༄༅། །མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བཀོད་ཇུས་གཏོང་དགོས།
(2020ལོའི་ཟླ་4ཚེས་10ཉིན།)
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་དགོས། ངས་ནན་བཤད་ཐེངས་མང་བྱས་མྱོང་སྟེ། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པས། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོབ་བཅས་བྱེད་དགོས། ད་རེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ང་ཚོར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་གཏན་དུ་རྒྱུན་མཐུད་གོང་འཕེལ་ཡོང་བར་འབྲེལ་བའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་ཡིན་པས། ངེས་པར་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་བཀོད་ཇུས་གཏོང་དགོས་པ་དེ་ངོས་ཟིན་སྔར་བས་གཏིང་ཟབ་བྱུང་ཡོད།
ཨེན་ཀེ་སིས་སྔ་མོ་ནས་བསྟན་དོན། “ང་ཚོ་འགྲོ་བ་མིའི་རིགས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བར་སྤྲོ་སྣང་སྐྱེ་རྒྱུ་ཐལ་དྲགས་རྒྱུ་མེད། འདི་འདྲའི་རྒྱལ་ཁ་རེ་རེར་རང་བྱུང་ཁམས་ཀྱིས་ང་ཚོར་འཁོན་ལན་བསློག་ངེས་ཡིན།”[1]བཟོ་ལས་གསར་བརྗེ་ཐེངས་དང་པོ་བྱས་ཚུན། མིའི་རིགས་ཀྱི་རང་བྱུང་བེད་སྤྱོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནའང་གསར་སྤེལ་བྱས་དྲགས་པའི་རྐྱེན་གྱིས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉུང་དུ་ཕྱིན་པ་དང་། རི་སྐྱེས་སྲོག་ཆགས་གནས་སྤོ་མི་བྱེད་ཀ་མེད་བྱུང་ནས་རི་སྐྱེས་སྲོག་ཆགས་ཀྱི་ལུས་ཁམས་ཀྱི་ནད་གཞི་ཁྱབ་ཆེན་པོས་འགོས་མཆེད་སོང་ཡོད། དུས་རབས་གསར་པ་ནས་བཟུང་། དམིགས་བསལ་གློ་ཚད་ནས་འདབ་ཆགས་ཆམ་རིམས་དང་། དབུས་ཤར་གྱི་དབུགས་ལམ་འདུས་ནད། ཨའེ་པོ་ལ་ནད་དུག །ད་རེས་ཀྱི་ཏོག་གསར་གློ་ཚད་རིམས་ནད་བཅས་ཀྱི་བར་དུ་གོ་ལ་ཧྲིལ་པོའི་འགོས་ནད་གསར་དུ་ཐོན་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་སྔར་ལས་དོ་མཉམ་ཡོང་བ་དང་། སྐྱེ་ཁམས་མ་ལག་དོ་མཉམ་ཡོང་བར་སྲུང་སྐྱོང་བྱས་ན་ད་གཟོད་མིའི་རིགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཐུབ། མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཡིན་པའི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་དར་ཆ་འདི་ངེས་པར་དུ་མཐོན་པོར་སྒྲེང་དགོས།
མིའི་རིགས་ཀྱི་བྱེད་སྒོ་གང་མང་མང་ཞིག་གིས་རང་བྱུང་སྐྱེ་ཁམས་ཀྱི་མཐའ་མཚམས་དང་མཐའ་ཚད་ལ་རྒྱུན་ཆད་མེད་པར་ཕོག་ཐུག་བཟོ་བཞིན་ཡོད། རང་བྱུང་ཁམས་ཀྱི་ཆེད་དུ་བདེ་འཇགས་མཐའ་མཚམས་དང་མཐའ་ཚད་སྲུང་བ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཆགས་པར་བྱེད་དགོས། འདིར་གཟུགས་ཡོད་ཀྱི་མཐའ་མཚམས་ཚུད་ཡོད་ལ་གཟུགས་མེད་ཀྱི་མཐའ་མཚམས་ཀྱང་ཚུད་ཡོད། རྒྱལ་ཁོངས་བར་སྟོང་འཆར་འགོད་འཐུས་ཚང་དུ་གཏོང་བ་དང་། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། སྐྱེ་ཁམས་དམར་ཐིག་ཁ་གསལ་བཟོ་བ། རང་བྱུང་ཁམས་སྲུང་སྐྱོབ་ཁུལ་གྱི་མ་ལག་གང་མགྱོགས་ཆགས་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་དྲ་བ་འཐུས་ཚང་དུ་གཏོང་བ། བར་སྟོང་གི་ཐད་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེད་སྒོར་ཚོད་འཛིན་ལུགས་མཐུན་བཅས་བྱེད་དགོས།
མཆན་འགྲེལ།
[1] ཨེན་ཀེ་སིའི་《རང་བྱུང་རྩོད་སྒྲུབ་རིག་པ་》(《མར་ཁེ་སི་དང་ཨེན་ཀེ་སིའི་གསུང་རྩོམ་གཅེས་བསྡུས།》
པོད་26པ། མི་དམངས་དཔེ་སྐྲུན་ཁང་གི་2014ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་769པ།)ཞེས་པར་གསལ།
༄༅། །འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རང་རྒྱལ་གྱི་སྐྱེ་ཁམས་འགོ་མ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སའི་གཡུལ་ས་གཙོ་བོར་བསྒྱུར་དགོས།
(2020ལོའི་ཟླ་11ཚེས་14ཉིན།)
ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་འགོ་མ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལེ་ཚན་གསར་པ་རྩོམ་པ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དཔེ་སྲོལ་གསར་པ་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགེ་མཚན་གསར་པ་གཏོད་པ། རི་ཆུ་མི་གྲོང་ཞི་མཐུན་མཉམ་འདྲེས་ཡོང་བའི་རི་མོ་གསར་པ་འབྲི་བ་བཅས་ཀྱི་སྒོ་ནས་འབྲི་ཆུའི་དཔལ་འབྱོར་རྒྱུད་དེ་རང་རྒྱལ་གྱི་སྐྱེ་ཁམས་འགོ་མ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་སའི་གཡུལ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཤར་བགྲོད་ཡོང་བའི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པའི་གཙོ་ཤུགས་དམག་བཅས་ཆགས་པར་བྱེད་དགོས།
ལོ་5རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དག་གིས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་ལྗང་མདོག་གི་རིགས་སྒྱུར་བྱེད་པར་སྐུལ་འདེད་བཏང་བ་དེའི་ཤུགས་ཚད་ཆེ་བ་དང་། གཞི་ཁྱོན་ཆེ་བ། ཤུགས་རྐྱེན་ཆེ་བ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་པོ་དང་གྲུབ་ཚུལ་ཇེ་ལེགས་སུ་སོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། འཕེལ་རྒྱས་ལས་སྲུང་སྐྱོབ་དང་སྲུང་སྐྱོབ་ལས་འཕེལ་རྒྱས་བྱུང་ཡོད། ལྷག་པར་དུ་ད་ལོ་ནས་བཟུང་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དག་གིས་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་གཅིག་འདོམས་ཡག་པོ་བྱས་ཤིང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་གྱི་ཤུགས་རྐྱེན་དང་ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་ཕོག་ཐུག་ནུས་ལྡན་ངང་ཁྱད་དུ་བསད་དེ་རང་རྒྱལ་གྱིས་ཀུན་གྱི་སྔོན་ལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོའི་ནང་དུ་དཔལ་འབྱོར་འཕར་སྣོན་དངོས་མ་བསྐྱར་གསོ་ཡོང་བར་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད།
འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན། ད་རེས་ཀྱི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་འགོ་ལས་སླར་ཡང་འདིའི་སྐོར་ལ་བླང་བྱ་གསལ་པོ་བཏོན་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ནི་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11ལ་ཁྱབ་པ་དང་། རང་རྒྱལ་གྱི་ཤར་དབུས་ནུབ་གསུམ་གྱི་དུམ་བུ་ཆེན་པོ་གསུམ་འཕྲེད་དུ་བཅད་ཅིང་། མི་འབོར་གྱི་གཞི་ཁྱོན་དང་དཔལ་འབྱོར་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཟིན་པ་དང་། སྐྱེ་ཁམས་ཀྱི་གནས་བབ་མངོན་གསལ་ཆེ་ལ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེ་བ་བཅས་ཡོད་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་དུ་ནུས་པ་གལ་ཆེན་འདོན་དགོས།
སྐྱེ་ཁམས་ཁོར་ཡུག་མ་ལག་ལྡན་པར་སྲུང་སྐྱོབ་དང་སླར་གསོ་ཡོང་བར་ཤུགས་རྒྱག་དགོས། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་འབབ་རྒྱུད་ཀྱི་མ་ལག་རང་བཞིན་ནས་འགོ་བཙུགས་ཏེ་འབྱུང་རྩ་རྩད་གཅོད་དང་མ་ལག་ལྡན་པའི་ངང་བཅོས་སྐྱོང་བྱེད་དགོས་པ་ལས་ཁྲལ་སེལ་སླ་བཅོས་དང་འོལ་ཚོད་བྱེད་པ་སྔོན་འགོག་བྱེད་དགོས། གནད་དོན་གྱི་འབྱུང་རྩ་འཚོལ་བ་དང་། འབྱུང་རྩ་ནས་མ་ལག་ལྡན་པའི་ངང་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོབ་བྱེད་དགོས། མཐུན་སྦྱོར་སྐུལ་རེས་ལ་ཤུགས་རྒྱག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་སོགས་སྐྱེ་ཁམས་བདག་རྐྱེན་སྣ་ཚོགས་མཐུན་སྦྱོར་ངང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲི་ཆུའི་སྟོད་སྨད་བར་རྒྱུད་ས་ཁུལ་གྱི་སྐུལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། བྱེད་ཐབས་ཁག་གི་འབྲེལ་མཐུད་རང་བཞིན་དང་ཟུང་འདྲིལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཡོངས་ནས་སྐུལ་སྤེལ་བྱེད་པར་དོ་སྣང་དང་། གཙོ་གནད་འགག་སྒྲོལ་བྱེད་པ་དང་དུས་མཚུངས་སུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལ་ཤུགས་བརྒྱབ་སྟེ་དམ་ལྷོད་མི་སྙོམས་པ་དང་། ཧོབ་ཏེ་དཔའ་བོ་ཁེར་རྒྱུག་བྱེད་པ། གཅིག་བཟུང་གཅིག་ཤོར་བཅས་སྔོན་འགོག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་གིས་སྐྲུན་དགོས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་བྱ་བ་ཀུན་གྱི་གཙོ་བོར་འཇོག་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་གི་མ་ལག་གསར་པ་འཛུགས་པ། ཆུའི་ཁོར་ཡུག་དང་། ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ཆུའི་བདེ་འཇགས། ཆུའི་རིག་གནས། འགྲམ་རྒྱུད་སོགས་ཕྱོགས་མང་པོའི་ཐད་ཀྱི་མཐུན་སྦྱོར་འབྲེལ་བར་གཅིག་འདོམས་ཀྱིས་བསམ་བློ་གཏོང་བ། འབྲི་ཆུའི་སྟོད་སྨད་བར་རྒྱུད་དང་། གཙང་པོ་མཚེའུ་ཆུ་མཛོད། ཆུ་ངོགས་གཡས་གཡོན། ཆུ་གཞུང་དང་ཆུ་ལག་བཅས་མཐུན་སྦྱོར་མཉམ་བཅོས་ལ་སྐུལ་འདེད་གཏོང་བ། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་དང་ཆུ་ཁོངས་ཀྱི་སྐྱེ་ཁམས་བྱེད་ནུས་ལེགས་སུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས། རྒྱལ་ཁོངས་བར་སྟོང་ལ་ལྟ་སྡོམ་དང་བཀག་རྒྱའི་གསལ་ཐོར་དོ་དམ་བྱ་རྒྱུར་ཤུགས་རྒྱག་པ་དང་། སྐྱེ་ཁམས་དམར་ཐིག་ནན་སྲུང་བྱེད་པ། སྐྱེ་ཁམས་ཉམས་པ་སླར་གསོ་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ལས་གྲྭ་རྒྱུན་མཐུད་ངང་སྤེལ་ནས་འབྲི་ཆུའི་སྐྱེ་ཁམས་ཀྱི་གདོད་མའི་རང་བཞིན་དང་འཐུས་ཚང་རང་བཞིན་སྲུང་འཛིན་བྱེད་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་མགྱོགས་མྱུར་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ལུགས་མཐུན་གྱི་ཐོབ་ཆ་རག་རྒྱུ་ཡོད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་ན་དེར་མཚུངས་ཀྱི་རིན་དོད་འཇལ་དུ་འཇུག་དགོས། འབྲི་ཆུའི་ཆུ་སྐྱོན་འབྱུང་བར་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། གནོད་འཚེ་འགོག་བཅོས། འཕྲལ་བསྟུན་རོགས་སྐྱོབ་བཅས་ཀྱི་མ་ལག་འཐུས་ཚང་བཟོ་བ་དང་། ཆུ་ལམ་ཕྱོགས་བསྡུས་བཅོས་སྐྱོང་དང་ཆུ་རགས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་ནས་ཆུ་རྒྱུན་དལ་འབབ་ཀྱི་འབྲི་ཆུ་ཕྱུག་མོ་ཆགས་པར་བྱེད་དགོས།
༄༅། །མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འབད་པས་འཛུགས་སྐྲུན་བྱེད་དགོས།
(2021ལོའི་ཟླ་4ཚེས་30ཉིན།)
དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་དགུ་པ་བྱས་པ་དང་། དེའི་ནང་དོན་ནི་གནས་བབ་གསར་པའི་འོག་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བ་ཡོད་པའི་བརྗོད་གཞིར་ཐུན་མོང་ཐོག་སློབ་སྦྱོང་ཐེངས་གཉིས་བྱས་པ་དང་འདི་ནི་ཐེངས་གསུམ་པ་ཡིན། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བཏོན་པའི་ལས་འགན་གསར་པ་དང་བླང་བྱ་གསར་པ་ངེས་ཤེས་བྱེད་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྤྱི་ཡོངས་ལས་དོན་གྱི་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་མཚོན་ན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་དེའི་ཕྱོགས་གཅིག་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ལ་མཚོན་ན་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས་བྱ་རྒྱུ་ནི་དེའི་གྲས་ཤིག་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་མཚོན་ན་ལྗང་མདོག་ནི་དེའི་ཡ་གྱལ་ཡིན། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་མཚོན་ན་སྦགས་བཙོག་འགོག་བཅོས་བྱ་རྒྱུ་ནི་དེའི་ཡ་གྱལ་ཡིན། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བར་བྱེད་པའི་དམིགས་འབེན་ལ་མཚོན་ན་མཛེས་སྡུག་ལྡན་པའི་ཀྲུང་གོ་ནི་དེའི་ཡ་གྱལ་ཡིན། དེའི་ཐོག་ནས་ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པ་སྒོ་ཀུན་ནས་མཚོན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་བཟུང་བའི་གོ་གནས་གལ་ཆེན་ཁ་གསལ་བཟོས་ཡོད།
ང་ཚོས་ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བརྒྱབ་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་བསྒྱུར་བཅོས་མ་ལག་ལྡན་པར་ཇུས་འགོད་བྱས་ཤིང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཏུ་བཅོས་སྐྱོང་བྱས་ཏེ། གཞི་རྩའི་རང་བཞིན་དང་། གསར་གཏོད་རང་བཞིན། ཕུགས་རྒྱང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ཡོད་ལ། ཆོད་སེམས་ཆེ་བ་དང་། སྒྲུབ་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ངོས་འཛིན་ནས་ལག་ལེན་བར་དུ་ལོ་རྒྱུས་རང་བཞིན་དང་། ཁ་དཀྱོག་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་ཡོད། ངས་སྔ་རྗེས་སུ་ཀན་སུའུ་ཡི་མདོ་ལ་རིང་མོའི་སྐྱེ་ཁམས་གཏོར་བརླག་བཏང་བ་དང་། ཧྲའན་ཞི་ཆིན་ལིང་རི་བོའི་བྱང་འདབས་སུ་ཁྲིམས་འགལ་གྱིས་གཞིས་ཁང་བསྐྲུན་པ། མཚོ་སྔོན་གྱི་མུ་རི་གཏེར་ཁུལ་ཁྲིམས་འགལ་གྱིས་སྔོག་འདོན་བྱས་པ་སོགས་དཔེ་མཚོན་ལྡན་པའི་གྱོད་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་བྱས་ཏེ། འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་འགན་ཤོར་ལས་འཛོལ་བྱུང་བའི་མི་སྣ་ཁག་ཅིག་རྩད་གཅོད་དང་བདའ་འདེད་ནན་པོ་བྱས་པ་རེད། ལོ་9ཡི་རིང་གནམ་སྔོན་པོ་ལ་སྤྲིན་དཀར་པོ་རྒྱུ་བའི་རྣམ་པ་བསྐྱར་དུ་མངོན་པ་དང་། ལྗང་མདོག་གཞི་ཁྱོན་མུ་མཐུད་དུ་རྒྱ་སྐྱེད་བྱུང་བ་དང་། ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་མགྱོགས་མྱུར་བྱུང་བ། ནུས་ཁུངས་ཟད་གྲོན་དང་དངོས་ཟོག་ཟད་གྲོན་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་པ། དུ་བ་དང་སྨུག་རྡུལ་སྟུག་པོ་ཚོད་འཛིན་ནུས་ལྡན་བྱུང་བ། བཙོག་ཆུ་དྲི་ངན་ཅན་མངོན་གསལ་གྱིས་ཉུང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་སྔར་བས་འཚོ་སྡོད་དང་འཚམ་པ་བྱུང་བ་བཅས་ལ་བརྟེན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་པ་དང་། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་གྱུར་ཡོད། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་སྲུང་སྐར་གཞི་གྲངས་ལྟར་ན། 2000ལོ་ནས་2017ལོའི་བར་གོ་ལ་ཧྲིལ་པོའི་གསར་དུ་འཕར་བའི་ལྗང་བསྒྱུར་རྒྱ་ཁྱོན་ལས་བཞི་ཆ་གཅིག་ནི་ཀྲུང་གོ་ནས་བྱུང་བ་རེད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་མོལ་བྱེད་རིམ་ལ་སྣེ་ཁྲིད་བྱས་པ་དང་། 《ཕ་རི་སིའི་གྲོས་མཐུན་》ལ་མིང་རྟགས་འགོད་པ་དང་། ནུས་པ་ཐོན་པ། ལག་ལེན་བསྟར་བ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། 2030ལོའི་གོང་དུ་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རྩེ་མོར་སོན་པར་བྱ་རྒྱུ་དང་། 2060ལོའི་གོང་དུ་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་ཁས་ལེན་ཐོབ་ཡོད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་དང་གཅིག་རམ་གཅིག་འདེགས་ཡིན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་ཐཱན་ཉུང་གི་རེས་འཁོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་ཐུབ་པར་མ་ཟད། སྔར་ལས་སྤུས་ཚད་མཐོ་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་དྲང་སྙོམས་ཡིན་པ། སྔར་ལས་རྒྱུན་མཐུད་ཐུབ་པ། སྔར་ལས་བདེ་འཇགས་ཡོང་བ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་པོ། སྐྱེ་ཁམས་བཟང་པོ་བཅས་ཀྱི་ཤེས་དཔལ་ལྡན་པའི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་ཐུབ་པ་ལག་ལེན་དངོས་ལས་ར་འཕྲོད་བྱུང་ཡོད།
སྐྱེ་ཁམས་ཁོར་ཡུག་ཉམས་གསོ་དང་ཇེ་ལེགས་སུ་གཏོང་རྒྱུ་ནི་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱེད་དགོས་པའི་བརྒྱུད་རིམ་ཞིག་ཡིན་པ་ལས་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྒྲུབ་དགོས། མིག་སྔར། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་འགལ་བ་དང་འགྲན་སློང་མང་པོ་ལྷགས་ཡོད་དེ། སྐྱེ་ཁམས་ཁོར་ཡུག་བརྟན་ཐོག་ལེགས་འཕེལ་ཡོང་བའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། གྲངས་འབོར་གྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་འབྱུང་བའི་དཀྱོག་མཚམས་ད་དུང་སླེབས་མེད་ལ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་དེ་མི་དམངས་མང་ཚོགས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ཆེ་ཙམ་གནས་ཡོད། རང་རྒྱལ་གྱི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་བརྒྱུད་རིམ་ཞིག་དགོས་ཏེ། སྲོལ་རྒྱུན་ཐོན་ལས་ཀྱིས་བཟུང་བའི་བསྡུར་ཚད་སྔར་བཞིན་ཅུང་མཐོ་བ་དང་། འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་དང་ལག་རྩལ་མཐོ་བའི་ཐོན་ལས་ད་དུང་དཔལ་འབྱོར་འཕར་སྣོན་ཡོང་བའི་གཙོ་ཁྲིད་སྟོབས་ཤུགས་སུ་གྱུར་མེད་ལ། ནུས་ཁུངས་ཀྱི་གྲུབ་ཚུལ་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བྱུང་མེད། གཙོ་གནད་ས་ཁོངས་དང་གཙོ་གནད་ལས་རིགས་ཀྱི་སྦགས་བཙོག་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་བྱེད་ཐུབ་མེད་ལ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་། ཐོན་ཁུངས་ཁོར་ཡུག་གིས་འཕེལ་རྒྱས་ལ་སྤྲད་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་སྤྱིའི་འཕེལ་ཕྱོགས་དང་དུས་བབ་ཀྱི་འཁོར་ཕྱོགས་ཡིན་ལ། ལྗང་མདོག་དཔལ་འབྱོར་དེ་གོ་ལ་ཧྲིལ་པོའི་ཐོན་ལས་འགྲན་རྩོད་ཀྱི་བཙན་སར་གྱུར་ཡོད། ནུབ་ཕྱོགས་རྒྱལ་ཁབ་འགའ་ཤས་ཀྱིས་འཛེམ་བག་མེད་པར་“ཁོར་ཡུག་གི་མིང་བྱང་”ཁྱེར་ནས་ཕྱོགས་མང་པོའི་ཐད་དུ་རང་རྒྱལ་ལ་གནོན་ཤུགས་སྤྲོད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐད་ཀྱི་རྒྱལ་ཁབ་ཆེན་པོའི་འཐབ་འགྲན་ཛ་དྲག་ཤིན་ཏུ་ཆེ་བ་རེད།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ངས་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཁྱད་ཆོས་གལ་ཆེན་མང་པོ་ལྡན་ཞིང་། དེའི་ནང་གི་གཅིག་ནི་རང་རྒྱལ་གྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དང་། དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བར་དོ་སྣང་བྱེད་པ་དེ་ཡིན་ཞེས་ནན་བཤད་བྱས་མྱོང་། “ལོ་ལྔ་ཚན་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཐཱན་འཕྲི་གཅོག་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ཁ་ཕྱོགས་གཙོ་བོར་འཛིན་པ་དང་། སྦགས་འཕྲི་ཐཱན་གཅོག་མཐུན་སྦྱོར་ངང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་གྲངས་འབོར་གྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་ཏུ་མངོན་འགྱུར་བྱེད་པ་བཅས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་ཇུས་འགོད་བྱེད་པ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་པ། གྲོན་ཆུང་འགོ་མ་བྱེད་པ་དང་། སྲུང་སྐྱོབ་འགོ་མ་བྱེད་པ། རང་བྱུང་སླར་གསོ་གཙོ་བོར་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་གི་བཀོད་པ་དང་། ཐོན་ལས་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པ་དང་། སྦགས་བཙོག་བཅོས་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་གཅིག་གྱུར་འཆར་འགོད་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
དང་པོ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས། ངས་ཐེངས་མང་པོར་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ནི་མཐར་གཏུགས་ན་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་གནད་དོན་ཡིན་ཞེས་ནན་བཤད་བྱས་པ་ཡིན། ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་ཆ་ཚང་འཛུགས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་པའི་རྨང་གཞིའི་ཐབས་ཇུས་ཤིག་ཡིན། ཟླ་3ཚེས་15ཉིན་ངས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་གཙོ་སྐྱོང་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱེད་པའི་གཞི་རྩའི་བསམ་ཕྱོགས་དང་བྱེད་ཐབས་གལ་ཆེན་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། སྦགས་འཕྲི་ཐཱན་གཅོག་མཐུན་སྦྱོར་ངང་ཕན་འབྲས་ཆེ་རུ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་འཛིན་བྱེད་བྱས་ཏེ། ཐོན་ལས་གྲུབ་ཚུལ་དང་། ནུས་ཁུངས་གྲུབ་ཚུལ། འགྲིམ་འགྲུལ་སྐྱེལ་འདྲེན་གྲུབ་ཚུལ། ས་ཞིང་སྤྱོད་པའི་གྲུབ་ཚུལ་བཅས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་དགོས། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་སྤྱོད་སྒོ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་། གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་སོགས་ཀྱི་བར་སྟོང་དོ་དམ་ཚོད་འཛིན་གྱི་མཐའ་མཚམས་ལག་བསྟར་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ལག་ལེན་བསྟར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཏན་འབེབས་དང་ནན་སྲུང་བྱེད་དགོས། ཐོན་ཁུངས་བེད་སྤྱོད་བྱེད་པའི་འབྱུང་རྩ་འདི་དམ་འཛིན་བྱས་ནས་ཐོན་ཁུངས་བསྡོམས་འབོར་དོ་དམ་དང་། ཚན་རིག་དང་མཐུན་པར་བགོ་སྒྲིག །ཕྱོགས་ཡོངས་ནས་གྲོན་ཆུང་། རེས་འཁོར་གྱིས་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཆེ་རུ་གཏོང་དགོས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་གནད་འགག་འདི་དམ་འཛིན་བྱས་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་། ལག་རྩལ་མཐོ་བའི་ཐོན་ལས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གཙང་མ་དང་ཐཱན་ཉུང་། བདེ་འཇགས། ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་བེད་སྤྱོད་པར་སྐུལ་འདེད་གཏོང་ཞིང་། ཐཱན་འབུད་ཚད་མུ་མཐུད་དུ་ཇེ་ཉུང་དུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དུ་ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། ཐཱན་སྡུད་གསོག་བེད་སྤྱོད་དང་ཉར་ཚགས་ཀྱི་ལག་རྩལ། ཐཱན་འབུད་ཚད་ཀླད་ཀོར་ཡིན་པའི་བཟོ་ལས་བརྒྱུད་རིམ་གྱི་བསྐྱར་གཏོད་ལག་རྩལ་སོགས་ཚན་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་པ་དང་། ལྗང་མདོག་ཐཱན་ཉུང་ལག་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མངོན་སུམ་དུ་སྒྱུར་བར་རྒྱབ་སྐྱོར་བྱེད་དགོས། ལྗང་མདོག་དངུལ་རྩ་འཕེལ་རྒྱས་བཏང་ནས་ལྗང་མདོག་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས།
ངས་ཐེངས་མང་པོར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཉུང་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་མི་གཞན་གྱིས་ང་ཚོར་སྒྲུབ་ཏུ་བཅུག་པ་མ་ཡིན་པར་ང་ཚོ་རང་ཉིད་ཀྱིས་སྒྲུབ་དགོས་པ་ཞིག་ཡིན་ཞེས་ནན་བཤད་བྱས་པ་ཡིན། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་རང་རྒྱལ་གྱིས་འཛམ་གླིང་ལ་བཞག་པའི་སྒམ་བརླིང་གི་དམ་བཅའ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཀྱང་ཡིན་པས། ལས་སླ་པོའི་ངང་མངོན་འགྱུར་བྱེད་ཐུབ་པ་ཞིག་གཏན་ནས་མིན། ད་ལྟ་སྡེ་ཚན་དང་ས་གནས་ལ་ལར་ནུས་ཁུངས་ཟད་གྲོན་ཆེ་བ་དང་འབུད་གཏོང་ཆེ་བའི་ལས་གཞི་གཉེར་འགོ་རྩོམ་པའི་ངར་ཤུགས་སྔར་བཞིན་ཆེན་པོ་འདུག །ད་ལོའི་ཟླ་དང་པོར་འཚོགས་པའི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག །ངས་ཆེད་དུ་ངོས་འཛིན་ནོར་འཁྲུལ་བརྒྱད་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་དགོས་ཞེས་ནན་བཤད་བྱས་པ་ཡིན། དེའི་ནང་གི་ངོས་འཛིན་ནོར་འཁྲུལ་གཅིག་ནི་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། རྒྱལ་ནང་གི་ཚོང་ར་ཆེན་པོ་ཆགས་པའི་གོ་སྐབས་དང་བསྟུན་ནས་ནུས་ཁུངས་ཟད་གྲོན་ཆེ་བ་དང་འབུད་ཚད་མཐོ་བའི་ལས་གཞི་གཉེར་ཤུགས་ཆེ་རུ་གཏོང་བ་དེ་ཡིན། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་འགག་སྒོ་དམ་སྲུང་བྱས་ནས་བླང་བྱ་དང་མི་མཐུན་པའི་ལས་གཞི་མཐའ་གཅིག་ཏུ་འདོར་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་བྱས་པའི་རྗེས་དང་དྲུད་པའི་ཤུལ་ཡོད་པའི་སེམས་ཤུགས་འདོན་པ་དང་། དུས་ཚོད་རེའུ་མིག་དང་། ལམ་ཐིག་རི་མོ། ཨར་ལས་དཔེ་རིས་བཅས་ཁ་གསལ་བཟོས་ནས་ཐོན་ཁུངས་ནུས་ཆེའི་བེད་སྤྱོད་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
གཉིས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ད་ལྟ་མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་བཅངས་པའི་རེ་ལྟོས་སྔར་ལས་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་བཟོད་སྒོམ་བྱེད་ཚད་སྔར་ལས་ཆུང་བར་གྱུར་ཡོད། མི་སེར་གྱི་ཉེ་འགྲམ་དུ་ཐོན་པའི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གཅིག་བསྡུས་ཀྱིས་ཐག་གཅོད་བྱས་ཏེ། མི་སེར་ལ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་ཕྱིན་པའི་མྱོང་ཚོར་ངོ་མ་འཐོབ་ཏུ་འཇུག་དགོས། གནད་ལ་ཁེལ་བར་བཙོག་བཅོས་དང་། ཚན་རིག་དང་མཐུན་པར་བཙོག་བཅོས། ཁྲིམས་ལྟར་བཙོག་བཅོས་བཅས་རྒྱུན་འཁྱོངས་དང་། ཤུགས་ཚད་མཐའ་འཁྱོངས་དང་། གཏིང་ཚད་ཟབ་གཏོང་། རྒྱ་ཁྱོན་ཆེར་སྐྱེད་བཅས་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་མུ་མཐུད་དུ་ཡག་པོ་རྒྱག་དགོས། སྦགས་བཙོག་དངོས་རྫས་སྣ་མང་མཐུན་སྦྱོར་ངང་ཚོད་འཛིན་དང་ས་ཁོངས་མཐུན་སྦྱོར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྲ་རྡུལ་དང་དཀུ་དབྱང་མཐུན་སྦྱོར་ངང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྦགས་བཙོག་ཚབས་ཆེ་བའི་གནམ་གཤིས་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག །ཆུའི་སྐྱེ་ཁམས་བཅས་བཅོས་སྐྱོང་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཙང་པོ་ཆུ་བོ་མཚེའུ་ཆུ་མཛོད་བཅས་ཀྱི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་མཚོ་ཁུག་འཛུགས་སྐྲུན་བྱེད་དགོས། ཡུལ་མིའི་འཐུང་ཆུའི་བདེ་འཇགས་སྲུང་སྐྱོབ་ནུས་ལྡན་བྱེད་པ་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ངན་ཅན་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་སྤྱོད་ས་ཞིང་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་སྦགས་བཙོག་ཉེན་ཁར་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་དགོས། གད་སྙིགས་རིགས་དབྱེ་དང་། ཉུང་འཕྲི་ཅན་དང་ཐོན་ཁུངས་ཅན་དུ་འགྱུར་བ་ལག་བསྟར་དང་། འགྱིག་སྙིགས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཆེའི་ཟོག་རོ་དང་སྨན་བཅོས་ཟོག་རོ་བསྡུ་རུབ་དང་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། ལྗིད་པའི་ལྕགས་རིགས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྦགས་བཙོག་དངོས་རྫས་གསར་པའི་བཅོས་སྐྱོང་ལ་མཐོང་ཆེན་བཅས་བྱེད་དགོས། སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་དེ་ཞང་གྲོང་དང་གྲོང་གསེབ་ཏུ་ཁྱབ་པར་སྐུལ་འདེད་དང་། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་མངོན་གསལ་གཏོང་བ་བཅས་བྱེད་དགོས།
གསུམ་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་དགོས། འདི་ནི་སྐྱེ་ཁམས་ཐོན་རྫས་སྤུས་ལེགས་འདོན་སྤྲོད་མང་དུ་བྱེད་པའི་དགོས་དབང་གི་བླང་བྱ་ཡིན་ལ། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ངན་པ་ཇེ་ཆུང་དུ་གཏོང་བ་དང་དེར་བསྟུན་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། “ཤིང་ནགས་འཛོམས་པོ་ནི་རྒྱལ་ཁབ་ཀྱི་བསོད་བདེའོ། །”[1]སྐྱེ་ཁམས་བཟང་པོར་མ་གཞི་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རིན་ཐང་ལྡན། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་གཞིར་བཟུང་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་བཅོས་སྐྱོང་དང་། རྩ་ལག་ཚང་བའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱེད་པར་སྔར་བས་མཐོང་ཆེན་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་གྱུར་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བཙུགས་ནས་རང་བྱུང་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་གི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་བར་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ལུགས་མཐུན་གྱི་ཕན་ཁེ་འཐོབ་ཏུ་འཇུག་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བར་བབ་མཚུངས་ཀྱི་རིན་དོད་འཇལ་དུ་འཇུག་དགོས། མྱ་ངམ་ཐང་དང་། བྱེ་རྡོ་ཅན། ས་ཆུ་ཤོར་པ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གཞི་རྒྱ་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་བྱ་སྤྱོད་སྤེལ་དགོས། རྩྭ་ཐང་ནགས་ཚལ་རྒྱུག་ཆུ་མཚེའུ་བཅས་རྒྱ་བསྡམས་ཏེ་སོར་ཆུད་ཡོང་བར་བྱེད་པ་དང་། འབྲི་ཆུར་ལོ་བཅུའི་རིང་ཉ་རྒྱ་སྡོམ་པ་ལག་བསྟར་ཡག་པོ་བྱེད་པ་དང་། རྨོ་ཞིང་འདེབས་འཇོག་རེས་མོས་ལམ་ལུགས་ཆ་ཚང་དུ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར་དང་། ཕྱི་ཡོང་སྐྱེ་དངོས་རིགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཡག་པོ་གཉེར་བ་བཅས་བྱེད་དགོས།
བཞི་པ། གོ་ལ་ཧྲིལ་པོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་ནི་མིའི་རིགས་ཡོངས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་སློང་ཡིན། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་དགོས་ཤིང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། རྒྱ་མཚོའི་སྦགས་བཙོག་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་རྒྱག་པ་དང་། རྒྱལ་སྤྱིའི་སྤྱི་ཆིངས་ལག་བསྟར་ནན་ཏན་དང་རང་འགུལ་གྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་དུས་རིམ་དང་ནུས་པར་འཚམ་པའི་ཁོར་ཡུག་བཅོས་སྐྱོང་གི་འོས་འགན་ཕྲག་ཏུ་བླངས་ཏེ། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་སྔར་ལས་མང་བ་འདོན་སྤྲོད་བྱེད་པ་དང་། ལམ་ལུགས་རང་བཞིན་གྱི་ཁེ་དབང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འོས་འགན་དང་ཁེ་དབང་དོ་སྙོམས་ཡོང་བ་བཅས་བྱས་ནས་རང་རྒྱལ་གྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་མངོན་པར་སྟོན་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལྷོ་ལྷོ་མཉམ་ལས་དང་དེ་བཞིན་མཐའ་འཁོར་རྒྱལ་ཁབ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་ནུས་ཅི་ལྕོགས་ཀྱིས་མ་དངུལ་དང་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱེད་པ་དང་། ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རོགས་བྱས་ནས་ལྗང་མདོག་གི་“རྒྱུད་གཅིག་ལམ་གཅིག་”མཉམ་དུ་སྐྲུན་དགོས། ཐུན་མོང་བ་ཡིན་ལ་ཁྱད་པར་ཡང་ཡོད་པའི་འགན་འཁྲིའི་རྩ་དོན་དང་། དྲང་སྙོམས་ཀྱི་རྩ་དོན། རང་སོའི་ནུས་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཕྱོགས་མང་རིང་ལུགས་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ལ་ལས་རང་རྒྱལ་ལ་“སྒྲིགས་འཆིང་”བྱེད་རྩིས་ལ་ཁ་གཏད་ནུས་ལྡན་བཅགས་ནས་རང་རྒྱལ་འཕེལ་རྒྱས་གཏོང་བའི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ལྔ་པ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་ཨུ་ཡིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ཁེ་ལས་བྱེད་པོ་ཡིན་པ། སྤྱི་ཚོགས་རྩ་འཛུགས་དང་མང་ཚོགས་མཉམ་དུ་ཐེ་ཞུགས་བྱེད་པ་བཅས་ཀྱི་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་ཆ་ཚང་དུ་གཏོང་དགོས་ཤིང་། གཞི་གཅིག་ཏུ་འཆར་འགོད་དང་། གཞི་གཅིག་ཏུ་བཀོད་སྒྲིག །གཞི་གཅིག་ཏུ་སྐུལ་འདེད། གཞི་གཅིག་ཏུ་དཔྱད་ཞིབ་བཅས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས། སྐྱེ་ཁམས་དཔལ་ཡོན་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་རྒྱག་པ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ཐོན་དབང་ལམ་ལུགས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཆ་ཚང་དུ་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་དང་ནུས་བསྲི་སྙིགས་འཕྲིའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དོ་དམ་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་དངུལ་འཇོག་ལམ་སྲོལ་བརྟན་པོ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བཙོག་འབུད་དབང་ཆ་དང་། ནུས་སྤྱོད་དབང་ཆ། ཆུ་སྤྱོད་དབང་ཆ། ཐཱན་འབུད་དབང་ཆ་བཅས་ཚོང་ར་ཅན་དུ་ཉོ་ཚོང་བྱེད་པར་སྐུལ་འདེད་གཏོང་བ། ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། ལྗང་མདོག་ཤེས་དཔལ་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོབ་འདུ་ཤེས། སྐྱེ་ཁམས་འདུ་ཤེས་བཅས་ཇེ་ཟབ་ཏུ་གཏོང་བ། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་མི་དམངས་ཡོངས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
2018ལོའི་ཟླ་5ཚེས་18ཉིན། ངས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཐོག་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གནོན་ཤུགས་བརྩེགས་མ་དང་ལྗིད་ཁུར་མདུན་སྐྱོད་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་ལ། སྐྱེ་ཁམས་ཐོན་རྫས་སྤུས་ལེགས་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ལྡན་པའི་སྐར་ཁུང་དུས་སྐབས་སུའང་སླེབས་ཡོད་ཅེས་བཏོན་པ་ཡིན། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”སེམས་ལ་བཅངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བཀའ་བསྒོ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་དང་ཕན་འབྲས་འཐོན་པར་འགན་ལེན་བྱེད་དགོས།
མཆན་འགྲེལ།
[1] 《ཀོན་ཙི་•སྲིད་འཛུགས་》ཞེས་པར་གསལ།
༄༅། །རྨ་ཆུས་དུས་གཏན་དུ་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་སྐྲུན་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
(2021ལོའི་ཟླ་10ཚེས་22ཉིན།)
མིག་སྔའི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་ལ་ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་གནད་ཆེན་སྟངས་འཛིན་ཡག་པོ་བྱེད་པ་དང་། དམིགས་འབེན་དམ་འཛིན་དང་། ཏན་ཏན་ཏིག་ཏིག །དཀའ་སྤྱད་འབད་བརྩོན། བརྩོན་པ་རྒྱུན་ཆགས་བཅས་བྱས་ཏེ་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་རྒྱུ་འགན་ལེན་བྱས་ནས་རྨ་ཆུས་དུས་གཏན་དུ་ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་སྐྲུན་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཚད་ལ་རིམ་སྤར་བྱས་ཚུན་དུ། ང་ཚོས་རྨ་ཆུའི་འབབ་རྒྱུད་དུ་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ལས་དོན་འབོར་ཆེན་བསྒྲུབས་ཡོད། རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་“ཀ་བཞི་གདུང་བརྒྱད་”འཛུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་སྐུལ་འདེད་གཏོང་བ། བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་ཐོན་གསར་པ་བྱུང་ཡོད། དུས་མཚུངས་སུ་ཤེས་དགོས་པ་ཞིག་ནི། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དུ་ད་དུང་འགལ་བ་དང་གནད་དོན་འབུར་ཐོན་ཅན་འགའ་ཞིག་གནས་ཡོད་པས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཡང་འབད་བསྐྱར་འབད་བྱས་ནས་བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་ཡག་པོར་སྒྲུབ་དགོས།
རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་འགོ་མ་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་དེང་རབས་ཅན་གྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས། དང་པོ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ངེས་ཤེས་འཁྲུལ་མེད་བྱེད་དགོས། སྲུང་སྐྱོབ་ཆེན་པོ་དེ་འགག་རྩའི་ལས་འགན་དུ་འཛིན་དགོས་པ་དང་། ཁོར་ཡུག་གི་གནད་དོན་དག་ཐེར་དང་། ཆུ་གྲོན་ཆུང་དང་ཆུ་ཚོད་འཛིན་གཏིང་ཟབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པ་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོར་བརྒྱབ་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་ལེགས་བཅོས་མངོན་གསལ་ཞིག་བྱེད་དགོས། རྨ་ཆུའི་འབབ་རྒྱུད་དུ་གསར་སྤེལ་དང་འཛུགས་སྐྲུན་བྱེད་ན། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དམ་སྲུང་དང་། ངེས་པར་དུ་ཐོན་ཁུངས་སྤྱི་དང་ལྷག་པར་དུ་ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ཚད་གཞི་ནན་སྲུང་བྱས་ཏེ། གཅུན་སྡོམ་ཚ་ནན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། གཉིས་པ། འཕེལ་རྒྱས་དང་བདེ་འཇགས་ཞེས་པའི་དོན་ཆེན་གཉིས་གཅིག་འདོམས་བྱས་ནས་ཉེན་ཁ་སྔོན་འགོག་དང་ཉེན་ཁར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། ཆུའི་བདེ་འཇགས་ཀྱི་ཉེན་ཁར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ཆུ་གྲོན་ཆུང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། བདེ་འཇགས་ཀྱི་ཕྱོགས་ནས་ཁ་གཏད་ཧུར་ཐག་འཇལ་བ་དང་། ཕྱོགས་ཡོངས་ནས་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་དགོས། གསུམ་པ། འཐབ་ཇུས་ཀྱི་བསམ་གཞིགས་ནུས་པ་ཆེ་རུ་བཏང་ནས་མ་ལག་གི་འདུ་ཤེས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་དགོས། ཁྱོན་ཡོངས་དང་བྱེ་བྲག་གི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་། ཇུས་གཞི་གཅིག་གི་འདུ་ཤེས་ཆེ་རུ་བསྐྱེད་ནས་གནད་དོན་གནད་ཆེན་ཐད་དུ་ཁྱོན་ཡོངས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས། ད་ལྟ་དང་ཕུགས་རྒྱང་གི་འབྲེལ་བ་སྟངས་འཛིན་ཡག་པོ་བྱེད་པ་དང་། ཕུགས་རྒྱང་ལ་དམིགས་ནས་ཞིབ་འཇུག་ནན་ཏན་བྱས་ཏེ། འཕྲལ་ཕན་འཕྲལ་གཉེར་དང་འཕྲལ་འགྲུབ་ཡོང་རེ་བྱེད་པའི་བསམ་བློ་སྤོང་དགོས། བཞི་པ། བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་དེ། འབབ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་སྒྱུར་དང་། ལས་ཆོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས། སྤྲོད་མཁོ་ཕྱོགས་གཉིས་ནས་འགོ་བརྩམས་ཏེ། ནུས་ཁུངས་ཟད་གྲོན་གྱི་ཚོད་འཛིན་གཉིས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། “མཐོ་གཉིས་”[1]ལས་གཞི་རྨོངས་ཚོད་ཀྱིས་ལས་འགོ་འཛུགས་པར་ཚོད་འཛིན་ནན་པོ་བྱས་ཏེ། ནུས་ཁུངས་ཐོན་སྐྱེད་ཀྱི་གྲུབ་ཚུལ་སྲོལ་ལུགས་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱ་རྒྱུ་དམ་འཛིན་དང་། ཐཱན་འབུད་ཚད་ཆེ་བའི་རྗེས་ལུས་ཐོན་ནུས་དང་ཐོན་སྐྱེད་བཟོ་རྩལ་འདོར་དགོས། རྡོ་སོལ་དང་གློག་ཤུགས་འདོན་སྤྲོད་བརྟན་པོ་ཡོང་བར་འགན་སྲུང་ཏན་ཏིག་དང་། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཡོང་རྒྱུ་འགན་སྲུང་ཡག་པོ་བྱེད་དགོས།
“ལོ་ལྔ་ཚན་བཅུ་བཞི་པ་”ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཡིན་པས། ལས་འགན་གནད་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡག་པོར་བཟུང་ནས་རྣམ་པ་གསར་པ་གང་མགྱོགས་སྒོས་གཏོད་དགོས། གཅིག་ནས་རང་བྱུང་གནོད་འཚེ་འགོག་པའི་སྲུང་རགས་གང་མགྱོགས་འཛུགས་དགོས། ཆུ་ལོག་ཆེན་པོ་དང་གནོད་འཚེ་ཆེན་པོ་སྔོན་འགོག་བྱེད་པར་གཞི་འཛུགས་པ་དང་། འབྲུབ་འགོག་གེགས་སེལ་ལས་བྱུང་བའི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་མགྱོགས་མྱུར་ངང་ཞིབ་བཤེར་བྱས་ནས་ཆད་ལུས་འཚོལ་ཞིབ་དང་ཁ་གསབ་བྱས་ཏེ། གནོད་སྐྱོན་སྔོན་བརྡ་དང་ལྟ་བཤེར་གྱི་ཆད་སྐྱོན་ཡག་པོར་གསབ་དགོས་པ་དང་། གནོད་འགོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་ཡག་པོར་གསབ་དགོས། གྲོང་ཁྱེར་གྱི་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་གཤོང་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། གནོད་འགོག་གེགས་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་བར་སྟོང་དང་ཆུ་ལོག་གཤོང་ལམ་སོགས་སྲུང་སྐྱོབ་ནན་པོ་བྱེད་དགོས། གཉིས་ནས་ཕྱོགས་མཐའ་ཡོངས་ནས་“ཆུ་བརྟེན་གཏན་འཁེལ་བཞི་”ཡི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ། ཆུ་ལ་བརྟེན་ནས་མི་གཏན་འཁེལ། ཆུ་ལ་བརྟེན་ནས་ཐོན་ལས་གཏན་འཁེལ་བཅས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཆུའི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་ཡོད་པ་དང་། ཆུའི་ཐོན་ཁུངས་ཆོད་ཆེའི་བེད་སྤྱོད་ཐུབ་པ། ཆུའི་སྐྱེ་ཁམས་ལེགས་བཅོས་མངོན་གསལ་ཡོང་བ་བཅས་ཀྱི་ཞིབ་བསྡུས་གྲོན་ཆུང་གི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་ཡག་པོར་སྐྱོད་དགོས། སྤྱོད་མཁས་བཏུང་མཁས་ཀྱི་སྒོ་ནས་ཆུའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། དམ་ནན་ཞིབ་ཕྲའི་ངང་ཆུའི་ཐོན་ཁུངས་དོ་དམ་ཡག་པོ་བྱེད་དགོས། ཆུ་དབང་དང་སྦགས་བཙོག་འབུད་དབང་སོགས་ཉོ་ཚོང་བྱེད་ཐབས་གསར་གཏོད་བྱས་ཏེ་ནོར་ཁྲལ་གྱི་བཀན་ཤིང་བེད་སྤྱོད་ཡག་པོ་བྱེད་པ་དང་། རིན་གོང་ལམ་སྲོལ་གྱི་ནུས་པར་བརྟེན་ནས་ཆུ་གྲོན་ཆུང་གི་ཕན་འབྲས་ཆེ་རུ་གཏོང་བར་ལྡོག་སྐུལ་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། སྟོད་རྒྱུད་ཀྱི་ཆུའི་ཐོན་ཁུལ་དུ་རང་བྱུང་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མཐོ་སྒང་དང་མཐོ་གྲང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་མ་ལག་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་བྱས་ནས་སྲོལ་ལྡན་ངང་སོར་ཆུད་མལ་གསོའི་ལམ་ལུགས་ལག་བསྟར་བྱེད་དགོས། སྟོད་རྒྱུད་དང་བར་རྒྱུད་ཀྱི་ས་ཆུ་ཤོར་པ་བཅོས་སྐྱོང་དང་མྱ་ངམ་ཐང་དུ་འགྱུར་བ་འགོག་བཅོས་བྱ་རྒྱུ་ཡག་པོར་བཟུང་ནས་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྨད་རྒྱུད་ཀྱི་ཆུ་ལམ་དང་གྲམ་ཐང་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་མདོའི་ཟུར་གསུམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏོང་དགོས། ཁོར་ཡུག་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་དགོས། བཞི་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་བཀོད་པ་གསར་པ་གང་མགྱོགས་སྐྲུན་དགོས། འབབ་རྒྱུད་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཐོན་ཁུལ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ནས་ས་ཁུལ་དེ་དག་གིས་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོབ་དང་སྐྱེ་ཁམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འོས་འཚམ་གཏོང་ཐུབ་པ་བྱེད་དགོས། ཞིང་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་སྐབས་ཆུ་གྲོན་ཆུང་བྱེད་པ་ལས་ཕན་འབྲས་ལེན་པ་དང་། ཚན་རྩལ་ལས་ཕན་འབྲས་ལེན་དགོས་ལ། སྐམ་འདེབས་ཞིང་ལས་འཕེལ་རྒྱས་བཏང་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་ཆེན་པོའི་མུ་ཁྱུད་ཞིབ་གཉེར་ནུས་ཆེའི་འཕེལ་རྒྱས་གཏོང་དགོས་པ་ལས་རྨོངས་ཚོད་ཀྱིས་རྒྱ་སྐྱེད་གཏོང་མི་རུང་། ལྔ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དུ་གོམ་པ་བརྟན་པོ་སྤོ་དགོས། གསར་གཏོད་དང་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས་ཐོན་ལས་མུ་ཕྲེང་དང་གསར་གཏོད་མུ་ཕྲེང་མཐུན་སྦྱོར་ཡོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ཁུངས་གསར་བརྗེར་སྐུལ་འདེད་བཏང་ནས་ནུས་ཁུངས་འདོན་སྤྲོད་འགན་སྲུང་བརྟན་པོ་བྱེད་དགོས། མཚོ་རྒྱུད་དང་འབྲི་ཆུའི་འབབ་རྒྱུད་ས་ཁུལ་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཟིན་ལ། འགག་རྩ་ནི་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། གོམ་སྟབས་གཅིག་གྱུར། དོན་འཁྱོལ་དམ་འཛིན་བཅས་བྱ་རྒྱུ་དེ་ཡིན་པས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ། རང་འགན་གཙང་སྒྲུབ་དང་རང་འགུལ་ངང་ལས་དོན་སྒྲུབ་དགོས། ཚོང་རའི་བྱེད་པོ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་བརྩོན་སེམས་སྐུལ་སློང་བྱེད་དགོས།
ཟླ་7པའི་ཟླ་སྨད་ཀྱི་ཚུན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆ་ལ་ལར་མཐོང་དཀོན་པའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་པས། འབྲེལ་ཡོད་ས་ཁུལ་ཁག་གིས་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་ཏན་ཏིག་གིས་ཡག་པོར་སྒྲུབ་དགོས་པ་དང་། ལྷག་པར་དུ་གནོད་འཚེ་ཕོག་པའི་རྐྱེན་གྱིས་དཀའ་ངལ་གྱི་གནས་སུ་གྱར་བའི་མང་ཚོགས་ལ་སེམས་ཁུར་དང་རོགས་རམ་བྱས་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བའི་རྒྱུན་ལྡན་སྒྲིག་ལམ་ལ་འགན་ལེན་ཡོད་པར་བྱེད་དགོས། སྟོན་ཞོད་ཀྱི་ཤུགས་རྐྱེན་སེལ་བར་དོ་སྣང་བྱས་ཏེ། དམིགས་གཏད་རང་བཞིན་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་སྟོན་དུས་དང་དགུན་དུས་ཀྱི་རྨོ་འདེབས་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། དགུན་ཁ་སླེབས་ལ་ཉེ་བས། ས་གནས་ཁག་གིས་སྔ་ཙམ་ནས་བཀོད་ཇུས་དང་སྔོན་ཇུས་བཟོས་ཏེ་མང་ཚོགས་ཀྱི་འཚོ་བའི་སྤྱོད་གློག་དང་དྲོད་རླངས་འདོན་རྒྱུ་འགན་སྲུང་བྱས་ཏེ། མང་ཚོགས་ཀྱིས་དགུན་ཁ་དྲོ་སྐྱིད་ལྡན་པའི་ངང་སྐྱེལ་ཐུབ་པ་འགན་ལེན་བྱེད་དགོས།
མཆན་འགྲེལ།
[1] “མཐོ་གཉིས་”ཞེས་པ་འདིར་ནུས་ཁུངས་ཟད་གྲོན་མཐོ་བ་དང་སྙིགས་མ་འབུད་གཏོང་མཐོ་བར་ཟེར།
“ཐཱན་གཉིས་”དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན།
༄༅། །“ཐཱན་གཉིས་”དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན།
(2022ལོའི་ཟླ་1ཚེས་24ཉིན།)
ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནང་གནས་ཀྱི་བླང་བྱ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་གཅིག་འདོམས་བྱས་ནས་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་བཅད་པ་ཞིག་རེད། ང་ཚོས་ངེས་པར་དུ་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། “ཐཱན་གཉིས་”ཀྱི་དམིགས་འབེན་[1]མངོན་འགྱུར་བྱེད་པའི་དགོས་གཏུག་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་དཔྱིས་ཕྱིན་པ་དང་། ཡག་པོར་སྒྲུབ་དགོས་པའི་གཙོ་གནད་ལས་དོན་ལ་ཞིབ་འཇུག །བསམ་བློ་དང་ངོས་འཛིན་གཅིག་གྱུར་ཡོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་འགོ་མ་བྱེད་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ལ་རིགས་སྒྱུར་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ང་ཚོས་ལྗང་མདོག་ཐཱན་ཉུང་རེས་འཁོར་ངང་འཕེལ་རྒྱས་ཡོང་བའི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་ཉོ་འཚོང་བྱེད་འགོ་འཛུགས་པ། མངའ་ཁོངས་ཕྱི་རུ་སོལ་གློག་ལས་གཞི་གསར་པ་མི་བསྐྲུན་པ་ཁྱབ་བསྒྲགས་བྱེད་པ། “ཐཱན་གཉིས་”ཀྱི་སྲིད་ཇུས་མ་ལག་གང་མགྱོགས་འཛུགས་པ། གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་གྲོས་མོལ་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་འཁུར་སེམས་བསྟན་ཡོད། “ཐཱན་གཉིས་”ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་གཞན་གྱིས་ང་ཚོར་སྒྲུབ་ཏུ་བཅུག་པ་ཞིག་མ་ཡིན་པར་ང་ཚོ་རང་ཉིད་ཀྱིས་ངེས་པར་དུ་སྒྲུབ་དགོས་པ་ཞིག་ཡིན། རང་རྒྱལ་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་ཡོད་པས། “ཐཱན་གཉིས་”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཐད་ཀྱི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེད་པ་དང་རྒྱུན་མཐུད་ཡོད་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་མཁོ་ཚ་པོ་དང་། ལག་རྩལ་ཡར་ཐོན་གྱི་འཕེལ་ཕྱོགས་ལ་བསྟུན་པ་དང་དཔལ་འབྱོར་གྲུབ་ཚུལ་གསར་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཚ་པོ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་སྐོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བའི་དགོས་མཁོ་ཚ་པོ། རང་འགུལ་ངང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་དགོས་མཁོ་ཚ་པོ་བཅས་རེད། ང་ཚོས་ངེས་པར་དུ་“ཐཱན་གཉིས་”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་སྒོ་ཀུན་ནས་ངོས་འཛིན་བྱས་ཏེ་“ཐཱན་གཉིས་”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་ཆེ་རུ་གཏོང་དགོས།
“ཐཱན་གཉིས་”ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ནི་རྒྱ་ཆེ་ལ་གཏིང་ཟབ་པའི་འཕོ་འགྱུར་ཞིག་ཡིན་པ་ལས་དལ་དལ་ལྷོད་ལྷོད་ངང་འགྲུབ་ཐུབ་པ་ཞིག་གཏན་ནས་མིན། ང་ཚོས་འཐབ་ཇུས་ཀྱི་བསམ་གཞིགས་ནུས་པ་ཆེ་རུ་བཏང་སྟེ་མ་ལག་གི་འདུ་ཤེས་དེ་“ཐཱན་གཉིས་”ལས་དོན་གྱི་བརྒྱུད་རིམ་ཡོངས་སུ་དཀྱུས་གཅིག་ཏུ་བསྟར་ནས་འབྲེལ་བ་བཞི་ཐག་གཅོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་སྟེ། གཅིག་ནི་འཕེལ་རྒྱས་དང་བཙོག་འབུད་འཕྲི་འཐེན་བར་གྱི་འབྲེལ་བ་ཡིན། བཙོག་འབུད་འཕྲི་འཐེན་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ཆུང་དུ་གཏོང་བ་ཞིག་མིན་ལ་འབུད་གཏོང་མི་བྱེད་པའང་མིན་པར། དེ་ནི་སྐྱེ་ཁམས་འགོ་མ་བྱེད་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་བའི་འགྲོ་ལམ་དུ་བསྐྱོད་དེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནང་དུ་ལྗང་མདོག་ལ་རིགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ལ་རིགས་སྒྱུར་བྱེད་པའི་ནང་དུ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུ་དེ་ཡིན། གཅིག་འདོམས་ཀྱིས་བཀོད་ཇུས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐཱན་འཕྲི་འཐེན་བྱེད་པ་དང་ཆབས་ཅིག་ནུས་ཁུངས་ཀྱི་བདེ་འཇགས་དང་། ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་གི་བདེ་འཇགས། འབྲུ་རིགས་ཀྱི་བདེ་འཇགས་བཅས་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་འགན་ལེན་ཏན་ཏིག་བྱེད་དགོས། གཉིས་ནི་ཆ་ཅན་དང་ཆ་ཤས་བར་གྱི་འབྲེལ་བ་ཡིན། རྒྱལ་ཡོངས་ཇུས་གཅིག་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་སྦྲེལ་མཐུད་དང་མཐུན་སྦྱོར་ཡོང་བར་ཤུགས་བརྒྱབ་སྟེ་བསྒྲིལ་ཤུགས་ཆགས་པར་འགན་ལེན་ཏན་ཏིག་བྱེད་དགོས་ལ། ས་ཁོངས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་ཐོན་ལས་ཁག་བགོས་ཀྱི་གནས་ཚུལ་དངོས་ལའང་བསམ་གཞིགས་དཔྱིས་ཕྱིན་པ་བྱས་ཏེ། ས་གནས་ཁག་གི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་ཁ་ཕྱོགས་དང་“ཐཱན་གཉིས་”ཀྱི་བྱ་སྤྱོད་འཆར་གཞི་ཞིབ་འཇུག་གཏན་འཁེལ་བྱེད་དགོས་པ་ལས་གོམ་པ་མཉམ་སྤོ་དང་“གཅིག་དཔེ་བརྒྱ་འགེབས་”གཏན་ནས་བྱེད་མི་རུང་། གསུམ་ནི་ཕུགས་ཀྱི་དམིགས་འབེན་དང་འཕྲལ་གྱི་དམིགས་འབེན་བར་གྱི་འབྲེལ་བ་ཡིན། མིག་མདུན་ལ་གཞི་ཚུགས་ནས་གནད་དོན་བྱེ་བྲག་པ་རེ་རེ་བཞིན་ནན་ནན་བཅགས་བཅགས་ཀྱིས་ཐག་གཅོད་བྱས་ཏེ་རྒྱལ་ཁ་ཆུང་ཆུང་བསགས་ནས་རྒྱལ་ཁ་ཆེན་པོ་ལེན་དགོས་ལ། ཕུགས་རྒྱང་ལའང་དམིགས་ནས་མིག་མདུན་གྱི་ཁེ་ཕན་ཁོ་ན་གཉེར་བ་དང་འཕྲལ་མར་འགྲུབ་རེ་བྱེད་པའི་བསམ་བློ་ཁྱད་དུ་གསོད་པ་དང་ཐཱན་འཕྲི་འཐེན་བྱེད་པའི་དམ་ལྷོད་དང་ཤུགས་ཚད་སྟངས་འཛིན་ཡག་པོ་བྱས་ཏེ། དངོས་ཐོག་བདེན་འཚོལ་དང་། གོམ་པ་རིམ་བགྲོད། རྒྱུན་མཐུད་ཤུགས་འདོན་བཅས་བྱེད་དགོས། བཞི་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཡིན། ཕྱོགས་གཉིས་ནས་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལས་བརྩོན་སྲིད་གཞུང་དང་ནུས་ལྡན་ཚོང་ར་ཟུང་འབྲེལ་སྔར་ལས་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་“ཐཱན་གཉིས་”ལས་དོན་གྱི་སྐུལ་ལྕག་དང་གཅུན་སྡོམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།
“ཐཱན་གཉིས་”ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱལ་ཡོངས་གཅིག་འདོམས་དང་། གྲོན་ཆུང་འགོ་མ་བྱེད་པ། ཕྱོགས་གཉིས་ནས་སྐུལ་འདེད་གཏོང་བ། ཕྱི་ནང་ཤར་བགྲོད་ཐུབ་པ། ཉེན་ཁ་འགོག་ཟོན་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ལམ་ལུགས་ཀྱི་བཟང་ཆ་དང་། ཐོན་ཁུངས་ཀྱི་ཆ་རྐྱེན། ལག་རྩལ་གྱི་གཏིང་ཤུགས། ཚོང་རའི་གསོན་ཤུགས་བཅས་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐོན་ལས་གྲུབ་ཚུལ་དང་། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས། བར་སྟོང་བཀོད་པ་བཅས་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས། དང་པོ། གཅིག་འདོམས་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། “ཐཱན་གཉིས་”ཀྱི་ལས་དོན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་བཀོད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་འཇོག་པ་དང་། ཐཱན་གཅོག་དང་། སྦགས་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། འབྲེལ་ཡོད་འཆར་འགོད་དང་། ལག་བསྟར་ཇུས་གཞི། འགན་སྲུང་བྱེད་ཐབས་བཅས་གང་མགྱོགས་བཟོས་ནས་འདོན་པ། “ཐཱན་རྩེར་སོན་གྱི་བྱ་སྤྱོད་ཆེན་པོ་བཅུ་”[2]སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྲིད་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་འཛིན་པ་དང་། ཚན་རིག་དང་མཐུན་པར་ཐཱན་རྩེར་སོན་གྱི་གོམ་འགྲོས་སྟངས་འཛིན་བྱེད་པ། འགན་འཁྲིའི་བྱེད་པོ་དང་། ལས་ཀའི་འགན་འཁུར། ཡོངས་འགྲུབ་དུས་ཚོད་བཅས་ཁ་གསལ་བཟོས་ཏེ་བརྟན་བརླིང་དང་སྒྲིག་སྲོལ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས། གཉིས་པ། ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ནུས་ཁུངས་དང་ཐོན་ཁུངས་ཀྱི་བཟང་ཆ་ལ་གཞི་ཚུགས་ཏེ། བཙུགས་པའི་རྗེས་ལ་གཏོར་བ་དང་ཁྱོན་ཡོངས་ནས་བཀོད་ཇུས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་གྱི་ནུས་ཁུངས་རིམ་བཞིན་ཕྱིར་འཐེན་བྱ་རྒྱུ་དེ་ངེས་པར་དུ་ནུས་ཁུངས་གསར་པའི་བདེ་འཇགས་བློས་འཁེལ་གྱི་ཚབ་དོད་ཡོད་པའི་རྨང་གཞིའི་ཐོག་ཚུགས་དགོས། རླུང་གློག་དང་འོད་གློག་གི་རྟེན་གཞི་ཆེ་གྲས་ཀྱིས་རྨང་གཞི་བྱེད་པ་དང་། དེའི་མཐའ་འཁོར་གྱི་དྭངས་གཙང་ནུས་ཆེ་སྔོན་ཐོན་ནུས་བསྲི་བཞི་ལྡན་གྱི་སོལ་གློག་གིས་འདེགས་སྐྱོར་བྱེད་པ། བརྟན་བརླིང་བདེ་འཇགས་བློས་འཁེལ་གསུམ་ལྡན་གྱི་ཆེས་མཐོ་གནོན་གློག་སྐྱེལ་གློག་སྒྱུར་སྐུད་ལམ་གྱིས་རྟེན་གཞི་བྱེད་པའི་ནུས་ཁུངས་གསར་པའི་མཁོ་སྤྲོད་བསྡུ་ཉར་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། འགྱུར་རྡོའི་ནུས་ཁུངས་འཛད་སྤྱོད་བྱེད་པར་ཚོད་འཛིན་མཐའ་གཅིག་ཏུ་བྱེད་པ་དང་། ལྷག་པར་དུ་རྡོ་སོལ་འཛད་སྤྱོད་འཕར་ཚད་ལུགས་མཐུན་ངང་ཚོད་འཛིན་ནན་པོ་བྱེད་པ་དང་། སྲོལ་ལྡན་ངང་གྲངས་འབོར་འཕྲི་འཐེན་དང་རྙིང་ཚབ་གསར་བརྗེ་བྱེད་དགོས། སོལ་གློག་གི་ནུས་བསྲི་དང་ཐཱན་གཅོག་བསྒྱུར་བཀོད་དང་། སྟབས་བསྟུན་རང་བཞིན་གྱི་བསྒྱུར་བཀོད། ཚ་དྲོད་འདོན་སྤྲོད་ཀྱི་བསྒྱུར་བཀོད་བཅས་“སྒྱུར་བཀོད་གསུམ་མཉམ་འགུལ་”ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྒྱལ་ནང་གི་ནུས་ཁུངས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་བདེ་འཇགས་ཡོང་བར་འགན་སྲུང་བྱེད་ཅིང་། མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ནུས་བརྟན་པོའི་ངང་འཕར་རྒྱུ་མཐའ་འཁྱོངས་བྱེད་དགོས། སོལ་རླངས་སྣུམ་གསུམ་གྱི་གྲབས་གསོག་ནུས་པའི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྔོན་ཐོན་གྱི་ནུས་ཁུངས་གསོག་འཇོག་ལག་རྩལ་གཞི་ཁྱོན་ཅན་དུ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་གསར་པ་དང་ནུས་ཁུངས་གཙང་མ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྔར་ལས་མངོན་གསལ་ཆེ་བའི་གནས་བབ་སྟེང་བཞག་སྟེ། འོད་ནུས་དང་། ཀུའེ་ནུས། ཆིང་ནུས། བསྐྱར་སྐྱེ་ནུས་ཁུངས་བཅས་ཧུར་བརྩོན་དང་སྒྲིག་ལམ་ལྡན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས། ནུས་ཁུངས་ལག་རྩལ་དེ་དེང་རབས་ཀྱི་ཆ་འཕྲིན་དང་། རྒྱུ་ཆ་གསར་པ། སྔོན་ཐོན་གྱི་བཟོ་སྐྲུན་ལག་རྩལ་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ནུས་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་དགོས། གཞི་ཁྱོན་ལྡན་ལ་ཕན་འབྲས་ཆེ་བའི་རླུང་ནུས་དང་། ཉི་ནུས། སྐྱེ་དངོས་རྒྱུ་ནུས། ས་འོག་ཚ་ནུས། མཚོ་ནུས། ཆིང་ནུས་སོགས་ནུས་ཁུངས་གསར་པ་འཕེལ་རྒྱས་གང་མགྱོགས་གཏོང་བ་དང་། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་འདོམས་བྱས་ཏེ། ཧུར་བརྩོན་དང་བདེ་འཇགས་དང་སྒྲིག་ལམ་ལྡན་པའི་སྒོ་ནས་ཉིང་གློག་འཕེལ་རྒྱས་གཏོང་དགོས། གསུམ་པ། ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། དྲ་སྦྲེལ་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས། ལག་འཁྱེར་འཕྲིན་གཏོང་རབས་ལྔ་པ་(5G)སོགས་གསར་དར་ལག་རྩལ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་བཟོ་སྐྲུན་མ་ལག་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ། དཔལ་འབྱོར་བསྡོམས་འབོར་ནང་གི་ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལས་གཞི་གསར་པའི་ཐཱན་འབུད་གཏོང་གི་འགག་སྒོ་ནན་པོར་བསྲུངས་ཏེ། ནུས་ཁུངས་ཟད་གྲོན་ཆེ་བ་དང་། འབུད་གཏོང་ཆེ་བ། ཆུ་ཚད་དམའ་བ་བཅས་ཀྱི་ལས་གཞི་རྨོངས་ཚོད་ཀྱིས་འཕེལ་རྒྱས་གཏོང་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ངར་ལྕགས་དང་། མདོག་ལྕགས། རྡོ་སྣུམ་རྫས་འགྱུར། རྫས་འགྱུར་བཟོ་ལས། ཨར་ལས་རྒྱུ་ཆ་སོགས་སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཉུང་བཟོ་རྩལ་གསར་སྒྱུར་དང་གྲངས་ཀ་ཅན་དུ་སྒྱུར་རྒྱུ་མགྱོགས་སུ་གཏོང་དགོས། གད་སྙིགས་ཐོན་ཁུངས་ལ་བསྒྱུར་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་རེས་འཁོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ནུས་ཁུངས་དང་ཐོན་ཁུངས་ཆུད་ཟོས་སུ་འགྲོ་ཚད་ཉུང་དུ་གཏོང་དགོས། ཐཱན་ཉུང་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་མ་ལག་ཅན་དུ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་མ་ལག་གི་ཐཱན་སྡུད་ནུས་པ་སྲ་བརྟན་དང་ཆེ་རུ་གཏོང་དགོས། སྟབས་བདེ་རན་པོ་དང་། ལྗང་མདོག་ཐཱན་ཉུང་། ཚུལ་ལྡན་སྐྱོན་བྲལ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཛད་སྤྱོད་ལ་ཁྲིད་སྟོན་དང་ལྗང་མདོག་འགྲོ་སྐྱོད་ལ་བསྔགས་སྐུལ་བྱེད་པ། ལྗང་མདོག་ཐཱན་ཉུང་གི་སྤྱི་ཚོགས་བྱ་སྤྱོད་དཔེ་སྟོན་གསར་འཛུགས་བཅས་བྱས་ནས་དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས། བཞི་པ། ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་གསར་བརྗེ་མགྱོགས་སུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་འགག་སྒྲོལ་དམ་འཛིན་བྱས་ནས་སྔོན་ཐོན་གྱི་སྤྱད་འཐུས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ་མགྱོགས་སུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་དཔྱད་དཔོག་དང་ཉོ་ཚོང་མ་ལག་ཆ་ཚང་དུ་བཏང་ནས་གསར་གཏོད་ཀྱི་གྲུབ་འབྲས་མངོན་སུམ་དུ་འགྱུར་ཚད་མགྱོགས་སུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་དང་། མཐོ་རིམ་སློབ་གྲྭས་འབྲེལ་ཡོད་རིག་ཚན་འཛུགས་སྐྲུན་གང་མགྱོགས་བྱེད་པར་བསྔགས་སྐུལ་བྱེད་དགོས། ལྔ་པ། ལྗང་མདོག་ཐཱན་ཉུང་གི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ནུས་ཁུངས་ཟད་གྲོན་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གསར་སྣོན་བྱུང་བའི་བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་དང་མ་བཅོས་རྒྱུ་ཆའི་སྤྱོད་ནུས་དེ་ནུས་ཁུངས་འཛད་སྤྱོད་ཀྱི་བསྡོམས་འབོར་ཚོད་འཛིན་བྱེད་ཁོངས་སུ་མི་འཇོག་པ་དང་། “ཐཱན་གཉིས་”ཀྱི་ཚད་གཞི་ཆ་ཚང་དུ་བཏང་སྟེ། གཅིག་གྱུར་དང་ཚད་ལྡན་གྱི་ཐཱན་འབུད་བསྡོམས་རྩིས་དང་ཞིབ་རྩིས་ཀྱི་མ་ལག་བཙུགས་ནས་ནུས་ཁུངས་“ཚོད་འཛིན་གཉིས་”དེ་ཐཱན་འབུད་སྤྱི་འབོར་དང་དྲག་ཚད་“ཚོད་འཛིན་གཉིས་”སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་དུ་བཏང་སྟེ། ནོར་ཁྲལ་དང་། རིན་གོང་། དངུལ་འཇོག །དངུལ་རྩ་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཚོང་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐཱན་གྱི་རིན་གོང་གཏན་འཁེལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཐཱན་འབུད་དབང་ཆ་ཉོ་འཚོང་དང་། ནུས་སྤྱོད་དབང་ཆ་ཉོ་འཚོང་། གློག་ཤུགས་ཉོ་འཚོང་བཅས་སྦྲེལ་མཐུད་མཐུན་སྦྱོར་ཡོང་བར་ཤུགས་རྒྱག་དགོས། དྲུག་པ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་དེར་སྣེ་ཁྲིད་བྱེད་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཅངས་ཏེ། སྔར་བས་བརྩོན་སེམས་ཆེན་པོའི་ཐོག་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་གྲོས་མོལ་གྱི་གྲོས་རིམ་དང་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་བའི་ནང་ཞུགས་ནས་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
ཏང་གིས་“ཐཱན་གཉིས་”ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་། གཅིག་འདོམས་དང་མཐུན་སྦྱོར་ལ་ཤུགས་རྒྱག་པ། ལྟ་སྐུལ་དཔྱད་དཔོག་ནན་པོ་བཅས་བྱས་ཏེ་ལས་ཀའི་བསྒྲིལ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། ཏང་སྲིད་འགན་འཁྲི་གཅིག་མཚུངས་ལག་བསྟར་བྱེད་པ་དང་ཕྱོགས་སོ་སོའི་འགན་འཁྲི་གནད་སྨིན་བཟོ་བ། “ཐཱན་གཉིས་”ཀྱི་ལས་དོན་གྱི་འབྲེལ་ཡོད་དམིགས་ཚད་ས་ཁུལ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་གདེང་འཇོག་མ་ལག་ནང་འཇོག་པ་བཅས་བྱས་ཏེ། དཔྱད་ཞིབ་ནང་གི་ལྕི་ཡང་ཆེ་རུ་གཏོང་བ་དང་དམིགས་ཚད་ཀྱི་ཚོད་འཛིན་ཤུགས་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་གིས་“ཐཱན་གཉིས་”ཀྱི་རྨང་གཞིའི་ཤེས་བྱ་དང་། མངོན་འགྱུར་ཐབས་ལམ། ལས་ཀའི་བླང་བྱ་བཅས་སློབ་སྦྱོང་བྱ་རྒྱུར་ཤུགས་བརྒྱབ་ནས་ངོ་མ་སྦྱོང་བ་དང་། ངོ་མ་རྟོགས་པ། ངོ་མ་ཤེས་པ། ངོ་མ་སྤྱོད་པ་བཅས་བྱེད་དགོས། “ཐཱན་གཉིས་”ཀྱི་ལས་དོན་དེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་མ་ལག་གི་ནང་དོན་གལ་ཆེན་དུ་བཟུང་ནས་འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་གི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་དགོས།
མཆན་འགྲེལ།
[1] “ཐཱན་གཉིས་”ཀྱི་དམིགས་འབེན་ཞེས་པ་ནི་ཀྲུང་གོས་2030ལོའི་གོང་དུ་དབྱང་གཉིས་ཐཱན་འགྱུར་འབུད་གཏོང་བྱེད་ཚད་གང་ནུས་ཀྱིས་རྩེར་སོན་པར་བྱ་རྒྱུ་དང་། 2060ལོའི་གོང་དུ་ཐཱན་སྙོམ་སྦྱོར་མངོན་འགྱུར་བྱ་རྒྱུར་ཟེར།
[2] “ཐཱན་རྩེར་སོན་གྱི་བྱ་སྤྱོད་ཆེན་པོ་བཅུ་”ཞེས་པ་ནི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་ལ་རིགས་སྒྱུར་བྱེད་པའི་བྱ་སྤྱོད་དང་། ནུས་བསྲི་ཐཱན་གཅོག་གི་ཕན་འབྲས་ཆེར་སྐྱེད་བྱ་སྤྱོད། བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་བྱ་སྤྱོད། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཐཱན་རྩེར་སོན་བྱ་སྤྱོད། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྗང་མདོག་ཐཱན་ཉུང་བྱ་སྤྱོད། རེས་འཁོར་དཔལ་འབྱོར་གྱིས་ཐཱན་གཅོག་ལ་རམ་འདེགས་བྱེད་པའི་བྱ་སྤྱོད། ལྗང་མདོག་ཐཱན་ཉུང་གི་ཚན་རྩལ་གསར་གཏོད་བྱ་སྤྱོད། ཐཱན་སྡུད་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད། ལྗང་མདོག་ཐཱན་ཉུང་གི་དམངས་ཡོངས་ཀྱི་བྱ་སྤྱོད། ས་ཁུལ་ཁག་རིམ་པ་ལྟར་དུ་ཐཱན་རྩེར་སོན་ཡོང་བའི་བྱ་སྤྱོད་བཅས་ལ་ཟེར།