ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

 

     ཟླ་8ཚེས་30ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ།

     འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧ་རྒྱལ་ཁབ་གཉིས་ནི་ཕན་ཚུན་བློས་འཁེལ་བ་དང་ཡིད་ཆེས་ཟབ་པའི་འཐབ་ཇུས་རོགས་ཟླ་ཞིག་རེད།

     རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་མཛའ་གྲོགས་ཀྱི་བྱེད་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བ་དང་། སྒོ་དབྱེ་གཉིས་ཕན་གྱི་རྩ་དོན་ཆེན་པོར་གཡོ་འགུལ་མི་གཏོང་བ། ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་ཁ་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་ཕྱོགས་ཡོངས་ཀྱི་མཉམ་ལས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། ཀྲུང་ཧ་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ཕན་གྱི་མཐུན་ས་དང་མཉམ་ལས་ཀྱི་འཕར་གཞི་དེ་བས་མང་བ་སྔོག་འདོན་བྱེད་དགོས་པ་དང་། ནུས་རྒྱུའི་མཉམ་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་ཟབ་ཏུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་སྦྲེལ་མཐུད”ལ་སྐུལ་འདེད་གཏོང་དགོས་ལ་སྲིད་ཇུས་དང་ལམ་སྲོལ་གྱི“མཉེན་ཆས་སྦྲེལ་མཐུད”ལའང་ཤུགས་སྣོན་རྒྱག་དགོས་པ། དམངས་སེམས་འབྲེལ་འདྲིས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས“ཀྲུང་ཧ་ཡི་རིག་གནས་སྤེལ་རེས་ལོ”ཡག་པོ་གཉེར་དགོས་པ། ཕྱོགས་མང་མཉམ་ལས་ཟབ་ཏུ་བཏང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཏན་ཏིག་དང་སྟོབས་ཆེར་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

     ཐོ་ཁཱ་ཡེ་ཧྥུའུ་ཡིས་གསུངས་དོན། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལས་དོན་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་མ་ཟད། ཧ་སག་སི་ཐན་ཕྱོགས་ཀྱང་གྲོས་རིམ་ཁག་ལ་ཧུར་ཐག་ཞུགས་ཡོད། ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་འཚོག་ཉེར་ཡོད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བར་འགན་ལེན་བྱེད་འདོད་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་ཞུ། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལོ་རྒྱུས་ཀྱི་ལེགས་སྐྱེས་གལ་ཆེན་ཕུལ་ནས་སྤྱིར་བཏང་མིན་པའི་བློ་སྟོབས་དང་རྒྱལ་གཅེས་ཀྱི་བརྩེ་སེམས་མངོན་ཡོད། ཧ་ཀྲུང་འབྲེལ་བ་སྔར་ན་མེད་པའི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཤིང་། ན་ནིང་རྒྱལ་ཁབ་གཉིས་པོའི་ཚོང་དོན་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་རྣམ་གྲངས་ཆེན་པོའི་མཉམ་ལས་འཕེལ་རིམ་བདེ་བླག་བྱུང་ཡོད། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

     མཇལ་འཛོམས་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་། ནུས་རྒྱུ་དང་། ཚན་རྩལ། སྡོད་ཁང་འཛུགས་སྐྲུན། སློབ་གསོ། ལུས་རྩལ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་20ལྷག་ཙམ་ལ་དཔང་པོ་གནང་བ་མ་ཟད། ཁྱབ་བསྒྲགས་ཀྱང་གནང་བ་དང་དེ་བཞིན་ཧ་སག་སི་ཐན་དུ་གསར་དུ་བཙུགས་པའི་ལུའུ་པན་བཟོ་ཁང་གཉིས་ཀྱི་སྒོ་བྱང་གི་ཡོལ་བའང་ཕྱེ་གནང་བ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།