངས་ཚད་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། ད་དུང་སྤུས་ཚད་མཐོ་རུ་གཏོང་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་ནི་འཛིན་བྱེད་གལ་ཆེན་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ཀྱིས་དམ་འཛིན་བྱེད་པ་དང་། འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་བཏང་སྟེ་དངོས་གནས་ཐན་ཞོད་ཁྱད་མེད་དུ་ལོ་འབྲས་བསྡུ་རྒྱུ་ཡོད་པ་དང་ཐོན་འབབ་མཐོ་ཞིང་བརྟན་པོ་ཡོང་བར་བྱེད་དགོས། སེམས་ཐག་འདི་ངེས་པར་དུ་གཅོད་དགོས་ཤིང་གཏོང་འོས་པའི་མ་དངུལ་ངེས་པར་དུ་གཏོང་དགོས། ས་ནག་སྲུང་སྐྱོབ་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་འཛིན་པ་དང་། ས་ནག་བེད་སྤྱོད་ཡག་པོ་དང་གསོ་སྐྱོང་ཡག་པོ་བྱེད་དགོས། “སོ་སྐྱེས་ཡོད་པ་”ལྟ་བུའི་ཐབས་བཀོད་བཙན་པོ་སྤྱད་དེ་ཆེས་གཟབ་ནན་གྱི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་དགོས། བཀའ་ཡོད་ཀྱང་མི་བསྒྲུབ་པ་དང་། བཀག་སྡོམ་བྱས་ཀྱང་མཚམས་མི་འཇོག་པ། འགན་ཤོར་ལས་འཛོལ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་ཚ་ནན་གཏོང་དགོས། 

རྨོ་ཞིང་ནི་དེ་ག་ཙམ་རང་ལས་མེད་པས་ཐོན་འབབ་བརྟན་པོ་དང་འཕར་སྣོན་ཡོང་བའི་གཞི་རྩའི་ཐབས་ལམ་ནི་ཚན་རྩལ་ལ་ཐུག་ཡོད། སྐྱེ་དངོས་ལག་རྩལ་དང་ཆ་འཕྲིན་ལག་རྩལ་ཁྱད་ཆོས་སུ་གྱུར་པའི་རེབ་གསར་པའི་ཞིང་ལས་ཚན་རྩལ་གསར་བརྗེར་ཐོད་བརྒལ་ཆེན་པོ་འབྱུང་གྲབས་ཡོད་པ་དང་། རྒྱལ་ཁབ་ཁག་ཚང་མས་བཙན་ས་ཧབ་འཛིན་བྱེད་བཞིན་ཡོད། ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་ང་ཚོ་གཏན་ནས་རྗེས་སུ་ལུས་མི་རུང་། ཞིང་ལས་ཚན་རྩལ་རང་ཚུགས་རང་དར་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཞིང་ལས་ཀྱི་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ངས་བསམ་བློ་ཡང་ཡང་བཏང་མཐར་དོན་དག་ཅིག་ངེས་པར་དུ་ཁ་གསལ་བྱེད་དགོས་དྲན་པ་ནི་ཞིང་ལས་དེང་རབས་ཅན་དུ་སྒྱུར་དགོས་ན་ས་བོན་ནི་རྨང་གཞི་ཡིན་པ་དེ་རེད། ངས་ཐེངས་འདིའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནད་དོན་འདི་དམིགས་སུ་བཀར་ནས་ནན་བཤད་བྱས་པ་ཡིན། སྒྲིག་ཆས་དང་ཆ་རྐྱེན་ཅི་འདྲ་འཛོམས་རུང་། ས་བོན་བཟང་པོ་ཞིག་མེད་ན་ཞིང་ལས་དེང་རབས་ཅན་མངོན་འགྱུར་བྱེད་ཁག་པོ་རེད། སྲན་ཆེན་སོགས་ཀྱི་ས་བོན་གྱི་གནད་དོན་ལོ་མང་རིང་བཤད་ཀྱང་ཐོད་བརྒལ་གྱི་མྱུར་ཚད་ད་དུང་ཧ་ཅང་བློ་ལ་འབབ་པ་ཞིག་བྱུང་མེད། “སྐེ་བཙིར་བའི་”ལག་རྩལ་འགག་སྒྲོལ་ལྟ་བུའི་སེམས་ཤུགས་བཏོན་ཏེ་ཁ་ཕྱོགས་དང་དམིགས་འབེན་ཁ་གསལ་བཟོ་བ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོན་གསོའི་ཚན་རྩལ་ལས་གཞི་གལ་ཆེན་ལག་བསྟར་མགྱོགས་པོ་བྱས་ནས་ཞིང་ལས་ཐོན་རྫས་གནད་ཆེན་གྱི་སོན་ཁུངས་རང་བརྟེན་དང་ཚོད་འཛིན་སྔ་ཙམ་ཐུབ་པར་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ནན་མོ་དང་ཉེན་ཁ་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག །སྐྱེ་དངོས་ཀྱི་སོན་གསོའི་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། གྲོང་ཚོ་དང་ཁྱིམ་ཚང་དུ་ཚན་རྩལ་སྤེལ་བའི་ལམ་ག་གང་མགྱོགས་འབྱེད་པ་དང་། སྲིད་གཞུང་གི་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་ཚོང་རའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གཉིས་ཀྱིས་ནུས་ཤུགས་མཉམ་དུ་འདོན་པར་སྐུལ་འདེད་གཏོང་དགོས། ཟོག་སྦྲེལ་དྲ་བ་དང་གཞི་གྲངས་ཆེན་མོ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་སྤྱད་ནས་རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་དགོས་ལ། མཛོད་ཉར་སྲོ་སྐམ་དང་། འཁྱགས་ཕྲེང་སོས་སྲུང་། ཞིང་ལས་འཕྲུལ་ཆས་སོགས་དེང་རབས་ཞིང་ལས་ཀྱི་དངོས་རྫས་སྒྲིག་ཆས་ཀྱི་ཆད་སྐྱོན་ཁ་གསབ་ཀྱང་མགྱོགས་པོར་བྱེད་དགོས་པ་དང་། ལྷག་པར་དུ་ཞིང་ལས་ཀྱི་སྒྲིག་ཆས་གནད་ཆེན་རང་བརྟེན་ཐོག་ཞིབ་འཇུག་བཟོ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་འགོག་རིམས་བཤེར་གྱི་མ་ལག་དང་གནོད་འགོག་གེགས་སེལ་མ་ལག་སོགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། 

ཞིང་པའི་འབྲུ་རིགས་འདེབས་པའི་བརྩོན་སེམས་སྐུལ་སློང་བྱེད་པའི་འགག་རྩ་ནི་ཞིང་པར་འབྲུ་བཏབ་ན་དངུལ་རག་མིན་དེ་རེད། ལོ་འདི་དག་རིང་འབྲུ་རིགས་འདེབས་པའི་མ་གནས་འཕར་ཞིང་ཕན་འབྲས་མང་པོ་མེད་པ་དང་། ས་ཁུལ་མི་ཉུང་བ་ཞིག་ཏུ་ཐ་ན་ལོ་བསྟུད་མར་ཁེ་གྱོང་རག་གི་ཡོད། འབྲུ་རིགས་འདེབས་པའི་ཞིང་པའི་ཁ་གསབ་རོགས་དངུལ་བརྟན་ཆགས་བཟོ་བ་དང་མང་དུ་གཏོང་བ་དང་། བསྡུ་ཉར་སྙོམ་སྒྲིག་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ། བསྡུ་ཉོའི་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་བ། མ་གནས་ཡོངས་ཀྱི་འགན་བཅོལ་དང་ཡོང་འབབ་འགན་བཅོལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། ད་ལྟ་འབྲུ་རིགས་ཐོན་སྐྱེད་ཀྱི་ཞན་ཆ་ཆེ་ཤོས་ཤིག་ནི་ཐོན་སྐྱེད་མ་གནས་ཅུང་ཟད་མཐོ་དྲགས་པ་དེ་ཡིན་ཞིང་། ཐག་གཅོད་བྱེད་ཐབས་ནི་སྔར་བཞིན་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གསོ་སྐྱོང་ཡག་པོ་བྱེད་པ། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་གཏོང་བ། ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། ཁྱིམ་དུད་ཁ་ཁ་སོ་སོས་སྒྲུབ་མི་ཐུབ་ལ་བསྒྲུབས་ཀྱང་དོན་ལས་ཚེགས་ཆེ་བའི་བྱ་བ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ལ་སྤྲད་ནས་བསྒྲུབ་ཏུ་འཇུག་པ་བཅས་ཡིན། ཞིང་པ་དང་ཞིང་ལས་ཀྱི་ཐོན་སྐྱེད་ལག་རྩལ་དང་དོ་དམ་ནུས་པ་སྦྱོང་བརྡར་བྱེད་པར་ཤུགས་སྣོན་བརྒྱབ་ནས་དོ་དམ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། 

ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་འཁུར་དགོས། ལོ་འདི་དག་གི་རིང་ལ་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ནི་ཐོན་ཁུལ་གཙོ་བོ་ལ་མངོན་གསལ་གྱིས་གཅིག་བསྡུས་བྱས་ཡོད་པ་དེར་ལུགས་མཐུན་རང་བཞིན་ལྡན་ཡོད་ཀྱང་། གཅིག་བསྡུས་ཐལ་དྲགས་ན་ཉེན་ཁའང་འབྱུང་སྲིད། གལ་ཏེ་ས་གནས་སོ་སོས་ཟ་མ་ཟ་རྒྱུ་ལས་འབྲུ་རིགས་འདེབས་མི་འདོད་པ་དང་ཤ་ཟ་རྒྱུ་ལས་ཕག་གསོ་མི་འདོད་ན། ཡང་སྙིང་སུས་འདོན་སྤྲོད་འགན་ལེན་བྱེད་དམ། འབྲུ་རིགས་ནི་སྤྱིར་བཏང་གི་ཚོང་ཟོག་ཏུ་བརྩིས་ནས་དཔལ་འབྱོར་ཁོ་ནའི་རྩིས་རྒྱག་པ་ལས་ཆབ་སྲིད་ཀྱི་རྩིས་མི་རྒྱག་པ་དང་། འཕྲལ་གྱི་རྩིས་རྒྱག་པ་ལས་ཕུགས་ཀྱི་རྩིས་མི་རྒྱག་པ་བྱེད་མི་རུང་། ཐོན་ཁུལ་གཙོ་བོ་དང་། བྲིན་འཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་བྲིན་འཚོང་དོ་མཉམ་ཁུལ་བཅས་ཚང་མར་རྒྱ་ཁྱོན་འགན་ལེན་དང་ཐོན་འབབ་འགན་ལེན་བྱེད་པའི་འགན་འཁྲི་ཡོད་པ་དང་། ལྟོ་ཕོར་མཉམ་དུ་འགྱོག་པ་དང་འགན་འཁྲི་མཉམ་དུ་འཁུར་དགོས། འདི་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། འབྲུ་རིགས་བདེ་འཇགས་ཐད་དུ་ཏང་སྲིད་འགན་འཁྲི་གཅིག་མཐུན་ལག་བསྟར་བྱེད་པ་དང་། “བཟའ་འབྲུ་”ལ་ཞིང་ཆེན་འགོ་འཛིན་གྱིས་འགན་འཁུར་དགོས་པར་མ་ཟད་ཧྲུའུ་ཅི་ཡིས་ཀྱང་འགན་འཁུར་དགོས། དུས་ཡུན་རིང་པོ་ཞིག་གི་ནང་དུ། འབྲུ་རིགས་ཐོན་སྐྱེད་ཀྱི་ཞིང་ཆེན་ཆེ་གྲས་དང་། གྲོང་ཁྱེར་ཆེ་གྲས། རྫོང་ཆེ་གྲས་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པར་བྱས་རྗེས་གལ་ཆེན་བཞག་པས་བསྟོད་བསྔགས་བྱེད་འོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་དགའ་དང་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་ལས། ཞིང་ལས་ལ་མཐོང་ཆེན་དང་འབྲུ་རིགས་དམ་འཛིན་བྱེད་མཁན་ལ་གྱོང་རག་ཏུ་གཏན་ནས་འཇུག་མི་རུང་། 

ད་ལྟ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་ཟས་རིགས་འཛད་སྤྱོད་གྲུབ་ཚུལ་རྒྱུན་ཆད་མེད་པར་རིམ་འཕར་འབྱུང་བཞིན་ཡོད་པ་དང་། སླད་ཕྱིན་ཞིང་ལས་ཐོན་རྫས་འདོན་སྤྲོད་འགན་ལེན་བྱེད་པར་དེའི་གྲངས་འབོར་མ་ཟད་སྣ་མང་དང་སྤུས་ཚད་ཀྱང་འགན་ལེན་བྱེད་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སོན་སྣ་ལེགས་གསོ་དང་། སྤུས་ཚད་མཐོར་འདེགས། མིང་རྟགས་བཞེངས་འགོད་བཅས་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་དགོས། བཤས་ཕག་ཐོན་སྐྱེད་སླར་གསོ་བྱ་རྒྱུ་མུ་མཐུད་དུ་ཡག་པོར་བཟུང་ནས་ཐོན་ལས་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་སྤེལ་བྱེད་དགོས། སྲན་ཆེན་དང་། སྲིང་བལ། མ་རྨོས་ལོ་ཏོག །གྲོ་སོགས་ཞིང་ལས་ཐོན་རྫས་ཆེ་རིགས་ཀྱི་ཐོན་སྐྱེད་ལ་མཚོན་ན། ཞིབ་འཇུག་དང་བཀོད་སྒྲིག་དམ་འཛིན་གང་ལེགས་བྱས་ཏེ། ཐོན་འབབ་རྒྱ་སྐྱེད་གཏོང་དགོས་རིགས་ལ་སེམས་ཐག་གཙང་བཅད་བྱེད་དགོས་པ་ལས། གཞན་པར་ང་ཚོ་དབང་དུ་བསྡུ་རུ་འཇུག་མི་རུང་། འདི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་དོན་ཆེན་ཡིན། ཞིང་ལས་ཐོན་རྫས་ཉོ་ཚོང་གི་ཐབས་བཀོད་འདི་ཡག་པོར་འདོན་དགོས་ཤིང་། དེའི་འགག་རྩ་ནི་ཉེན་ཁ་ཚོད་འཛིན་དང་། ཚབ་ཏུ་རུང་བ། གྲ་སྒྲིག་ཡོད་པ་བཅས་བྱེད་དགོས་པ་དེ་ཡིན། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། ཁེ་ལས་ཕྱིར་སྐྱོད་པར་རྒྱབ་སྐྱོར་བྱེད་པ། འགག་རྩའི་ཟོག་འདྲེན་ལྷུ་ཚིགས་ཀྱི་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ། འདོན་སྤྲོད་མུ་ཕྲེང་གི་ལྡེམ་གཤིས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་སྣ་གཅིག་རེ་གཅིག་རེ་བྱས་ནས་ཞིབ་འཇུག་གཏིང་ཟབ་དང་། ཇུས་གཞི་འགོད་པ། དོན་འཁྱོལ་བཅས་བྱེད་དགོས། བཟའ་བཏུང་ཆུད་ཟོས་བཀག་འགོག་བྱ་རྒྱུ་དེ་ཉེ་ཆར་ཅུང་ཡག་ཏུ་ཕྱིན་འདུག་ལ། ངེས་པར་དུ་དུས་ཡུན་རིང་པོར་དམ་འཛིན་བྱས་ནས་སྤྱི་ཚོགས་ཧྲིལ་པོར་གྲོན་ཆུང་བསྲི་ཚགས་ཀྱི་དར་སྲོལ་ཡག་པོ་ཆགས་པར་སྐུལ་འདེད་གཏོང་དགོས། 

མཆན་འགྲེལ། 

[1] ལྷོ་བྱང་རྒྱལ་རབས་སྐབས་ཀྱི་ཅ་སི་ཞེ་ཡི་《འབངས་སྐྱོང་མན་ངག་•ཐོར་བུ་བཅུ་གསུམ་པ་》རུ་དྲངས་པའི་《ཧྥན་ཙི་དང་ཅི་རན་》ཞེས་པར་གསལ། 

[2] 《ཀོན་ཙི་•བརྟག་ཐབས་བརྒྱད་》ཅེས་པར་གསལ། 

 

༄༅། །རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་ཏན་ཏིག་གཏོང་དགོས། 

(2021ལོའི་ཟླ་9ཚེས་29ཉིན།) 

སྐྱེ་དངོས་བདེ་འཇགས་ནི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། ཀྲུང་ཧྭ་མི་རིགས་དུས་གཏན་དུ་འཕེལ་རྒྱས་ཡོང་བ་བཅས་དང་འབྲེལ་བ་ཡོད་པས། དེ་ནི་རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་གི་བཀོད་ཚུལ་ལ་ཤུགས་རྐྱེན་གཏོང་བ་དང་ཐ་ན་བསྐྱར་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། དུས་བབ་གསར་པའི་འོག་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ། སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ། མི་གཙོ་བོར་འཛིན་པ་དང་། ཉེན་ཁ་སྔོན་འགོག །རིགས་དབྱེ་དོ་དམ། མཐུན་སྦྱོར་གཞོགས་འདེགས་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་ཏན་ཏིག་ཅིག་གཏོང་དགོས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གོ་གནས་སུ་བཞག་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་ནང་བཅུག་པ། སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་འཐབ་ཇུས་བཏོན་པ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ཀྱི་སྒྲིག་སྲོལ་ལམ་སྲོལ་ཆ་ཚང་དུ་བཏང་བ། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ལ་ཁ་གཏད་ཧུར་ཐག་བཅག་པ། སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་བ། ཏང་ཡོངས་དང་། རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་ཡག་པོར་བརྒྱབ་པ་བཅས་བྱས་ཏེ། རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཟོན་འདུ་ཤེས་དང་འགོག་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་དང་། སྐྱེ་དངོས་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་བྱུང་ཡོད་ལ། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

ད་ལྟ། སྲོལ་རྒྱུན་གྱི་སྐྱེ་དངོས་བདེ་འཇགས་ཀྱི་གནད་དོན་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་གསར་པ་ཕན་ཚུན་བསྣོལ་མར་གནས་པ་དང་། མངའ་ཁོངས་ཕྱིའི་སྐྱེ་དངོས་ཀྱི་འཇིགས་སྐུལ་དང་ནང་ཁུལ་གྱི་སྐྱེ་དངོས་ཀྱི་ཉེན་ཁ་མཉམ་དུ་གནས་པས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁར་ཁྱད་ཆོས་གསར་པ་མང་པོ་མངོན་ཡོད་པ་དང་། རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་ཐད་ད་དུང་ཆད་སྐྱོན་དང་ཞན་ཆ་གནས་ཡོད། ངེས་པར་དུ་རང་རྒྱལ་གྱི་སྐྱེ་དངོས་བདེ་འཇགས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་ཏེ། མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་སློང་ངེས་པ་དང་། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་བསམ་ཕྱོགས་དང་བྱེད་ཐབས་གཏན་འཁེལ་བཟོ་དགོས། 

རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཐབ་ཇུས་རང་བཞིན་དང་སྔོན་ཚོད་རང་བཞིན་གྱི་ཞིབ་འཇུག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཐད་ཀྱི་འཐབ་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཨུ་ཡིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་གིས་འགན་སྲུང་བཅས་བྱེད་པའི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་ཆ་ཚང་དུ་བཏང་ནས་རིམ་པ་ཁག་གི་སྐྱེ་དངོས་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ལ་ཤུགས་སྣོན་རྒྱག་དགོས། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། བཅའ་ཁྲིམས་ཁྱབ་གདལ། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་མ་ལག་དང་། ལམ་ལུགས་ཀྱི་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སྐྱེ་དངོས་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོར་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་སྐྱེ་དངོས་བདེ་འཇགས་ཐད་ཀྱི་ཉེན་ཟོན་འདུ་ཤེས་ཆེ་རུ་སྐྱེད་དགོས། མཉམ་འགོག་མཉམ་འཛིན་དང་ཚང་མས་སྔོན་འགོག་དང་ཚང་མས་ཚོད་འཛིན་བྱེད་པའི་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་དམག་འཐབ་ཡག་པོ་རྒྱག་དགོས། 

མ་ལག་ལྡན་པའི་བཅོས་སྐྱོང་དང་མུ་ཕྲེང་ཧྲིལ་པོའི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་མ་ལག་ལྡན་པའི་བསམ་གཞིག་དང་། ཚན་རིག་དང་མཐུན་པའི་ལག་བསྟར། གཅིག་འདོམས་ཀྱིས་ཇུས་འགོད་བཅས་རྒྱུན་འཁྱོངས་བྱས་ཏེ་མུ་ཕྲེང་ཧྲིལ་པོའི་བཅོས་སྐྱོང་དམ་འཛིན་ཡག་པོ་བྱེད་དགོས། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ལྟ་བཤེར་དང་སྔོན་བརྡའི་དྲ་རྒྱ་དམ་ཚགས་སུ་གཏོང་བ་དང་། ལྟ་བཤེར་དང་སྔོན་བརྡའི་མ་ལག་ཆ་ཚང་བཟོ་བ། གཙོ་བོར་གཞི་རིམ་གྱི་ལྟ་བཤེར་ས་ཚིགས་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་མཐའ་སྣེའི་ཤེས་རྟོགས་ནུས་པ་ཆེ་རུ་གཏོང་དགོས། གསར་ཐོན་དང་ཐོལ་བྱུང་གི་འགོས་ནད་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་ཚབས་ཆེན། སྐྱེ་དངོས་ཕྲ་རབ་ཀྱི་སྨན་འདྲེད་རང་བཞིན། སྐྱེ་དངོས་ལག་རྩལ་གྱི་ཁོར་ཡུག་བདེ་འཇགས་ལ་སོགས་པའི་ཉེན་ཁ་ཤེས་ཚོར་དང་ངོས་འཛིན་གང་མགྱོགས་བྱས་ཏེ། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྔོན་བརྡ་གཏོང་བ། སྔ་ཙམ་ནས་ཁ་གཏད་གཅོག་པ་བཅས་བྱེད་དགོས། སྐྱེ་དངོས་བདེ་འཇགས་སྐོར་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་བསྟུན་སྔོན་ཇུས་ཆ་ཚང་དུ་བཏང་ནས་མགྱོགས་མྱུར་དུ་འཕྲལ་བསྟུན་ཁ་གཏད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འཕྲལ་བསྟུན་དངོས་ཟོག་དང་ནུས་པ་གྲབས་གསོག་བྱེད་པར་ཤུགས་བརྒྱབ་ནས་དངོས་ཟོག་གྲབས་གསོག་བྱེད་དགོས་ལ་ཐོན་ནུས་ཀྱང་གྲབས་གསོག་བྱེད་དགོས། ཧུར་བརྩོན་གྱིས་སྔོན་འགོག་དང་རང་དབང་གིས་བཅོས་སྐྱོང་བྱས་ཏེ། མི་ནད་ཕྱུགས་ལ་མི་འགོ་བ་དང་འགག་སྒོ་མདུན་སྣུར་རྒྱུན་འཁྱོངས་དང་། མི་ཕྱུགས་གཉིས་ཀར་འགོ་བའི་རིམས་ནད་རིགས་འབྱུང་རྩ་ནས་འགོག་དགོས། སྔར་བས་གནད་འཕིགས་དང་སྔར་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་པ་དང་། གཞི་རིམ་གྱི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་བྱེད་པ། སྒྲིག་གཞིའི་གནས་ངེས་གཏན་འཁེལ་བ། ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། 

སྐྱེ་དངོས་བདེ་འཇགས་ཀྱི་གཙོ་གནད་ཉེན་ཁའི་ཁྱབ་ཁོངས་ལ་དམ་པོར་དམིགས་ལ་དམ་པོར་འཛིན་པ་དང་། མཐའ་ཚད་ཀྱི་བསམ་གཞིག་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་དགོས། སྐྱེ་དངོས་ཐོན་ཁུངས་ཀྱི་བདེ་འཇགས་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་དངོས་ཐོན་ཁུངས་དང་མིའི་རིགས་ཀྱི་རྒྱུད་འདེད་ཐོན་ཁུངས་ཀྱི་དཀར་ཆག་བཟོ་འགོད་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་མཚམས་ནས་འགྲོ་འོང་གི་ནད་ཡམས་བརྟག་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། བག་ལ་ཉལ་བའི་ཉེན་ཁར་དབྱེ་ཞིབ་དང་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་སྒོ་མོའི་འགག་སྒོ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་དགོས། ནང་དུ་མཆེད་ཅིང་གནོད་སྐྱོན་ཚབས་ཆེན་བཟོས་རིགས་ལ་འབྱུང་རྩ་རྩད་འདེད་བྱེད་པ་དང་། “རིགས་གཅིག་ཇུས་གཅིག་”གིས་གནད་འཕིགས་བཅོས་སྐྱོང་བྱས་ནས་ཕན་ནུས་ལྡན་པའི་སྒོ་ནས་མེད་པར་གཏོང་དགོས། རྒྱལ་ནང་གི་ནད་གཞིའི་སྐྱེ་དངོས་ཕྲ་རབ་ཚོད་ལྟ་ཁང་གི་སྐྱེ་དངོས་བདེ་འཇགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་ཚད་གཞི་ལག་བསྟར་ནན་པོ་བྱེད་པ་དང་། ཚོད་ལྟའི་དམར་དཔེ་དང་། ཚོད་ལྟའི་སྲོག་ཆགས། ཚོད་ལྟ་བྱེད་སྒོའི་སྙིགས་རོ་བཅས་ལ་དོ་དམ་ནན་པོ་བྱེད་དགོས། སྐྱེ་དངོས་ཕྲ་རབ་ཀྱི་འགོག་སྨན་གྱི་བེད་སྤྱོད་དང་ལྷག་ལུས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། 

སྐྱེ་དངོས་ཚན་རྩལ་གསར་གཏོད་དང་ཐོན་ལས་ཅན་གྱི་ཉེར་སྤྱོད་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་རང་ཚུགས་རང་དར་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་སྐྲུན་པ། སྐྱེ་དངོས་བདེ་འཇགས་ཚན་ཞིབ་འགག་སྒྲོལ་གྱི་ལམ་སྲོལ་ཆ་ཚང་དུ་གཏོང་བ། སྐྱེ་དངོས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ལ་ལྟ་སྡོམ་ནན་པོ་བྱེད་པ། སྐྱེ་དངོས་ཚོད་ལྟ་ཁང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་ལས་གཞིའི་ཚུལ་ལུགས་ཞིབ་བཤེར་དང་ཚན་རིག་པའི་ཀུན་སྤྱོད་སློབ་གསོ་ནན་འཛིན་བཅས་བྱེད་དགོས། སྐྱེ་དངོས་ལག་རྩལ་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། ཚན་རིག་ལ་བརྩི་འཇོག་དང་། ལྟ་སྡོམ་ནན་པོ་བྱེད་པ། བཅའ་ཁྲིམས་དང་སྒྲིག་ཁྲིམས་གཞིར་འཛིན་པ། བདེ་འཇགས་འགན་ལེན་ཡོད་པ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག །སྐྱེ་དངོས་ཀྱི་སོན་གསོ་དང་སྐྱེ་དངོས་ཀྱི་སྨན་བཟོ་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་ཅན་གྱི་བེད་སྤྱོད་ལ་སྲོལ་ལྡན་སྐུལ་འདེད་གཏོང་དགོས། ཕུལ་བྱུང་གི་སྲོལ་རྒྱུན་འདུ་ཤེས་དེ་དེང་རབས་ཀྱི་སྐྱེ་དངོས་ལག་རྩལ་དང་ཟུང་དུ་སྦྲེལ་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་རིག་ཟུང་འབྲེལ་དང་། ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་སྤྱོད་བྱེད་པ། སྐྱེ་དངོས་འགོག་བཅོས་དང་ལྗང་མདོག་འགོག་ཟོན་གྱི་ལག་རྩལ་དང་དཔེ་སྲོལ་འདུས་གྲུབ་དང་ཁྱབ་སྤེལ་གཏོང་བ་དང་། སྲིན་འགོག་སྨན་རྫས་བཀོལ་རྒྱུ་མཐུན་སྦྱོར་དང་ཚད་ལྡན་བཟོ་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། 

གོ་ལ་ཧྲིལ་པོའི་སྐྱེ་དངོས་བདེ་འཇགས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་ཉིན་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐྱེ་དངོས་བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་བ། སྐྱེ་དངོས་བདེ་འཇགས་ཀྱི་སྲིད་ཇུས་གཏན་འབེབས་དང་། ཉེན་ཁ་དཔྱད་དཔོག །འཕྲལ་བསྟུན་ཁ་གཏད། ཆ་འཕྲིན་མཉམ་སྤྱོད། ནུས་པ་འཛུགས་སྐྲུན་སོགས་ཐད་ཀྱི་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཡག་པོར་གཉེར་དགོས་ཤིང་། “2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི་”བཟོ་འགོད་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་བ་དང་ཀྲུང་གོའི་ཇུས་གཞི་འདོན་དགོས། ཚན་རིག་དང་མཐུན་པའི་རྩ་དོན་དང་ཚན་རིག་དང་མཐུན་པའི་སྒྲིག་སྲོལ་གཞིར་བཟུང་ནས་ཏོག་གསར་ནད་དུག་ཁུངས་འདེད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། 

སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པས། རྒྱུན་མཐུད་ངང་ཤུགས་འདོན་པ་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་ཨུ་(ཏང་ཙུའུ་)དང་སྲིད་གཞུང་རིམ་པ་ཁག་གིས་བསམ་བློའི་ངོས་ཟིན་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། སྐྱེ་དངོས་བདེ་འཇགས་ལས་ཀའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ས་སྲུང་གི་འགན་འཁྲི་ཡོད་ལ་ས་སྲུང་གི་འགན་འཁྲི་མཐར་ཕྱིན་པ་ཞིག་སྒྲུབ་དགོས། འགྲོ་སྒོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། བདག་རྐྱེན་གྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་དངོས་བདེ་འཇགས་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་དངོས་འབྲེལ་དང་ཡག་པོ་དང་དོན་འབྲས་ལྡན་པ་ཞིག་འཛིན་པ། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་རང་དབང་དམ་པོར་ཟིན་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ཡག་པོར་འཛིན་པ་དང་། རྣམ་གཡེང་གི་བསམ་བློ་དང་། སུན་སྣང་གི་བསམ་པ། སྐབས་འཁེལ་གྱི་བསམ་ཚུལ། ལྷོད་གཡེང་གི་སེམས་ཁམས་བཅས་མཐའ་གཅིག་ཏུ་ཁྱད་དུ་གསོད་པ། སྔོན་འགོག་ཚོད་འཛིན་གྱི་ཐབས་བཀོད་ཁག་དོན་འཁྱོལ་གཟབ་ནན་བཅས་བྱས་ནས་ཐོབ་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་བརྟན་པོར་འཛིན་སྐྱོང་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།