མཚོ་སྔོན་གྱིས་ལོ་སྟོད་དུ་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་12.55སྤྲད་པ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་7ཚེས་9ཉིན་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་གྲངས་གཞི་ཡོངས་བསྒྲགས་བྱས་པ་ལྟར་ན། ཟླ་6པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱ་ཡུལ་ཁྲི་37.05ཟིན་ཞིང་། མི་ཐེངས་ཁྲི་4.18ལ་གནས་སྐབས་རོགས་སྐྱོབ་བྱས་པ་དང་རིམ་རྩིས་བརྒྱབ་ན་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་12.55སྤྲད་པ་རེད།

     མཚོ་སྔོན་གྱིས་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ངོས་འཛིན་ཚད་གཞི་དང་སྒྲུབ་གཉེར་ལས་རིམ་ཚད་ལྡན་ཅན་དུ་གཏོང་བ་དང་། གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་ཆེད་དམིགས་སྤྱི་ཚོགས་རོགས་སྐྱོབ་སོགས་འབྲེལ་ཡོད་སྲིད་ཇུས་ཀྱི་བྱེད་ཐབས་ཁ་གསལ་བཟོས་ནས་མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ཡོད། མ་མཐའི་འཚོ་བ་འགན་ལེན་ཚད་གཞི་བབ་བསྟུན་སྙོམ་སྒྲིག་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཆུ་ཚད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་དུ་ལེགས་སུ་འགྲོ་བའི་འགན་ལེན་བྱས་ཡོད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གིས་2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་གཏན་འཁེལ་དང་སྙོམ་སྒྲིག་གི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་། དེའི་ནང་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་ལོ་གོང་མ་དང་བསྡུར་ན་ཟླ་རེར་སྒོར་39མང་དུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་སྙོམས་ཚད་གཞི་ལོ་གོང་མ་དང་བསྡུར་ན་ལོ་རེར་སྒོར་132མང་དུ་ཕྱིན་ཡོད།

     སྤྱི་ཚོགས་རོགས་སྐྱོབ་གསར་གཏོད་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། “སྲིད་ཇུས་ཁག་གཉིས”འབྲེལ་མཐུད་མཉམ་སྒྲིལ་དང་། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ། “སྤྱི་ཚོགས་རོགས་སྐྱོབ་དང་དགེ་སྒྲུབ་རོགས་སྐྱོར་ཟུང་འབྲེལ” “ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རོགས་སྐྱོབ་ཟུང་འབྲེལ”ཞིང་ཆེན་ཁྱབ་ཁོངས་ཀྱི་སྡོད་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུ་དང་སྒྲུབ་གཉེར་བྱེད་པ་སོགས་སྤྱི་ཚོགས་རོགས་སྐྱོབ་ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “སྲིད་ཇུས་ཁག་གཉིས”འབྲེལ་མཐུད་མཉམ་སྒྲིལ་གྱི་ཚོད་ལྟའི་ས་ཁུལ་དེ་རྫོང་2ནས་16བར་མང་དུ་བཏང་ནས་གྲོང་ཁྱེར(ཀྲོའུ)བརྒྱད་ལ་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།