ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

     འདི་ནི་ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ།

     འདི་ག་ཚགས་པར་ཁང་དུ་ཐེན་ཅིན་ནས་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཅིན་མགྲོན་བསུ་ཁང་དུ་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་ཕེབས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་དང་མཇལ་འཛོམས་གནང་བ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་བའི་སྔ་རྗེས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཏན་འབེབས་གལ་ཆེ་ཤོས་ཤིག་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པ་དེ་རེད། འདི་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ལོ་རྒྱུས་ཀྱིས་ང་ཚོར་ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དཀའ་གནད་སེལ་བའི་ལན་ཡང་དག་ཅིག་ཡིན་ལུགས་གསལ་པོར་བསྟན་ཡོད། དེས་ན་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་འཛུགས་སྐབས་ཀྱི་ཐོག་མའི་བསམ་འདུན་བསྐྱར་དྲན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཁས་ལེན་བྱས་ལུགས་བསྐྱར་བསྒྲགས་བྱས་ཏེ། དུས་བབ་གསར་པའི་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གསོན་ཤུགས་སླར་གསོར་སྐུལ་འདེད་བཏང་ནས། དེ་ཉིད་རྒྱལ་ཁབ་ཁག་དབར་མཐུན་སྦྱོར་བྱ་སྤྱོད་སྤེལ་བ་དང་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་པའི་སྟེགས་བུ་གཙོ་བོར་འགྱུར་བ་བྱེད་དགོས། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱས་དང་བྱེད་བཞིན་ཡོད། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡིད་ཆེས་ཆོག་པའི་རོགས་ཟླ་ཞིག་དུས་ནམ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་སྲོག་ཤིང་གི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་ཁུར་འདོད་ཡོད།

     ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་དུ་ཀྲུང་གོས་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་མཁོ་འདོན་བྱས་ཡོད། ང་ཚོས་མུ་མཐུད་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལག་ལེན་བསྟར་བ།“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་བཅས་རྒྱལ་ཁབ་ཁག་དང་མཉམ་དུ་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུ་ཡིན།

     ཀུ་ཐེ་ལེ་སིས་གསུངས་དོན། དུས་ཡུན་རིང་པོར་ཀྲུང་གོས་་མཉམ་འབྲེལ་རྒྱལ་ཚོགས་ལ་བློ་རྩ་བརྟན་ལ་ནུས་པ་ལྡན་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མིག་སྔར་ཕྱོགས་མང་རིང་ལུགས་དང་། རྒྱལ་སྤྱིའི་བཅའ་ཁྲིམས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་བཅས་ལ་འགྲན་སློང་འཕྲད་པས། རྒྱལ་སྤྱིའི་བཅོས་སྐྱོང་སྒྲོམ་གཞིར་སྒྱུར་བཅོས་འཕྲལ་མར་བྱེད་དགོས་ཀྱི་ཡོད་ལ། ལོ་ངོ་80ཡི་གོང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ཐོག་མའི་བསམ་འདུན་དང་རིན་ཐང་འདུ་ཤེས་བསྐྱར་དྲན་བྱེད་པའི་དུས་ལའང་བབས་ཡོད། ཀྲུང་གོས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་ཁྲིམས་སྐྱོང་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཞིང་། ཀྲུང་གོ་དེ་ཉིད་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་རྨང་རྡོ་ཞིག་ཏུ་གྱུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་། འཛམ་གླིང་སྣེ་མང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་དེ་བས་ཆེན་པོ་འདོན་དུ་འཇུག་འདོད་ཡོད། ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་། མི་ཐབས་རིག་ནུས། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་པ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།