འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། 《དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད། བསམ་འཆར་ནང་རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཡིན་པའི་མི་དམངས་ཁྲིམས་ཁང་གིས་ཉེས་གསོག་ལ་ཆད་གཅོད་དང་། མི་དམངས་ལ་སྲུང་སྐྱོང་། མིང་འཁེལ་རྩོད་གཞི། གཞུང་དྲང་ལ་སྲུང་སྐྱོང་བཅས་ཀྱི་འགན་ནུས་གལ་ཆེན་འཁུར་གྱི་ཡོད་ཅེས་བསྟན་ཡོད། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་དྲང་དང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་སྐྱོང་བྱེད་ཆེད། ད་ལྟ་འབྲེལ་ཡོད་བསམ་འཆར་འདོན་རྒྱུ་ཡིན། (གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)
《བསམ་འཆར》གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལྟར་རང་ཚུགས་དང་གཞུང་དྲང་ངང་འདྲི་གཅོད་དབང་ཆ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་གཞུང་དྲང་ཁྲིམས་འཛིན་ནན་དུ་གཏོང་བ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཉམས་སད་ཐེག་པའི་དཔུང་ཁག་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱེད་དགོས་པ་དེ་རེད།
བསམ་འཆར་ནང་སྤྱིའི་བླང་བྱ་དང་། ཏང་གིས་འདྲི་གཅོད་ལས་དོན་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ། གཞུང་དྲང་ཁྲིམས་འཛིན་ནན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱ་རྒྱུ། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བར་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ། འདྲི་གཅོད་ལས་དོན་ལ་འདེགས་སྐྱོར་དང་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་བཅས་ཕྱོགས་དྲུག་ནས་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་བརྒྱབ་ནས་གཞུང་དྲང་དང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་སྐྱོང་བྱ་རྒྱུ་ཡིན་པ་རེད།