ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུ་ལི་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཕེབས་པའི་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུ་ལི་དང་མཇལ་འཛོམས་གནང་བ།

     འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཕེབས་པའི་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུ་ལི་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཨེ་ཅིབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་། ཀྲུང་ཨེའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད།

     ཕྱི་ལོ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་པས། ཕྱོགས་གཉིས་པོས་དེ་གོ་སྐབས་སུ་བཟུང་ནས། ཕྱོགས་གཉིས་པོའི་འབྲེལ་བ་དུས་རབས་གསར་པའི་ཀྲུང་ཨེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་པ་དང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་བབ་གསར་པའི་འོག་ཀྲུང་ཨེ་ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་མཁན་གྱི་སྤུན་ཟླ་ཡག་པོ་ཞིག་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། གཉིས་ཕན་མཉམ་ལས་གཏིང་ཟབ་ཀྱི་རོགས་ཟླ་ཡག་པོ་ཞིག་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“2030ལོའི་རེ་འདོད”ཀྱི་གྲོས་འགོ་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་སོགས་ཀྱི་གླིང་ཁུལ་མཉམ་ལས་སྣེ་ཁྲིད་དུ་བྱས་ཏེ། དཔལ་འབྱོར་ཚོང་དོན་དང་། མཉམ་འབྲེལ་བཟོ་སྐྲུན། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་པའི་གྲོགས་པོ་ཡག་པོ་ཞིག་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ལོ་རྒྱུས་ཀྱི་ལས་འགན་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་། ཕྱོགས་རྐྱང་རིང་ལུགས་དང་ཧམ་ཤེད་སྤྱོད་ངན་ལ་ཐུན་མོང་ཐོག་ངོ་རྒོལ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས།

     མཱ་ཏེ་པུ་ལི་ཡིས་ཙུང་ཐུང་སའེ་ཤིས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་གུས་བཀུར་ཞུ་ལུགས་བརྒྱུད་ཞུ་གནང་ཞིང་། ཁོང་གིས་གསུངས་དོན། ཀྲུང་གོ་ནི་ཨེ་ཅིབ་ཀྱི་རོགས་ཟླ་དང་གྲོགས་པོ་བློས་ཐུབ་ཡིན་པ་དང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་གྱི་ཡོད། ཕྱི་ལོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བ་གོ་སྐབས་སུ་བཟུང་ནས། མཐོ་རིམ་འགྲོ་འོང་བྱེད་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་ཆེ་རུ་གཏོང་བ། ནུས་རྒྱུ་གསར་པ་དང་། གློག་སྒུལ་རླངས་འཁོར། དངུལ་རྩ། མཚོ་ཆུ་ཚྭ་མེད་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཨེ་ཅིབ་དང་ཀྲུང་གོ་གཉིས་ཀ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཡིན། འཛམ་གླིང་གི་དུས་བབ་དང་དེ་བཞིན་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་འཕྲད་པའི་འགྲན་སློང་གི་མདུན་དུ། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།