ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025 ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ།

     འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བ་དང་མི་རབས་ནས་མི་རབས་བར་མཛའ་གཅུགས་ཟབ་མོ་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་རེད་ལ། ཞི་བདེར་དགའ་ཞེན་དང་རང་ཚུགས་རང་དར་གྱི་རྒྱལ་ཁབ་ཀྱང་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70ཡི་རིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་ནས་ཀྲུང་གོ་དང་ནེ་པ་ལའི་ཁྱིམ་མཚེས་མཛའ་མཐུན་གྱི་ལོ་རྒྱུས་ཀྱི་ལེའུ་མཉམ་དུ་བརྩམས་ཡོད། མིག་སྔར། ཀྲུང་ནེའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”

     མཉམ་སྐྲུན་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་མངའ་ཆེ་ཞིང་འཆམ་མཐུན་དེ་བས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ཏེ། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ཡིད་ཆེས་བྱེད་རེས་ཟབ་ཏུ་བཏང་ནས། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།

      གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ་འགག་སྒོ་དང་། གཞུང་ལམ། གློག་དྲ། མཁའ་འགྲུལ། འཕྲིན་གཏོང་སོགས་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་དགོས། ཐོན་ལས་དང་། ཞིང་འབྲོག་ལས། ནུས་རྒྱུ་གསར་པ། ཁོར་ཡུག་སྲུང་སྐྱོང་། སྣུམ་རླངས། མི་ཐབས་རིག་ནུས། སློབ་གསོ། འཕྲོད་བསྟེན། ཁྲིམས་སྒྱུར་བདེ་འཇགས་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་བྱེད་སྒོ་མུ་མཐུད་ཡག་པོ་གཉེར་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལས་སྟེགས་སུ་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་རང་མོས་ཉོ་ཚོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས།

     ཨའོ་ལི་ཡིས་གསུངས་དོན། ནེ་ཀྲུང་འབྲེལ་བར་དྲག་ཆར་རླུང་འཚུབ་ཀྱི་ཚོད་བགམ་ཐེག་ནས་ཡུན་རིང་བརྟན་པོར་གནས་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་དོ་ཁུར་བཅས་བྱས་ནས་ཀྲུང་གོ་དང་མཉམ་ལས་བྱས་པ་དེས་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་།“ཐའེ་དབན་རང་བཙན”ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་སྟོབས་ཤུགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་དུ་འཇུག་གི་མིན། ནེ་པ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་མངོན་འགྱུར་ཡོང་བར་གཞོལ་ནས་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཉོ་ཚོང་དང་། མ་འཇོག ཞིང་ལས། ཚན་རྩལ། ཡུལ་སྐོར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་བ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་སྒོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ནུས་པར་མཐོང་ཆེན་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ལག་ལེན་ཧུར་ཐག་བསྟར་ནས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་པར་རེ་སྒུག་བྱེད་ཀྱི་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།