བཅོ་ལྔ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འགྲོ་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། 

(2021ལོའི་ཟླ་7ཚེས་30ཉིན།) 

དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་རྒྱལ་ཁབ་སྟོབས་ལྡན་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དུས་རབས་ཀྱི་བླང་བྱ་སྟངས་འཛིན་བྱས་ནས་གནད་ཆེའི་ཇུས་ཐག་བཅད་པ་ཞིག་ཡིན་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་“གོམ་པ་གསུམ་བགྲོད་”གསར་པའི་[1]ནང་གི་ཧ་ཅང་གལ་འགངས་ཆེ་བའི་གོམ་པ་སྤོ་ཐེངས་ཤིག་ཡིན། ཆོད་སེམས་དང་བློ་རྩ་བརྟན་དུ་གཏོང་བ་དང་། ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་སྐྱེད་པ། དཀའ་སྤྱད་སྡུག་རུས་ཀྱིས་དངོས་སྒྲུབ་བཅས་བྱས་ནས་གཏན་ཁེལ་ཟིན་པའི་དམིགས་འབེན་དུས་ཐོག་ཏུ་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། 

ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ལ་ཕྱི་མིག་བལྟས་ཚེ། ཏང་གིས་མེ་མདར་བཀོད་འདོམས་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་ཉིད་ཀྱི་མི་དམངས་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་ནི་ཟུངས་ཁྲག་དང་མེ་ལྕེ་ཡི་འཐབ་རྩོད་ལས་ཏང་ལ་ཐོབ་པའི་སྡོམ་ཚིག་གལ་ཆེན་ཞིག་ཡིན། གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ལོ་རྒྱུས་ཀྱི་དུས་སྐབས་ཁག་ཏུ་ཏང་གིས་མི་དམངས་དམག་དཔུང་གི་འགོ་ཁྲིད་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་། ངོ་བོ་དང་དམིགས་ཡུལ་ནམ་ཡང་མ་དོར་བར། ལམ་བར་གྱི་དཀའ་ངལ་ཁྱད་གསོད་ཀྱིས་འོད་སྟོང་འབར་བའི་རྒྱལ་ཁ་ཡང་ནས་ཡང་དུ་བླངས་ནས་ཏང་དང་མི་དམངས་ལ་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་ཁྲིད་སྟོན་བྱས་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ན་མི་དམངས་དམག་དཔུང་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཡོང་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཤུགས་ཆེན་པོའི་འདེགས་སྐྱོར་ཐོབ་པ་རེད། 

རྒྱལ་ཁབ་སྟོབས་ལྡན་དུ་གཏོང་དགོས་ན་ངེས་པར་དུ་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་ཤིང་། དམག་དཔུང་སྟོབས་དང་ལྡན་ཚེ་ད་གཟོད་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་མགྱོགས་སུ་གཏོང་རྒྱུའི་ཐད་དུ་འཐབ་ཇུས་ཀྱི་ཇུས་འགོད་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ཤིང་། དམག་ཡོངས་ཀྱི་སྣེ་ཁྲིད་དེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གནས་སུ་བཞག་སྟེ་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། 

རང་དམག་འཛུགས་སྐྲུན་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ལས་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འཐབ་ཇུས་ངོས་ཀྱི་བཀོད་སྒྲིག་བྱས་ཡོད། འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པར་གཅིག་འདོམས་ཡག་པོ་བྱེད་པ་དང་། ལས་འགན་གཙོ་བོ་དམ་འཛིན་ཡག་པོ་བྱེད་པ། ལས་ཀའི་མྱུར་ཚད་མགྱོགས་སུ་གཏོང་བ། ལས་ཀའི་སྤུས་ཚད་འགན་ལེན་བྱེད་པ། འཐབ་ཇུས་ཀྱི་ནུས་པ་མགྱོགས་མྱུར་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམག་འཐབ་ལ་བརྟེན་ནས་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུ་རྒྱུན་འཁྱོངས་དང་། དམག་འཐབ་དང་འཛུགས་སྐྲུན་ལ་གཅིག་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ཡག་པོ་བཅས་བྱས་ཏེ་དམག་འཐབ་དང་། འཛུགས་སྐྲུན། དམག་གྲབས་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། 

དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་རང་དམག་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། གསར་གཏོད་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་སྒྱུར་བ། འཕེལ་རྒྱས་གཏོང་སྟངས་གསར་དུ་གཏོད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་པར་སྐུལ་འདེད་གཏོང་བ་དང་། འགག་རྩ་དང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་གྱི་འགག་གནད་གང་མགྱོགས་སྒྲོལ་བ། འཐབ་ཇུས་རང་བཞིན་དང་། མདུན་གནས་རང་བཞིན། རྩ་སློག་རང་བཞིན་བཅས་ཀྱི་ལག་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ། རང་དམག་འཛུགས་སྐྲུན་བྱེད་པའི་ནང་དུ་ཚན་རྩལ་གསར་གཏོད་ཀྱི་འཐབ་ཇུས་འདེགས་སྐྱོར་ནུས་པ་འདོན་སྤེལ་བཅས་བྱེད་དགོས། འཛམ་གླིང་གི་དམག་དོན་འཕེལ་རྒྱས་འགྲོ་ཕྱོགས་དང་རང་དམག་གི་འཐབ་ཇུས་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྒྱལ་སྲུང་དང་དམག་དཔུང་གི་བསྒྱུར་བཅོས་རྒྱ་ཆེན་པོ་དང་གཏིང་ཟབ་མོར་སྤེལ་དགོས། འཐབ་ཇུས་དོ་དམ་ཞེས་པའི་གཙོ་གནད་འདི་དམ་འཛིན་བྱས་ཏེ། དམག་དོན་དོ་དམ་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་མ་ལག་གི་འཁོར་སྐྱོད་ཕན་ནུས་དང་རྒྱལ་སྲུང་ཐོན་ཁུངས་ཀྱི་བེད་སྤྱོད་ཕན་འབྲས་ཆེ་རུ་གཏོང་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་རྒྱག་པ་དང་། བསམ་ཕྱོགས་དང་ཐབས་བཀོད་གསར་གཏོད་བྱེད་དགོས་ཤིང་། དམག་དོན་མི་སྣའི་འཇོན་ཐང་བྱང་ཚད་དང་། གྲུབ་ཚུལ་གྱི་བཀོད་པ། གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་རིགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་རྒྱ་སྐྱེད་མགྱོགས་སུ་གཏོང་དགོས། 

དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་རང་དམག་གི་འགན་འཁྲི་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་འགན་འཁྲིའང་ཡིན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་གི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། བསྒྱུར་བཅོས་ཀྱི་བླང་བྱ་ལག་བསྟར་བྱས་ཏེ་རྒྱལ་སྲུང་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་འོས་བབ་འཁུར་འཁྲི་ཡག་པོར་སྒྲུབ་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀོད་པའི་ནང་དུ་དམག་དོན་བཀོད་སྒྲིག་གི་དགོས་མཁོར་བསམ་བློ་གང་ལེགས་གཏོང་དགོས་པ་དང་། གནད་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རིམ་ནང་དུ་རྒྱལ་སྲུང་གི་བླང་བྱ་དོན་འཁྱོལ་བྱེད་དགོས། དམག་གྲབས་སྦྱོང་བརྡར་དང་གནད་ཆེའི་ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་ཐད་དུ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། ནང་མི་དམག་རྗེས་འབྲངས་ནས་ལས་ཞུགས་དང་། དམག་མིའི་བུ་ཕྲུག་སློབ་ཞུགས། དམག་ཞབས་འཐིམ་པའི་དམག་མི་བདེ་འགོད། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ཐད་དུ་སེམས་ཁྲལ་དང་དཀའ་ངལ་སེལ་གང་ཐུབ་བྱེད་དགོས། 

མཆན་འགྲེལ། 

[1] རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་“གོམ་པ་གསུམ་བགྲོད་”གསར་པ་ཞེས་པ་ནི་2027ལོར་སླེབས་དུས་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། 2035ལོར་སླེབས་དུས་གཞི་རྩའི་ཆ་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་རྒྱུ། དུས་རབས་འདིའི་དུས་དཀྱིལ་ལ་སླེབས་དུས་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་བསྐྲུན་ཚར་བར་བྱ་རྒྱུ་བཅས་ལ་ཟེར། 

 

༄༅། །དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས།

(2021ལོའི་ཟླ་11ཚེས་26ཉིན།) 

དམག་དཔུང་སྟོབས་ལྡན་དུ་གཏོང་རྒྱུ་ནི་མི་ལ་རག་ལས་ཡོད། ཤེས་ལྡན་མི་སྣ་ནི་རང་དམག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དང་། དམག་དོན་འགྲན་རྩོད་དང་མ་འོངས་པའི་དམག་འཁྲུག་གི་རང་དབང་འཐོབ་པར་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡིན་པས། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་རང་དམག་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་པར་འཕྲལ་ཕུགས་གཉིས་ཀྱི་དོན་སྙིང་ལྡན་ཡོད་པ་རེད། ཀྲུང་དབྱང་གི་ཤེས་ལྡན་མི་སྣའི་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་འགན་ལེན་དང་། ཤེས་ལྡན་མི་སྣ་སྤྱིའི་ཆུ་ཚད་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་ཀྱི་དམག་དཔུང་གི་མདུན་གྲལ་དུ་སླེབས་པར་བྱེད་དགོས། 

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ང་ཚོའི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཤིང་། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། དུས་རབས་གསར་པར་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཛམ་གླིང་གི་ཤེས་ལྡན་མི་སྣ་གལ་ཆེན་གྱི་ལྟེ་གནས་དང་གསར་གཏོད་མཐོ་ས་གང་མགྱོགས་བསྐྲུན་ནས་ཕྱོགས་ཀྱི་མཁས་པ་བཀུག་ནས་ལས་སུ་སྤྱོད་དགོས་པ་ནན་བཤད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཟུང་འབྲེལ་ཐོག་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོར་སྒྲུབ་དགོས། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུ་ཡིས་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། ཤེས་ལྡན་མི་སྣའི་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། དམག་གྲབས་དང་དམག་འཐབ་ལ་དམིགས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། དམག་དོན་མི་སྣ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་བཀོད་པར་ཤུགས་རྒྱག་པ། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཤེས་ལྡན་མི་སྣའི་ཁྱབ་ཁོངས་སྒོ་འབྱེད་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 

འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་པོར་འབྱུང་བཞིན་ཡོད་པ་དང་། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་ཉིན་རེ་དང་ཟླ་རེ་བཞིན་འགྱུར་བཞིན་ཡོད་ལ། རང་དམག་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བའི་“གོམ་པ་གསུམ་བགྲོད་”ཀྱི་འཐབ་ཇུས་བཀོད་སྒྲིག་གསར་པ་ལྟར་དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། དམག་ཡོངས་ཀྱིས་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་འགན་འཁྲི་སྒྲུབ་སེམས་དང་དགོས་གཏུག་ཆེ་སེམས་ཆེ་རུ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་ཇུས་གཏོང་བ་དང་བྱ་སྤྱོད་དམ་འཛིན་བྱས་ཏེ་ཕྱོགས་མཐའ་ཡོངས་ནས་ཤེས་ལྡན་མི་སྣའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཤེས་ལྡན་མི་སྣའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། 

དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ན། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་བ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་དམིགས་པ་བཅས་ཀྱི་ཐོག་ནས་དམག་དོན་མི་སྣའི་ནུས་པ་དང་བྱང་ཚད། གྲུབ་ཚུལ་དང་བཀོད་པ། གསར་སྤེལ་དང་དོ་དམ་བཅས་ཕྱོགས་ཡོངས་ནས་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་གསར་གསོ་སྐྱོང་བྱས་ཏེ། དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་བར་འཕེལ་རྒྱས་གལ་ཆེན་ཡོང་རྒྱུ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་ཐོད་བརྒལ་གལ་ཆེན་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ན། ངེས་པར་དུ་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་ལག་ལེན་མཐར་ཕྱིན་བསྟར་དགོས་པ་དང་། ངེས་པར་དུ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་དེ་ཤེས་ལྡན་མི་སྣའི་ལས་དོན་གྱི་ཀུན་སློང་དང་དམིགས་ཡུལ་བྱེད་དགོས། ངེས་པར་དུ་འཛམ་གླིང་གི་དམག་དོན་མདུན་གནས་ལ་ཁ་ཕྱོགས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་སྒྱུར་བར་ཁ་ཕྱོགས་པ་བཅས་བྱེད་དགོས། ངེས་པར་དུ་ཕྱོགས་མཐའ་ཡོངས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས། ངེས་པར་དུ་དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་དགོས། ངེས་པར་དུ་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་དགོས། 

དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་ན། ཁྱོན་ཡོངས་གཅིག་འདོམས་དང་གཙོ་གནད་གཙིགས་འཛིན་བྱེད་པ་དང་། ཤེས་ལྡན་མི་སྣའི་གསོ་སྐྱོང་དང་། བཀོལ་སྤྱོད། གདེང་འཇོག །ཞབས་ཞུ། རྒྱབ་སྐྱོར། བསྔགས་སྐུལ་སོགས་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་གཙོ་གནད་ཐོད་བརྒལ་ལ་བརྟེན་ནས་སྤྱི་ཡོངས་མཐོར་འདེགས་ཡོང་བར་སྐུལ་ཁྲིད་བྱེད་དགོས། རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣའི་ལས་དོན་གྱི་སྤྱི་ཁོག་ནང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དམག་དོན་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཆར་འགོད་སྦྲེལ་མཐུད་དང་། སྲིད་ཇུས་སྦྲེལ་མཐུད། ལས་དོན་སྦྲེལ་མཐུད་བཅས་ཡག་པོ་བྱས་ཏེ། རང་དམག་གི་ཤེས་ལྡན་མི་སྣའི་ལས་དོན་ལ་སྐུལ་འདེད་འཕེར་པོ་གཏོང་བའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། 

ཆབ་སྲིད་ཀྱི་ཚད་གཞི་ནི་རང་དམག་གི་ཤེས་ལྡན་མི་སྣའི་ཚད་གཞི་ཨང་དང་པོ་ཡིན་པ་དང་། ཆབ་སྲིད་ཀྱི་བླང་བྱ་ནི་རང་དམག་གི་ཤེས་ལྡན་མི་སྣའི་ཆེས་རྩ་བར་གྱུར་བའི་བླང་བྱ་ཡིན། ཆབ་སྲིད་ཀྱི་འགག་སྒོ་ནན་པོར་སྲུང་བ་དང་། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། བླ་སྲོག་གསོ་ཞིང་མི་སྐྱོང་བ་དང་ཆབ་སྲིད་རྟོག་ཞིབ་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་པའི་ཤེས་ལྡན་མི་སྣས་ཆབ་སྲིད་ཐད་ཉམས་སད་ཐེག་པ་འགན་ལེན་བྱེད་དགོས། 

ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་པའི་འགྲོ་ལམ་དུ་ཡག་པོར་སྐྱོད་རྒྱུ་རྒྱུན་འཁྱོངས་དང་། དམག་དཔུང་གིས་གསོ་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་བྱེད་ཐབས་སྣ་མང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་སྒོ་ནས་རང་དམག་གི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་བྱེད་སྟངས་ཆགས་པར་བྱས་ཏེ། དམག་གྲབས་དང་དམག་འཐབ་ལ་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཚན་རྩལ་གྱི་བྱང་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་དེང་རབས་དམག་འཁྲུག་ལ་རྒྱལ་ཁ་འཐོབ་ཐུབ་པའི་འཇོན་ཐང་ངོ་མ་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ་དང་། སློབ་གླིང་འགོ་མ་བྱས་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ནས་དམག་དོན་སློབ་གླིང་རྩེ་གྲ་འཛུགས་སྐྲུན་དང་དམག་དོན་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། ལག་ལེན་གྱི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་དཔོན་དམག་ཚོས་ཚ་ཚ་འུར་འུར་གྱི་དམག་དོན་ལག་ལེན་ནང་དུ་ཞུན་བརྡར་བྱེད་པ་དང་། མཐོང་རྒྱ་སྐྱེད་པ། ལུས་སྟོབས་རྒྱས་པ། འཇོན་ཐང་འཕེལ་བ་བཅས་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱེད་དགོས། 

ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་དང་བཀོལ་སྤྱོད་མཁས་པོ་བྱེད་དགོས་པ་དང་། བཀོལ་སྤྱོད་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཐོག་དམག་དོན་མི་ཤུགས་ཐོན་ཁུངས་གནད་འཁེལ་གོ་འཕེར་ངང་བགོ་སྒྲིག་བྱས་ནས་ཤེས་ལྡན་མི་སྣར་བཀོད་སྒྲིག་ཡག་ཤོས་ཡོང་བ་དང་ཕན་ནུས་ཆེ་ཤོས་འདོན་སྤེལ་ཐུབ་པར་འགན་ལེན་བྱེད་དགོས། རིགས་དབྱེ་ཇུས་བསྟར་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་ཤེས་ལྡན་མི་སྣ་དང་། དམག་འཐབ་སྟོབས་ཤུགས་ཤེས་ལྡན་མི་གསར། རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་ཤེས་ལྡན་མི་སྣ་བཅས་གསོ་སྐྱོང་དང་བཀོལ་སྤྱོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། དམག་ཇུས་དཔོན་དང་ཞི་དཔོན་ལས་འཛིན་མི་སྣའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། 

དམག་དོན་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བའི་ཆོས་ཉིད་ངེས་པ་དང་། ཤེས་ལྡན་མི་སྣ་རིགས་ཁག་གི་འཕེལ་རྒྱས་ཁྱད་ཆོས་དང་བླང་བྱ་ངེས་པར་བྱས་ཏེ། དོ་དམ་གྱི་འདུ་ཤེས་དང་བྱེད་ཐབས་བྱེད་སྟངས་གསར་གཏོད་དང་། དོ་དམ་ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཡོང་བར་ཤུགས་སྣོན་བྱེད་དགོས། དམག་དོན་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་ལེགས་སྒྱུར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་ལམ་ལུགས་ཆ་འགྲིག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། དམག་ཡོངས་སུ་ཤེས་ལྡན་མི་སྣར་ཡིད་ཆེས་དང་། ཤེས་ལྡན་མི་སྣར་བརྩི་འཇོག །ཤེས་ལྡན་མི་སྣར་རྒྱབ་སྐྱོར། ཤེས་ལྡན་མི་སྣར་བདག་གཅེས་བཅས་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་རྒྱ་ཆེའི་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་དཔྱིས་ཕྱིན་པ་བྱེད་དགོས། 

དམག་དོན་ཨུ་ལྷན་གྱིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་ཨུ་རིམ་པ་ཁག་གིས་བྱེད་པོའི་འགན་འཁྲི་ཡག་པོར་སྒྲུབ་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པར་ཤེས་ལྡན་མི་སྣའི་འདུ་ཤེས་དྲག་པོ་ལྡན་དགོས་ཤིང་། དུས་རབས་གསར་པའི་ཤེས་ལྡན་མི་སྣ་བརྟག་མཁས་པོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་ལ་མཚོན་ན་དམག་དཔུང་གིས་ཤེས་ལྡན་མི་སྣའི་ལས་དོན་ཡག་པོར་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་རྒྱུན་ཆད་མེད་པར་གོང་དུ་སྤེལ་དགོས། 

 

༄༅། །ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

(2022ལོའི་ཟླ་3ཚེས་7ཉིན།) 

ཁྲིམས་ལྟར་དམག་དཔུང་སྐྱོང་བ་ནི་ང་ཚོའི་ཏང་གི་དམག་འཛུགས་དམག་སྐྱོང་གི་གཞི་རྩའི་བྱེད་སྟངས་ཤིག་ཡིན་ལ། ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པའི་དགོས་དབང་གི་བླང་བྱ་ཞིག་ཀྱང་ཡིན། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། 

འདས་ཟིན་པའི་ལོ་གཅིག་རིང་། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཐབས་ཇུས་མཛུབ་སྟོན་ལག་ལེན་མཐའ་གཅིག་ཏུ་བསྟར་ཏེ་འཐབ་རྩོད་བྱེད་ཞོར་དང་། དམག་གྲབས་བྱེད་ཞོར། འཛུགས་སྐྲུན་བྱེད་ཞོར་བཅས་བྱས་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”འགོ་ཡག་པོ་ཞིག་བཙུགས་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱི་ཡོངས་ནང་དུ་བཞག་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུའི་སྐོར་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཀྲུང་དབྱང་དམག་ཨུས་དུས་བབ་གསར་པའི་འོག་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཆེད་མངག་གཏན་འབེབས་བཟོས་ཡོད། ལོ་འདི་དག་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་ལག་ལེན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་ལེན་བསྟར་དགོས་ཞེས་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་དམག་འཛུགས་དམག་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད་ངེས་ཤེས་བྱས་ཏེ། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་བྱ་གཞག་གི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། 

ཕྱོགས་ཡོངས་ནས་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ངེས་ཤེས་བྱེད་དགོས། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་ལག་ལེན་མཐར་ཕྱིན་བསྟར་ཏེ། ཕྱོགས་ཡོངས་ནས་རང་དམག་གི་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་པ། དམག་དཔུང་སྐྱོང་སྟངས་རྩ་བ་ནས་སྤོ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་རྒྱུན་འཁྱོངས་དང་། འཐབ་ནུས་ཀྱི་ཚད་གཞི་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་རྒྱུ་རྒྱུན་འཁྱོངས། ཁྲིམས་སྐྱོང་གི་བླང་བྱ་ལྟར་དམག་དཔུང་སྐྱོང་སྟངས་སྤོ་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས། དམག་དཔུང་ནན་སྐྱོང་གི་སྒྲིག་ཁྲིམས་བཙན་པོ་རྒྱུན་འཁྱོངས། “འགག་རྩའི་ཉུང་ཤས་”ཡིན་པའི་འགོ་ཁྲིད་ལས་བྱེད་པ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས། དཔོན་དམག་གི་བྱེད་པོའི་གོ་གནས་རྒྱུན་འཁྱོངས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ལག་ལེན་མཐར་ཕྱིན་བསྟར་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། 

ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་ནི་མ་ལག་ལྡན་པའི་ལས་གཞི་ཞིག་ཡིན་པས་ཁྱོན་ཡོངས་ལ་གཅིག་འདོམས་དང་གཙོ་གནད་འབུར་འདོན་བྱས་ཏེ། གཙོ་གནད་ཐོད་བརྒལ་བྱེད་པར་བརྟེན་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། དམག་དོན་ཁྲིམས་འཛུགས་ལས་དོན་ཟབ་སྤེལ་དང་། སྲིད་ཇུས་དང་ལམ་ལུགས་བསྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པའི་ལས་ཀ་ཡག་པོར་བསྒྲུབས་ཏེ་མཉམ་འབྲེལ་དམག་འཐབ་ཀྱི་ཁྲིམས་སྲོལ་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་དམག་སྦྱོང་དང་རྩ་འཛིན་ལྟར་དམག་སྦྱོང་ཟབ་སྤེལ། རང་དམག་འཛུགས་སྐྲུན་གྱི་འཆར་འགོད་དང་འཆར་གཞིའི་དགོས་ངེས་འཆུན་འདོམས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་དམག་དཔུང་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལས་ཀར་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་བྱེད་པོ་དང་དཔྱད་དཔོག་ཚད་གཞི་ཁ་གསལ་བཟོ་བ་དང་། ལྟ་སྐུལ་ལམ་སྲོལ་འཐུས་ཚང་བཟོ་བ། འགན་འཁྲི་བདའ་འདེད་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས་ཁྲིམས་སྲོལ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་འཐོན་པར་འགན་ལེན་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དམག་དོན་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། དམག་དོན་བྱ་སྤྱོད་དང་ཁྲིམས་སྐྱོང་འཐབ་རྩོད་གཅིག་འདོམས་ཀྱིས་བཀོད་ཇུས་གཏོང་བ་དང་། དམག་དོན་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དུ་བཏང་སྟེ་ཁྲིམས་སྐྱོང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་སྔར་བས་ལྷག་པ་བྱེད་དགོས། 

ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་ལེན་བསྟར་བའི་བསྒྲིལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། དམག་ཨུ་ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་གིས་རང་འགན་གཙང་སྒྲུབ་ཏན་ཏིག་བྱེད་པ། ཁྲིམས་སྐྱོང་ལས་དོན་སྒྲིག་གཞིས་འགན་ནུས་འདོན་སྤེལ་ཡག་པོ་བྱེད་པ། འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ལས་དོན་སྒྲུབ་པར་མཛུབ་སྟོན་བྱ་རྒྱུར་སྣེ་ཁྲིད་བཅས་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་འདུ་ཤེས་ཆེ་རུ་སྐྱེད་པ་དང་། ཁྲིམས་བཀོད་ཀྱི་རྒྱལ་སྲུང་འཛུགས་སྐྲུན་འགན་འཁྲི་རང་རྟོགས་ངང་བསྒྲུབས་ཏེ་དམག་དཔུང་འཛུགས་སྐྲུན་དང་། དམག་དོན་བྱ་སྤྱོད། དམག་མིའི་ཁྲིམས་མཐུན་ཁེ་དབང་བཅས་ཁྲིམས་ལྟར་འགན་སྲུང་ཡག་པོ་བྱེད་དགོས། 

དམག་ཡོངས་ཀྱིས་དམག་གྲབས་དང་དམག་འཐབ་ལས་དོན་དམ་འཛིན་ཏན་ཏིག་བྱེད་པ་དང་། ས་གནས་ལ་གཞོགས་འདེགས་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ། ཐོལ་བྱུང་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་བརླིང་མཐའ་འཁྱོངས་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་འགན་ཁག་ཡོངས་འགྲུབ་བྱེད་དགོས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།