༄༅།།སྒྲིག་སྲོལ་ལམ་ལུགས་བཙུགས་ནས་རྒྱུན་དུ་དམ་འཛིན་དང་ཡུན་རིང་དམ་འཛིན་བྱེད་པ།
“འགན་ནུས་སྡེ་ཚན་ལ‘བཟའ་འཁྱེར་བཀག་གསུམ’དང་། ཉིན་འགྱངས་ཁག་འབུད། རང་འགན་གཞན་དཀྲི་སོགས་ཀྱི་བྱེད་སྤྱོད་ཡོད་དམ” ཉེ་ཆར། ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་ཅིན་ཡུན་རྫོང་གི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཁེ་ལས་སུ་འདྲི་རྩད་བྱེད་པར་བསྐྱོད་ཡོད།
ཅིན་ཡུན་རྫོང་གིས་སྲིད་ཚོང་འགྲོ་འོང་གི་དྲང་ཕྱོགས་དང་། ལྡོག་ཕྱོགས། དར་སྤེལ་བཅས་ཀྱི“གསལ་ཐོ་གསུམ”འཐུས་སྒོ་ཚང་དུ་བཏང་ནས“བྱེད་དགོས་པ”10དང“བྱེད་མི་ཆོག་པ”10 ཁ་གསལ་བཟོས་ནས་ཤོག་ཆག་ལེན་པ་དང་ལེན་ཐབས་བྱེད་པ་སོགས་ཀྱི་གནད་དོན་བཀག་རྒྱ་གསལ་ཐོའི་ནང་བཅུག་པ་རེད།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་ཁག་གིས“འཕྲལ་དུ་སྒྱུར་བཅོས”དང“ཡུན་རིང་འཛུགས་པ”གཉིས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་མི་དམངས་མང་ཚོགས་ལ་ཕན་པ་ཐོབ་པར་བྱས་ཡོད།
ཅང་ཤིས་ཞིང་ཆེན་ཧྥུའུ་ལེང་རྫོང་ཀྲི་ཐན་གྲོང་རྡལ་ཁྲི་ཞི་གྲོང་ཚོའི་གྲོང་མི་ལིའུ་ཀྲུང་ཤིན་གྱིས“ཉིན་ཤས་གོང་རང་ཁྱིམ་གྱི་ཆུ་སྦུག་ལ་སྐྱོན་ཤོར་འདུག དྲ་མིག་པར་འབྲེལ་གཏུགས་བྱས་པས་ཁོང་ཚོ་ལམ་སེང་བཟོ་བར་སླེབས་བྱུང”ཞེས་བཤད།
ཧྥུའུ་ལེང་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུའི་ལས་དོན་ཇུས་གཞི་བཟོས་ཤིང་། མི་ཧྲེང་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་དམིགས་ནས“མཐེབ་གཅིག་མནན་ནས་ཁ་པར་རྒྱག་པའི”དྲ་མིག་པ་མགྱོགས་མྱུར་འབོད་སྟངས་བཟོས་ཏེ་དུས་ཐོག་དང་ནུས་ཆེའི་སྒོ་ནས་རེ་འདུན་དང་ལེན་ཞུ་ཡི་ཡོད།
“ལྕགས་དྲ་བཤིག་རྗེས་སེམས་ལྷོད་ལ་བབས་སོང་ལ་བློ་ཡང་བདེ་རུ་ཕྱིན་སོང”ཉེ་ཆར་རང་ཁྱིམ་ཉེ་འགྲམ་གྱི་ལྕགས་དྲ་དེ་དག་བཤིག་པ་མཐོང་སྐབས། ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་ཧུན་ཁྲུན་གྲོང་ཁྱེར་ཅིན་ཧོ་ཁྲོམ་གཞུང་གི་གྲོང་མི་ཧྲན་ཧུང་མེ་ཡིས་མཐེ་བོང་བསྒྲེངས་ནས་དེ་ལྟར་བཤད།
ཧུན་ཁྲུན་གྲོང་ཁྱེར་གྱིས་དྲ་ཐོག་དང་དྲ་ཕྱིའི“ཐབས་ལམ་གཉིས”ཀྱི་ཐོག་ནས་མང་ཚོགས་ཀྱི་བསམ་འཆར་བདག་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། དྲ་ཐོག་དུ“ཧུན་ཁྲུན་རིག་ལྡན་གྲོང་ཁྱེར་དོ་དམ”གྱི་བྱ་རིམ་ཆུང་གྲས་དང་12345སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལ་བརྟེན་ནས། མང་ཚོགས་ཀྱི་རེ་ཞུ་འཕྲལ་མར་གོང་འབུལ་དང་མགྱོགས་མྱུར་དང་ལེན་ཞུ་གི་ཡོད། དྲ་ཕྱི་ནས་དུས་བཀག་ལྟར་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད།
“བརྟག་ཞིབ་ཚོགས་ཆུང་གིས་ཐག་གཅོད་ཇུས་གཞི་འཕྲལ་མར་གཏན་འཁེལ་བྱས་སོང་། དངོས་འབྲེལ་ཡག་པོ་འདུག”ཅེས་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་བཟོ་སྐྲུན་ཅུས་གློག་འདྲེན་ཕྱེད་གཟུགས(ནན་ཐུང)ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧྥུའུ་ཝེ་ཡིས་བཤད། དེ་གོང་ཀུང་སིའི་རྣམ་གྲངས་གསར་པར་ལས་གྲྭ་འཛུགས་སྐྲུན་གྱི་དཀའ་གནད་འཕྲད་སྐབས། མཐོ་གསར་ལག་རྩལ་ཁུལ་གྱི་རྣམ་གྲངས་གཞུང་དོན་ཁང་གིས་མྱུར་དུ་བརྟག་ཞིབ་ཚོགས་ཆུང་དང་མཐུན་སྦྱོར་བྱས་ཏེ་རང་བྱུང་ཐོན་ཁུངས་དང་། སྡོད་ཁང་འཛུགས་སྐྲུན། གློག་འདོན་སོགས་སྡེ་ཚན་གྱི་ལས་དོན་མི་སྣ་དང་མཉམ་དུ་ཐད་ཀར་འཐབ་ས་དང་པོ་དང་ས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པར་བསྐྱོད།
ནན་ཐུང་གྲོང་ཁྱེར་གྱིས་བརྟག་ཞིབ་རྟོག་ཞིབ་བྱེད་སྒོའི་སྤྱི་འདོམས་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། བརྟག་ཞིབ་གནད་དོན་ཐག་གཅོད་ཀྱི་གསལ་ཐོ་དང་བརྟག་ཞིབ་གྲུབ་འབྲས་བསྒྱུར་བའི་གསལ་ཐོ་བཟོས་པ་དང་བརྟག་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་སྒྲུབ་སྐུལ་ལྟ་བཤེར་དང་རྗེས་སྙེག་ཕན་འབྲས་རྩད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་ལ་དམིགས་ནས་གཞི་རིམ་དུ་སྐྱོད་པ་དང་གནད་དོན་འཐབ་ས་དང་པོར་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།
གནད་དོན་གང་ཡོད་ན་དེ་ཐག་གཅོད་བྱེད་པ་དང་གནད་དོན་གང་མངོན་གསལ་དོད་ཚེ་དེ་གཙོ་གནད་ཐོག་བཅོས་སྒྲིག་བྱེད་དགོས། སློབ་སྦྱོང་སློབ་གསོའི་ཁྲོད། ས་གནས་ཁག་གིས་མངོན་གསལ་དོད་པའི་གནད་དོན་ནས་འགོ་བཙུགས་ཏེ། “གནད་དོན་གཅིག་ལ་དབྱེ་ཞིབ་བྱེད་པ”ནས“གནད་དོན་དེ་རིགས་ཐག་གཅོད་བྱེད་པའི”ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་ཡོད།
“ཞིབ་བཤེར་གྱི་ཐེངས་གྲངས་ཉུང་དུ་ཕྱིན་པར་བརྟེན། ང་ཚོར་གཞི་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཐོན་སྐྱེད་བྱེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་དུས་ཚོད་མང་དུ་ཕྱིན་སོང”ཞེས་ཉེ་དུས་ཀྱི“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གི་སྒྱུར་བཅོས་སྐོར་གླེང་སྐབས། ཧུའུ་པེ་ཞིང་ཆེན་དབྱི་ཁྲང་དམངས་ཕན་དོ་དམ་ལས་རིགས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཀྲུང་ཧྭ་ཡིས་དེ་ལྟར་བཤད།
ཁེ་ལས་དང་འབྲེལ་བ་ཡོད་པའི་ཞིབ་བཤེར་མང་དྲགས་པའི་གནད་དོན་ལ་དམིགས་ནས། དབྱི་ཁྲང་གྲོང་ཁྱེར་ཝུའུ་ཅ་ཀང་ཆུས་སྒྲིག་བཤེར་ལྟ་ཞིབ་ཨུ་ལྷན་གྱིས་ཆུས་ཡོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་སྡེ་ཚན་26གིས“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”གི་སྒྱུར་བཅོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཞིང་། ཁྲོམ་ར་ལྟ་འདོམས་དང་། འཕྲལ་སྡོམ་དོ་དམ། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཚན་གྱི་ཞིབ་བཤེར་དོན་ཚན་གསེད་བཀྲོལ་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”མཉམ་འབྲེལ་ཞིབ་བཤེར་ལག་བསྟར་བྱས་ནས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་ཡོད།
“གྲོང་སྐོར་བྱང་ལམ་དེ་ད་ལྟ་འགྲོ་བདེ་རུ་ཕྱིན་འདུག”ཅེས་ཉེ་ཆར་ཡུན་ནན་ཞིང་ཆེན་ཡུས་ཤིས་གྲོང་ཁྱེར་ཨེ་ཧྲན་དབྱི་རིགས་རང་སྐྱོང་རྫོང་གི་གྲོང་མི་ཝང་ཅང་ཕིང་གིས་དེ་ལྟར་བཤད། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་ལམ་འབར་འབུར་ཉམས་གསོ་བྱེད་འགོར་བའི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་སྡེ་ཚན་གྱིས་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་ཅུས་སོགས་ལ་ཟླ་བ་གཅིག་གི་ནང་རྣམ་གྲངས་ལེགས་སྒྲུབ་བྱེད་དགོས་པའི“གློག་སེར”དྲན་སྐུལ་བྱས་པ་རེད།
ཡུས་ཤིས་གྲོང་ཁྱེར་གྱིས་ལས་བྱེད་པའི་སྤྱོད་ཚུལ་གྱི་གནད་དོན་ལ་དམིགས་ནས“གློག་སེར་དང་། གློག་ལི་ཝང་། གློག་དམར”བཅས་ཁ་མདོག་གསུམ་གྱི་ལྟ་སྐུལ་སྔོན་བརྡའི་ལམ་སྲོལ་བཙུགས་ཤིང་། གཙོ་གནད་ལས་དོན་གྱི་མྱུར་ཚད་སྔོན་དཔག་ལ་སླེབས་མེད་པའམ་ཡང་ན་དོན་འཁྱོལ་གནད་ལ་འཁེལ་མེད་ན། ཐེངས་དང་པོར“གློག་སེར”གྱི་དྲན་སྐུལ་དང་སྐོང་འདྲི་བྱ་རྒྱུ་དང་། ཐེངས་གཉིས་པར“གློག་ལི་ཝང”གི་དུས་བཀག་སྒྲུབ་སྐུལ་བྱ་རྒྱུ། ཐེངས་གསུམ་པར“གློག་དམར”གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་བཅས་རེད།
“སྡེ་ཚན་ཁ་ཤས་ཀྱིས་མཐུན་སྦྱོར་མཉམ་འགུལ་བྱས་ནས་ང་ཚོའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་བྱུང”ཞེས་མི་རིང་བའི་གོང་ཁྲུང་ཆིང་གྲོང་ཁྱེར་དབན་ཀྲོའུ་ཆུས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་དམངས་གཉེར་སྨན་ཁང་ཞིག་གི་ལས་སྒྲུབ་མི་སྣ་ཀྲང་དབྱིང་ཧུང་གིས་དེ་ལྟར་བཤད།
ད་བྱེད་དུས་སྨན་ཁང་དེའི་ལས་གཉེར་ལག་ཁྱེར་དང་སྨན་བཅོས་ལས་ཁུངས་ཀྱི་ལས་གཉེར་ཆོག་འཐུས་དཔང་ཡིག་གི་མིང་གཅིག་པ་མིན་པས། རྒྱུན་ལྡན་བཞིན་གཞུང་ཐམ་བརྐོ་ཐབས་བྲལ། ལས་དོན་མི་སྣ་ལི་ཐིང་གིས་ས་གནས་ས་ཐོག་ཏུ་ཆུས་སྤྱི་བདེ་དང་། འཕྲོད་བསྟེན་བདེ་ཐང་། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་དང་མཐུན་སྦྱོར་བྱས་པར་བརྟེན་མཐར་དབན་ཀྲོའུ་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ངོ་སྤྲོད་བྲིས་པ་དང་སྤྱི་བདེ་ཅུས་ཀྱིས་དུས་ཐོག་ཏུ་ངོས་འཛིན་བྱས་པས། ཁེ་ལས་ལ་གཞུང་ཐམ་བདེ་བླག་ངང་རག་ཡོད།
དབན་ཀྲོའུ་ཆུས་ཀྱིས་སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ནུས་པ་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི་བཟོས་ཏེ“སྡེ་ཚན་བརྒལ་བའི”ལས་སྒྲུབ་ཀྱི་ཛ་དྲག་གྲོས་མོལ་ལས་ཀའི་ལམ་སྲོལ་དང“སྒྲུབ་མི་ཐུབ་པའི”གནད་དོན་ཐག་གཅོད་ལམ་སྲོལ་སོགས་བཙུགས་ནས། ལས་དོན་སྒྲུབ་པའི་འགག་གནད་བསལ་ཏེ་ཁེ་ལས་དང་མང་ཚོགས་སྔར་བས་བློ་བདེ་པོ་དང་ཡིད་ཚིམ་པོ་ཡོང་བར་བྱས་ཡོད།