“ང་ཚོའི་ཇོ་མོ་གླང་མའི་སྒར་ས་ཆེན་པོར་ཡུལ་སྐོར་བ་200ལྷག་ཙམ་ཞག་སྡོད་བྱས་ཡོད། ཚང་མས་དགོང་མོ་ཐད་གཏོང་བྱེད་པ་དང་བརྙན་ལམ་བལྟ་སྐབས་དྲ་རྒྱའི་བརྡ་རྟགས་ཡག་པོ་ཡོད”ཅེས་ཐད་གཏོང་ལ་ལྟ་བཞིན་པའི་ངག་དབང་འགྱུར་མེད་ཀྱིས་གསར་འགོད་པར་བརྗོད།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་ཡིན་པ་དང་། ངག་དབང་འགྱུར་མེད་ཀྱིས་ཇོ་མོ་གླང་མའི་སྒར་ས་ཆེན་པོར་སྒོ་རྩིས་ཚོང་ཁང་ཞིག་གཉེར་སྐྱོང་བྱེད་བཞིན་ཡོད་ཅིང་། “ལོ་འགའི་གོང་འདི་གར་ཐད་གཏོང་བྱེད་པ་དང་བརྙན་ལམ་ལ་བལྟ་རྒྱུ་ཕར་ཞོག་ཐ་ན་ཆ་འཕྲིན་བསྐུར་རྒྱུ་ཡང་ཁག་པོ་རེད། སྦྲ་གུར་མགྲོན་ཁང་ཁ་ཤས་ཀྱིས‘སྐུད་མེད་དྲ་རྒྱ་ཡོད་པ’དེ་འཚོང་གི་ཡོང་ཁུངས་ལ་བརྩི་ཡི་ཡོད། ཡུལ་སྐོར་བ་མང་པོ་ཞིག་གྲོང་རྡལ་དུ་ལོག་རྗེས་གཞི་ནས་འདི་གར་བརྒྱབ་པའི་འདྲ་པར་དག་མི་གཞན་དང་མཉམ་སྤྱོད་བྱེད་ཀྱི་ཡོད”ཅེས་ངག་དབང་འགྱུར་མེད་ཀྱིས་ཕྱིར་དྲན་བྱེད་བཞིན་བརྗོད།
འོན་ཀྱང་། ད་ཆ་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་དྲ་རྒྱའི་བརྡ་རྟགས་ཧ་ཅང་ཡག་པོ་ཡོད། སྒར་ས་ཆེན་པོར་ལག་ཐོགས་ཁ་པར་སྤྱད་དེ་བརྙན་ལམ་འབྲེལ་མཐུད་བྱེད་མཁན་ཡུལ་སྐོར་བ་གང་སར་མཐོང་རྒྱུ་ཡོད། ད་ཆ། དྲ་རྒྱ་བརྒྱུད་ཇོ་མོ་གླང་མའི་མཛེས་ལྗོངས་མི་དེ་བས་མང་བ་དང་མཉམ་སྤྱོད་ཐུབ་ཀྱི་ཡོད།
ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་གཞིས་རྩེ་ཡན་ལག་ཀུང་སིའི་དྲ་རྒྱ་པུའི་དྲ་རྒྱ་བཀོལ་སྤྱོད་བདག་སྐྱོང་གི་འགན་འཁུར་བ་ལྷག་ཕུན་ནི་འདི་གའི་དྲ་རྒྱ་འཕེལ་རྒྱས་ཀྱི་བདེན་དཔང་བ་ཞིག་རེད།
2020ལོར། ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་གིས་ཟླ་བ་5པར་ཇོ་མོ་གླང་མའི་མཐོ་ཚད་ཡང་བསྐྱར་འཇལ་བ་དང་། ཀྲུང་གོ་སྒུལ་བདེ་ཀུང་སིས་བརྒྱུད་རིམ་ཧྲིལ་པོར་འཕྲིན་གཏོང་འགན་སྲུང་གི་ལས་འགན་ཁུར་ཞིང་། འདི་ནི་5Gབརྡ་རྟགས་ཇོ་མོ་གླང་མར་འབྱོར་ཐེངས་དང་པོ་རེད། འགན་སྲུང་ཚོགས་པའི་ལས་མི་ཡིན་པའི་ངོས་ནས་ལྷག་ཕུན་གྱི་ལས་འགན་ནི་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ནས་རི་རྩེའི་ལམ་རྒྱུད་བར་གྱི་སྨི་5300དང་། སྨི་5800 སྨི་6500བཅས་ཀྱི་སྒར་ས་གསུམ་དུ་སྒུལ་བདེའི་བརྡ་རྟགས་ས་ཚུགས་8གསར་དུ་བཙུགས་ནས། རི་འཛེག་རུ་ཁག་གི་བརྡ་རྟགས་བརྟན་པོ་ཡོང་བའི་འགན་ལེན་བྱེད་རྒྱུ་དེ་རེད།
ལྷག་ཕུན་གྱིས་ད་ལྟའི་བར་ལམ་དུམ་དེ་ཡིད་ལ་གསལ་པོར་ངེས་ཡོད་པ་སྟེ། ས་བབ་སྨི་5800ལྷག་ཙམ་དུ་སླེབས་སྐབས། ལྗིད་ཚད་ཏུན་8ཡོད་པའི་སྒྲིག་ཆས་དག་ཁལ་མ་46ལ་བརྟེན་ནས་དབོར་བ་དང་། ལྗིད་ཚད་ཏུན་5.8ཡོད་པའི་འོད་སྐུད་ཚང་མ་མི་ཐབས་ལ་བརྟེན་ནས་དབོར་ཡོད།
ཡིན་ནའང་། ཇོ་མོ་གླང་མའི་རི་རྩེའི་ཡུལ་ལྗོངས་5Gབརྡ་རྟཌ་ལ་བརྟེན་ནས་བརྒྱུད་གཏོང་བྱེད་སྐབས་ལྷག་ཕུན་ལ་སྤོབས་པ་ཆེན་པོ་སྐྱེས། དེ་རྗེས། ཁོང་གིས་ད་དུང“རི་རྩེའི་ལས་འགན”ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་སོགས་གཙོ་གནད་ལས་འགན་མང་པོའི་འཕྲིན་གཏོང་འགན་སྲུང་བྱེད་མྱོང་ཞིང་། “ང་རང་ཇོ་མོ་གླང་མར་བརྡ་རྟགས་འགན་སྲུང་བྱེད་བཞིན་ཡོད”པ་དེ་ཡང་ལྷག་ཕུན་གྱི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཡོད།
ད་ཆ། ཇོ་མོ་གླང་མའི་སྒར་ས་ཆེན་པོར་ལག་ཐོགས་ཁ་པར་ལ་བལྟས་ཚེ། བརྡ་རྟགས་ཁུལ་དུ“5G—A”ཡི་མཚོན་རྟགས་ཆུང་ཆུང་ཞིག་མཐོང་རྒྱུ་ཡོད་ཅིང་། ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས“4Gདང་5Gདྲ་རྒྱ་དང་བསྡུར་ན་5G—Aདེ་དུས་འགྱངས་དེ་བས་ཐུང་བ་དང་། མྱུར་ཚད་དེ་བས་མགྱོགས་པ། ཉམས་ལེན་དེ་བས་ཡག་པ་བཅས་ཡོད”ཅེས་ངོ་སྤྲོད་བྱས།
ཇོ་མོ་གླང་མའི་སྒར་ས་ཆེན་པོའི་རི་འབུར་ཆུང་ཆུང་ཞིག་གི་སྟེང་བརྡ་རྟགས་ཀྱི་མཐོ་ལྕོག་ཅིག་བརྟན་པོར་བཙུགས་ཡོད། 2024ལོར་བཙུགས་པའི་5G—Aསྦྲེལ་ཚུགས་འདི་ནི་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་དང་ཀྲུང་ཤིང་འཕྲིན་གཏོང་ཀུང་སིས་མཉམ་དུ་བསྐྲུན་ནས་ཡུལ་སྐོར་དང་། ཚན་རིག་རྟོག་ཞིབ། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་བྱེད་སྒོར་དེ་བས་མགྱོགས་པའི་དྲ་རྒྱའི་རྒྱབ་སྐྱོར་བྱེད་ཀྱི་ཡོད། 5G—Aདྲ་རྒྱ་བརྒྱུད། ཡུལ་སྐོར་བས་དུག་ཐོག་ཏུ་རབ་གསལ་བརྙན་ལམ་གླེང་མོལ་དང་ཐད་གཏོང་བྱེད་ཆོག་པ་དང་། ཚན་རིག་རྟོག་ཞིབ་མི་སྣས་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མགྱོགས་མྱུར་བསྐུར་ཆོག་ལ། རི་འཛེག་པར་དགའ་པོ་ཡོད་མཁན་ལ་ཡང་དེ་བས་བློས་འགེལ་ཆོག་པའི་ཛ་དྲག་རོགས་སྐྱོབ་འགན་སྲུང་ཐུབ་ཀྱི་ཡོད།
“དམིགས་བསལ་ལས་འགན་ལ་གཙོ་གནད་འགན་སྲུང་བྱེད་པར་འགག་སྒྲོལ་ནུས་པ་ཡག་པོ་ལྡན་དགོས་པ་དང་། རྒྱུན་གཏན་ཅན་གྱི་འཕྲིན་གཏོང་འགན་སྲུང་བྱེད་པར་བློས་འགེལ་ཆོག་པའི་སྒྲིག་ཆས་ཡག་པོ་ཞིག་ཡོད་དགོས”ཞེས་ཀྲུང་ཤིང་འཕྲིན་གཏོང་ཀུང་སིའི་དྲ་རྒྱ་འགན་སྲུང་བཟོ་བཀོད་པ་ཅིང་ཝེ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་ཆ་སྙོམས་ས་བབ་སྨི་5000ཡན་ཟིན་པས། གསོ་རླུང་དཀོན་པ་དང་། གྲང་ངར་ཆེ་བ། ལྷགས་པ་ཆེ་བ་བཅས་ཀྱི་ཁོར་ཡུག་ཁྲོད་སྦྲེལ་ཚུགས་འཛུགས་པ་དང་བྱེད་ནུས་བཀོད་སྒྲིག་བྱེད་པ་ནི་ཧ་ཅང་དཀའ་ལས་ཁག་པོ་ཡིན། སྒྲིག་ཆས་ཀྱི་བཟོ་དབྱིབས་འདེམས་པ་དང་། སྐྱེལ་འདྲེན། སྒྲིག་སྦྱོར། མཉམ་འདུམ་སོགས་ཚང་མ་ནི་མཐར་ཟད་ཀྱི་འགྲན་སློང་ཞིག་རེད”ཞེས་བརྗོད།
དེར་བརྟེན། ས་བབ་མཐོ་བའི་ཁྱད་ཆོས་ལ་དམིགས་ནས་ལག་རྩལ་པས་དམིགས་སའི་རང་བཞིན་ལྡན་པའི་ངང་འཕྲིན་གཏོང་སྒྲིག་ཆས་ལེགས་སུ་བཏང་བ་དང་འབྲེལ། སྒྲིག་ཆས་སྒྲིག་སྦྱོར་བྱེད་སྐབས་ཀྱི་ལས་ཀའི་ཚད་གཞི་དང་བཟོ་རྩལ་ལེགས་བཅོས་བྱས་ཏེ། ས་བབ་མཐོ་བའི་རི་ཁུལ་དུ་སྒྲིག་ཆས་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཐུབ་པའི་འགན་ལེན་བྱས་ཡོད།
སྦྲེལ་ཚུགས་བཙུགས་ནས་སྤྱོད་འགོ་ཚུགས་པའི་ལོ་གཅིག་ལྷག་ཙམ་རིང་། སྒྲིག་ཆས་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་བྱུང་བས། ཅིང་ཝེ་དང་བཅས་པ་གཞི་ནས་བློ་བདེ་པོ་བྱུང་ཡོད། ཁོང་ཚོའི་ངོས་ནས་བརྗོད་ན་འདི་ནི་སྦྲེལ་ཚུགས་བདེ་བླག་བཙུགས་པ་ཞིག་ཡིན་ལ། ས་བབ་མཐོ་བའི་ས་ཁུལ་གྱི་འཕྲིན་གཏོང་སྒྲིག་ཆས་ལ་ཉམས་སད་ཆེན་པོ་ཐེག་པ་ཞིག་དེ་བས་ཀྱང་ཡིན་ཞིང་། ཅིང་ཝེ་ཡིས“ད་ཐེངས་ཀྱི་ཉམས་མྱོང་བྱུང་བས། ང་ཚོའི་སྒྲིག་ཆས་སྤྱད་དེ་ས་ཆ་དེ་བས་མང་པོར་5G—Aབརྡ་རྟགས་ཁྱབ་ཐུབ་པར་བྱས་ནས། འཐུས་སྒོ་ཚང་བའི་འཕྲིན་གཏོང་དྲ་རྒྱ་ལས་གངས་ལྗོངས་ས་མཐོའི་མང་ཚོགས་ལ་ཕན་པ་ཐོབ་པའི་ང་ཚོའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་པ་རེད།