ཟླ་7ཚེས་15ཉིན། ཐེ་ལན་གྱི་ཙུང་ལིའི་དྲུང་ཆེན་ཕེང་མིན·ལེ་སུའུ་ལི་ཡ་ཏེས་ཕེ་ཐུང་ཐན་·ཆིན་ན་ཝ་ཡིས་རྩ་ཁྲིམས་ཁྲིམས་ཁང་ལ“སྒྲ་ཕབ་དོན་རྐྱེན”གྱོད་གཞིའི་དག་འབུད་རྒྱུ་ཆ་ཉིན་15འགྱངས་སྤྲོད་བྱ་རྒྱུའི་རེ་ཞུ་བྱས་ཡོད། རྒྱུ་མཚན་ནི་དེ་གོང་ཁྲིམས་ཁང་གིས་གཏན་འབེབས་བྱས་པའི་ཉིན་15ཡི་དུས་བཀག་ནང་། དག་འབུད་རྒྱུ་ཆ་ཡོངས་ཀྱི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱེད་ཐབས་བྲལ་བའི་རྐྱེན་གྱིས་ཡིན་ཞེས་བཤད་པ་རེད།
ཟླ་7ཚེས་1ཉིན། ཐེ་ལན་རྩ་ཁྲིམས་ཁྲིམས་ཁང་གིས་གྲོས་ཁང་གོང་མའི་གྲོས་མི་36གིས་ཙུང་ལི་ཕེ་ཐུང་ཐན་དང་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་བར་གྱི་ཁ་པར་སྒྲ་ཕབ་ཀྱི་ནང་དོན་ལ་དམིགས་པའི་རེ་ཞུ་བདག་སྤྲོད་བྱས་པ་དང་། གྲོས་ཁང་གོང་མའི་གྲོས་མི་དེ་དག་གིས་ཕེ་ཐུང་ཐན་ཀུན་སྤྱོད་ཀྱི་ཚད་གཞི་དང་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་ལ་རྒྱ་ལ་གནོད་འཚེ་བཟོས་པས། མུ་མཐུད་རྒྱལ་ཁབ་ཀྱི་ཙུང་ལིའི་འགན་འཁུར་བའི་ཐོབ་ཐང་མེད་པ་བཅས་ལ་སྐྱོན་འཛུགས་བྱས་པ་རེད། རྩ་ཁྲིམས་ཁྲིམས་ཁང་གིས་ཉིན་དེར་ཕེ་ཐུང་ཐན་གྱི་ཙུང་ལིའི་གོ་གནས་གནས་སྐབས་མཚམས་འཇོག་བྱས་པ་མ་ཟད། ཕེ་ཐུང་ཐན་ལ་ཉིན་15ནང་དག་འབུད་རྒྱུ་ཆ་སྤྲོད་དགོས་པའི་བླང་བྱ་བཏོན་པ་རེད།