བཅུ་གསུམ་པ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་འཛུགས་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་འཛུགས་དགོས། 

(2020ལོའི་ཟླ་6ཚེས་2ཉིན།) 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་ཁ་གསལ་བཟོས་ཤིང་མང་ཚོགས་ལ་བདེ་འཇགས་དང་། ནུས་ལྡན། སྟབས་བདེ། གོང་ཁེ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དེ་གཞི་རྩའི་འགན་འཁྲིར་བརྩིས་པ་དང་། ཆམ་རིམས་H1N1རིགས་ཀ་པ་དང་H7N9ཨེ་པོ་ལ་ཁྲག་རྡོལ་ཚ་ནད་སོགས་ཐོལ་བྱུང་རིམས་ནད་ལ་འགོག་ཟོན་དང་ཁ་གཏད་ལམ་ལྷོངས་ངང་བཅགས་པས། འགོས་ནད་གཙོ་བོ་ལངས་ཚད་མངོན་གསལ་དོད་པོས་མར་ཆག་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་“མི་དམངས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་”པའི་བླང་བྱ་བཏོན་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་ཐོལ་བྱུང་དང་གསར་བྱུང་འགོས་ནད་ཚབས་ཆེན་དུས་ཐོག་ཏུ་བབ་བརླིང་འོས་འཚམ་ངང་ཐག་གཅོད་བྱ་རྒྱུ་དེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་ལས་འགན་གལ་ཆེན་བྱེད་པ་དང་། སྔོན་འགོག་བྱ་རྒྱུ་གཙོ་བོར་བཟུང་ནས་སྤྱི་པའི་འཕྲོད་བསྟེན་གྱི་རིམས་འགོག་དང་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུ་ནན་བཤད་བྱས་ཡོད། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལས། འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་རང་བཞིན་གྱི་གོ་གནས་སུ་གནས་པ་དང་། རྒྱལ་ཁབ་སྤྱི་ཡོངས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་བཞིན་ཡོད། 

ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལས་ཤེས་གསལ། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་། སྨན་བཅོས་ཞབས་ཞུའི་མ་ལག །སྨན་བཅོས་འགན་སྲུང་མ་ལག །སྨན་རྫས་མཁོ་སྤྲོད་འགན་སྲུང་མ་ལག་བཅས་དང་དེ་བཞིན་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་དོ་དམ་མ་ལག་བཅས་ནི་སྤྱིའི་ཆ་ནས་ནུས་ལྡན་ཡིན་མོད། འོན་ཀྱང་ལྷུ་ཚིགས་ཞན་ས་འགའ་ཞིག་གནས་ཡོད་པ་སྟེ། དེ་དག་ལས་ཁ་ཤས་ཤིག་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཡིན་པ་དང་། ལ་ལ་ཞིག་སྲིད་ཇུས་དོན་འཁྱོལ་གྱི་གནད་དོན་ཡིན་ལ། འགའ་ཞིག་ནི་འཕེལ་རྒྱས་འབྱུང་རིང་ནང་གི་གནད་དོན་ཡིན། དེ་ཡང་སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ཆེན་ཞིག་འཛུགས་པ་དང་། སྔོན་ཚུད་ཉེན་བརྡའི་དང་ལེན་ལམ་སྲོལ་ཆ་ཚང་ཞིག་འཛུགས་པ། ཕྱོགས་ཡོངས་ནས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱེད་ནུས་ཆེ་རུ་གཏོང་བ། འགོག་སྲུང་དྲ་རྒྱ་དམ་ཚགས་བཟོ་བ། ལོགས་བཀར་བར་གྱང་བརྟན་པོ་ཞིག་སྐྲུན་པ་བཅས་བྱས་ན་གཞི་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པར་འགན་སྲུང་ནུས་ལྡན་འདོན་སྤྲོད་ཏན་ཏིག་ཅིག་བྱེད་ཐུབ་པ་རེད། ཚང་མའི་བསམ་འཆར་དང་གྲོས་གཞིར་འབྲེལ་ནས་ངས་ད་དུང་གནད་དོན་འགའ་ཞིབ་ཏུ་བཤད་རྒྱུ་ཡིན། 

དང་པོ། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་དགོས། སྔོན་འགོག་ནི་བདེ་ཐང་གི་ཐབས་ཇུས་ཆེས་བསྲི་ཚགས་དང་ཆེས་ནུས་ལྡན་དེ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་ནི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་སྲུང་། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བཅས་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ལས་བལྟས་ན། རང་རྒྱལ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་གིས་ནུས་པ་གལ་ཆེན་བཏོན་ཡོད་མོད། འོན་ཀྱང་རིམས་ནད་ཆེན་པོའི་མདུན་དུ་ནུས་པ་ཆེན་པོ་མེད་པ་དང་། ལམ་སྲོལ་སྟབས་བདེ་མེད་པ། སྒུལ་ཤུགས་མི་འདང་བ། འགོག་བཅོས་ཟུང་འབྲེལ་དམ་ཟབ་མེད་པ་སོགས་ཀྱི་གནད་དོན་ཐོན་ཡོད། དེ་དག་ནི་གནད་དོན་རྙིང་པའང་ཡིན་པས་ད་ལྟ་སེམས་ཐག་རྦད་བཅད་ཀྱིས་ཐག་གཅོད་དགོས་པའི་དུས་ལ་སླེབས་ཡོད། ཁ་ཕྱོགས་ནི་དེ་བས་གནད་འཁེལ་དང་དེ་བས་ནུས་ལྡན་གྱི་སྒོ་ནས་སྔོན་འགོག་བྱ་རྒྱུར་གཞི་ཚུགས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་བྱེད་པ་དང་། བྱེད་ལས་ཀྱི་གནས་ངེས་གཏན་བཟོ་བ། ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཡིན། 

སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་གཏོང་སྒོའི་ལམ་སྲོལ་གཏན་ཆགས་ཤིག་འཛུགས་དགོས་པ་དང་། ནད་རིགས་སྔོན་འགོག་ཚོད་འཛིན་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་དགོས་ཤིང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་འཐུས་ཚང་དུ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་འགན་ནུས་བཀོད་སྒྲིག་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཆེད་ཚན་རིམས་ནད་འགོག་བཅོས་སྒྲིག་གཞི་སྣ་ཚོགས་རྐང་འཛིན་བྱེད་པ་དང་། སྨན་བཅོས་སྒྲིག་གཞི་རྒྱབ་རྟེན་བྱེད་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དྲ་གདན་བྱེད་པ། དམག་དམངས་མཉམ་འདྲེས་དང་འགོག་བཅོས་ཟུང་འབྲེལ་བྱེད་པ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་ཆ་ཚང་བཟོས་ཏེ། གོང་འོག་མཉམ་འགུལ་གྱི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་འཛུགས་དགོས། རྒྱལ་ཁབ་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། དེའི་ལག་རྩལ་དང་ནུས་པ། ཤེས་ལྡན་མི་སྣ་བཅས་གསོག་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་བཅས་ཀྱི་མཉམ་འགུལ་ལས་ཀའི་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་། ཞང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲིར་ཤུགས་བརྒྱབ་ནས་མཉམ་འགོག་མཉམ་བཅོས་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས། སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱས་ནས་མི་སྣ་དང་ཆ་འཕྲིན་དང་ཐོན་ཁུངས་ཤར་རྒྱུག་ཡོང་རྒྱུ་དང་ལྟ་སྡོམ་བྱ་རྒྱུ་ཕན་ཚུན་ཚོད་འཛིན་བྱེད་པའི་ལམ་སྲོལ་འཛུགས་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། དེང་རབས་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་བཀོལ་སྤྱོད་ལམ་སྲོལ་བཙུགས་ནས་གཞི་རིམ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དཔུང་ཁག་བརྟན་པོ་བཟོ་དགོས། ཆུ་ཚད་མཐོ་བའི་སྤྱི་པའི་འཕྲོད་བསྟེན་སློབ་གླིང་སྐོར་ཚོ་ཞིག་འཛུགས་སྐྲུན་བྱས་ཏེ། ནད་རྐྱེན་རིག་པའི་ཐོག་ནས་ངོས་འཛིན་དང་། རིམས་ནད་ཀྱི་དུས་བབ་ཞིབ་འཇུག་བརྡར་གཅོད་དང་འགོས་ཁྱབ་ཆོས་ཉིད་ཞིབ་འཇུག །ཡུལ་དངོས་ཀྱི་རིམས་ནད་རིག་པའི་བརྟག་དཔྱད། ཚོད་ལྟ་ཁང་གི་ཞིབ་དཔྱད་སོགས་གནད་དོན་དངོས་ཐག་གཅོད་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་རྒྱག་དགོས། 

གཉིས་པ། ལྟ་བཤེར་སྔོན་བརྡ་དང་འཕྲལ་བསྟུན་ཁ་གཏད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། 2003ལོར་དམིགས་བསལ་གློ་ཚད་རིམས་ནད་བྱུང་རྗེས། རྒྱལ་ཁབ་ཀྱིས་རིམས་ནད་དྲ་ཐོག་ཐད་གཏོང་མ་ལག་བཙུགས་ཤིང་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་མཁྲེགས་ཆས་ཆ་རྐྱེན་ལེགས་བཅོས་ཆེ་ཙམ་བྱུང་ཡོད། 

སྔ་དུས་ཀྱི་ལྟ་བཤེར་དང་ཉེན་ཟོན་ཉེན་བརྡ་གཏོང་ནུས་ཆེ་རུ་གཏོང་རྒྱུ་དེ་སྤྱི་པའི་འཕྲོད་བསྟེན་མ་ལག་ཆ་ཚང་བཟོ་བའི་དགོས་གཏུག་ཆེ་ཤོས་ལ་འཛིན་དགོས། སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ལོགས་བཀར། སྔ་ཙམ་ནས་སྨན་བཅོས་བཅས་བྱེད་པའི་“སྔ་ཙམ་བཞི་”ཡི་འགག་རྩ་ནི་“སྔ་ཙམ་ནས་ཤེས་རྟོགས་”བྱ་རྒྱུ་དེ་ཡིན། འགོས་ནད་ཀྱི་གནས་ཚུལ་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ལྟ་བཤེར་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱུ་རྐྱེན་མི་གསལ་བའི་ནད་རིགས་དང་རྒྱུན་ལྡན་མིན་པའི་བདེ་ཐང་དོན་རྐྱེན་གྱི་ལྟ་བཤེར་ལམ་སྲོལ་ལེགས་བཅོས་བྱེད་པ། དཔྱད་དཔོག་ལྟ་བཤེར་གྱི་ཚོར་སྐྱེན་རང་བཞིན་དང་གནད་འཁེལ་རང་བཞིན་ཤུགས་ཆེ་རུ་གཏོང་བ། རིག་ནུས་ཅན་གྱི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ། ཐབས་མང་ལྟ་བཤེར་དང་ཉེན་བརྡའི་ལམ་སྲོལ་ཆ་ཚང་འཛུགས་པ། དུས་ཐོག་ཏུ་དབྱེ་ཞིབ་དང་གཅིག་སྡུད་ཀྱིས་བརྡར་ཤ་གཅོད་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚོད་ལྟ་ཁང་གི་ལྟ་བཤེར་དྲ་བ་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་འགོས་ནད་ལྟ་བཤེར་གྱི་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིས་མཉམ་དུ་ལྟ་བཤེར་བྱེད་པའི་ལམ་སྲོལ་འཛུགས་པ་དང་། གཞི་རིམ་གྱི་སོ་ལྟ་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ་སྔ་ཙམ་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་ཞུ། སྔ་ཙམ་ནས་ཐག་གཅོད་བཅས་བྱེད་དགོས། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིགས་དང་རིམ་པ་ཕྱེས་ནས་འཕྲོད་བསྟེན་འཕྲལ་བསྟུན་དཔུང་ཁག་བཙུགས་ཏེ། དུས་བབ་ཞིབ་འཇུག་བརྡར་གཅོད་དང་། རིམས་ནད་རིག་པའི་བརྟག་དཔྱད། སྨན་བཅོས་སྐྱོབ་གསོ། ཚོད་ལྟ་ཁང་གི་ལྟ་བཤེར། སྡེ་ཁུལ་ལ་མཛུབ་སྟོན། དངོས་ཟོག་བཀོད་སྒྲིག་སོགས་ཀྱི་ཁྱབ་ཁོངས་སུ་ཁེབས་ཐུབ་པ་བྱེད་དགོས། གཞི་རིམ་འཕྲོད་བསྟེན་མི་སྣའི་ཤེས་བྱ་གསོག་འཇོག་དང་གསོ་སྦྱོང་ལ་ཤུགས་བརྒྱབ་ནས་སྔོན་ཚུད་ཀྱིས་ཐག་གཅོད་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས། འཕྲོད་བསྟེན་འཕྲལ་བསྟུན་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་ངོས་འཛིན་ཆུ་ཚད་དང་སྔོན་འགོག་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་བྱེད་ནུས་གོང་མཐོར་གཏོང་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་སོགས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་དུས་བཀག་ལྟར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པའི་ལམ་སྲོལ་འཛུགས་པ་དང་། ཞི་འཐབ་ཟུང་འབྲེལ་དང་སྡེ་ཁག་དང་ས་ཁོངས་བརྒལ་བ། གོང་འོག་མཉམ་འགུལ་བཅས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་མཐུན་སྦྱོར་ལམ་སྲོལ་ཆ་ཚང་དང་ལེགས་སྒྱུར་བྱས་ཏེ། བཀའ་བཀོད་གསལ་ངེས་ཡིན་པ་དང་། མ་ལག་ཚང་ལ་སྲོལ་ལུགས་ལྡན་པ། གོང་འོག་ཤར་རྒྱུག་ཡོང་བ། ལག་བསྟར་གོ་འཕེར་བཅས་ཡོང་བར་བྱེད་དགོས། 

གསུམ་པ། རིམས་ནད་ཚབས་ཆེན་སྐྱོབ་བཅོས་མ་ལག་ཆ་ཚང་དུ་གཏོང་དགོས། ཐེངས་འདིའི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་སྐྱོབ་བཅོས་ལས་དོན་ནི། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40སོང་རིང་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། ལོ་20ཡི་རིང་གཙོ་གནད་ཆེད་ཚན་འཛུགས་སྐྲུན། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལོ་10སོང་རིང་གི་གྲུབ་འབྲས་བཅས་ལ་གཅིག་སྡུད་ཀྱིས་ཞིབ་བཤེར་གཟིགས་ཞིབ་བྱས་པ་ཞིག་རེད། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས་སྔར་བྱུང་མྱོང་མེད་པའི་སྒོ་ནས་རྒྱལ་ཡོངས་ཀྱི་ཐོན་ཁུངས་བསྡུ་རུབ་བྱས་ནས་གཞི་ཁྱོན་ཆེ་བའི་སྲོག་སྐྱོབ་སྨན་བཅོས་བྱས་ཏེ། ནད་པ་གཅིག་ཀྱང་མི་ལུས་པ་དང་། ནད་པ་གཅིག་ཀྱང་མི་སྐྱུར་བར་སྐྱེས་མ་ཐག་པའི་བྱིས་པ་ནས་ལོ་100ལོན་པའི་རྒན་པ་ཚང་མ་སྐྱོབ་བཅོས་བྱས་པ་དང་། ནད་པར་སྨན་ཡོན་གྱི་དབང་གིས་སྨན་པ་བསྟེན་རྒྱུར་ཤུགས་རྐྱེན་མེད་པ་འགན་ལེན་བྱས་ཡོད། ཐེངས་འདིར་ཧུའུ་པེ་ལ་རོགས་སྐྱོར་དུ་རྒྱུགས་པའི་སྨན་བཅོས་རུ་ཁག་346དང་སྨན་དོན་མི་སྣ་ཁྲི་4.2ལྷག་ཡོད་པ་དང་། དེ་དག་མང་ཆེ་བ་གཞུང་གཉེར་སྨན་ཁང་ནས་ཡོང་བ་རེད། ལག་ལེན་ཐོག་ནས་ར་འཕྲོད་པ་ནི། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཕན་རང་བཞིན་གྱིས་གཙོ་ཁྲིད། གཞུང་གཉེར་སྨན་ཁང་གིས་གཙོ་ཁྲིད་བཅས་བྱེད་པའི་སྐྱོབ་བཅོས་མ་ལག་ནི་རིམས་ནད་ཚབས་ཆེན་ལ་ཁ་གཏད་འཇལ་བའི་འགན་སྲུང་གལ་ཆེན་ཞིག་ཡིན། གཞུང་གཉེར་སྨན་ཁང་གི་འགོས་ནད་འགོག་བཅོས་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཕྱོགས་བསྡུས་སྨན་ཁང་གི་རིམས་ནད་འགོག་བཅོས་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་འཐུས་ཚང་གཏོང་བ། འཕྲལ་བསྟུན་སྨན་བཅོས་སྲོག་སྐྱོབ་ཀྱི་གྲབས་གསོག་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་རིམས་ནད་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་དང་ནུས་པ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས། 

སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་ཡག་པོ་བྱེད་དགོས། ཞི་འཐབ་ཟུང་འབྲེལ་དང་ཆད་སྐྱོན་ཁ་གསབ་བྱ་རྒྱུར་གཞི་བཙུགས་ནས་འཕྲལ་བསྟུན་གྱི་གནས་ཚུལ་འོག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྐུལ་སློང་དང་ལེན་དང་། ས་ཁོངས་མཉམ་འགུལ། མི་སྣ་སྐོང་བསྡུ་བཅས་གཅིག་འདོམས་བྱས་ནས་འགོས་ནད་སོགས་རིམས་ནད་ཚབས་ཆེན་རིགས་རིམ་པ་ཕྱེས་ཤིང་ཁག་བགོས་ནས་སྐྱོབ་བཅོས་བྱེད་པའི་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་དགོས། གྲོང་ཁྱེར་གྱི་སྡེ་ཁུལ་དང་གྲོང་གསེབ་ཀྱི་གཞི་རིམ་དང་། མཐའ་མཚམས་འགག་སྒོའི་གྲོང་ཁྱེར། རྫོང་རིམ་པའི་སྨན་ཁང་དང་ཀྲུང་ལུགས་སྨན་ཁང་བཅས་གཙོ་གནད་དུ་བཟུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་གསུམ་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ས་ཁོངས་སྨན་བཅོས་ལྟེ་གནས་སོགས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་འགོས་ནད་ཚབས་ཆེན་སྐྱོབ་བཅོས་བྱེད་ནུས་ཆེ་རུ་གཏོང་དགོས། རིམས་ནད་ཚབས་ཆེན་སྐྱོབ་བཅོས་ཀྱི་འབྲེལ་ཡོད་རིག་ཚན་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་ལྷག་པར་དུ་ནད་གཞི་ལྕི་བའི་གསོ་རིག་དང་། དབུགས་ལམ། སྦྲིད་བཟི་སོགས་འཕྲལ་མཁོའི་ཆེད་ལས་རིག་ཚན་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་ལག་བསྟར་བྱས་ནས་ཆུ་ཚད་མཐོ་བའི་སྨན་དོན་མི་སྣ་དེ་བས་མང་བ་འགོས་ནད་འགོག་བཅོས་ལས་དོན་ལ་ཞུགས་སུ་འཇུག་དགོས། 

བཞི་པ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནི་ང་ཚོའི་ཏང་གིས་མང་ཚོགས་ལམ་ཕྱོགས་དེ་འཕྲོད་བསྟེན་ནད་འགོག་ལས་དོན་ལ་སྤྱད་པའི་ལེགས་འགྲུབ་ཀྱི་ལག་ལེན་ཞིག་ཡིན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་རྩོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་དོན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱེད་ཐབས་གསར་གཏོད་བྱེད་པ། ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་ནས་ཕྱོགས་ཡོངས་ཀྱི་སྤྱི་ཚོགས་བདེ་ཐང་དོ་དམ་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། 

ཕྱོགས་ཡོངས་ནས་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་དང་། སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་བཅོས་སྒྲིག་བྱེད་དགོས་ཤིང་། འཕྲོད་བསྟེན་གྲོང་རྡལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཚུལ་ལྡན་བདེ་ཐང་ལྗང་མདོག་ཁོར་སྲུང་བཞི་ལྡན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས་པ་དང་། བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་དགོས་ལ། བཟའ་བཏུང་གི་དར་སྲོལ་བཟང་པོ་འཛུགས་དགོས། ཕྱི་ལ་འགྲོ་དུས་ཁ་རས་རྒྱག་པ་དང་། གད་སྙིགས་རིགས་ཕྱེ་ནས་དབྱུགས་པ། སྤྱི་ཚོགས་འབྲེལ་འདྲིས་བྱེད་སྐབས་བར་ཐག་ཆོད་པ་བཅས་ཁྱབ་གདལ་དུ་གཏོང་བ་དང་། ཟ་མ་སོ་སོར་ཟ་བ་དང་སྤྱི་སྤྱོད་ཐུར་མ་སྤྱོད་པ། སྨན་པ་བསྟེན་རྒྱུ་དྲ་ཐོག་ནས་ཁ་ཆད་མངག་པ་སོགས་ཚུལ་ལྡན་བདེ་ཐང་གི་འཚོ་བའི་གོམས་གཤིས་ཁྱབ་སྤེལ་གཏོང་དགོས། བདེ་ཐང་དེ་སྲིད་ཇུས་ཡོད་ཚད་ནང་དུ་སྡེབ་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ། ཚེ་སྲོག་གི་རེས་འཁོར་ཧྲིལ་པོའི་བདེ་ཐང་དོ་དམ་གྱི་འདུ་ཤེས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྷུ་ཚིགས་ཁག་ཏུ་དཀྱུས་གཅིག་ཏུ་བསྟར་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་མགྱོགས་མྱུར་དུ་འཕེལ་རྒྱས་འགྲོ་བ་དང་མི་འབོར་འདུས་ཚད་ཆེ་བའི་ཁྱད་ཆོས་དང་འཚམ་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་དེ་ཉིན་རྒྱུན་གྱི་ལས་ཀའི་གྲོས་རིམ་དུ་བཅུག་ནས་སྡེ་ཚན་བཀོད་སྒྲིག་དང་། འགན་ནུས་ལེགས་སྒྲིག །མི་སྣ་བཀོད་སྒྲིག །འགྲོ་གྲོན་གཏོང་བ་སོགས་ཀྱི་ཕྱོགས་སུ་འགན་སྲུང་བྱས་ནས་སྤྱི་ཚོགས་སྐུལ་སློང་བྱེད་སྟངས་དེ་བས་ནུས་ལྡན་ཞིག་འཚོལ་ཞིབ་བྱེད་དགོས། 

ལྔ་པ། རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་ནང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་རྫས་མཉམ་སྤྱོད་བྱས་པ་ནི་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྱད་ཆོས་ཆེན་པོ་ཞིག་ཡིན་ལ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྙིང་བཅུད་རྒྱུན་འཛིན་དང་བདེན་སྲུང་གསར་གཏོད་ཀྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་ཡིན། ལོ་ངོ་སྟོང་ཕྲག་འགའི་རིང་ལ། ཀྲུང་ཧྭ་མི་རིགས་ཐེངས་རེ་རེ་བཞིན་ཉེན་ཁ་ལས་ཐར་ཐུབ་བྱུང་བ་ནི་ཀྲུང་ལུགས་གསོ་རིག་སྨན་རྫས་ལ་བརྟེན་པ་ཡིན་ལ། རིམས་ནད་དང་འཐབ་རྩོད་བྱེད་པ་ལས་《གྲང་བ་ཐོར་བའི་ནད་ཀྱི་རྣམ་བཤད་》དང་། 《ཚ་ནད་ཀྱི་དབྱེ་འབྱེད།》 《ཚ་དྲོད་ཀྱི་རྣམ་བཤད་》སོགས་དཔེ་ཚབ་བརྩམས་ཆོས་བྱུང་བ་རེད། ཐེངས་འདིའི་ནད་ཐོག་འདེམས་སྒྲུག་བྱས་པའི་“སྨན་གསུམ་དང་སྦྱོར་གསུམ་”ནི་གནའ་བོའི་སྨན་གཞུང་གི་སྨན་རྨང་གཞིར་བཟུང་ནས་བྱུང་བ་ཡིན། 

ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་རིམས་ནད་འགོག་བཅོས་སྐོར་གྱི་རིགས་པའི་གཞུང་ལུགས་དང་བརྟག་བཅོས་ཀྱི་ཆོས་ཉིད་ཕྱོགས་བསྡོམས་བྱེད་པ་དང་། ཚན་རྩལ་འགག་སྒྲོལ་སྒྲིག་འཛུགས་བྱས་ནས་དེང་རབས་ཀྱི་གདེང་འཇོག་བྱེད་ཐབས་ཡག་པོ་སྤྱོད་པ་མ་ཟད། ལོ་ངོ་སྟོང་ཕྲག་འགའི་ཉམས་མྱོང་ལའང་སྒོ་ཀུན་ནས་བརྩི་འཇོག་བྱས་ཏེ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཕན་ནུས་གསལ་པོར་བཤད་དགོས། གནའ་བོའི་སྨན་གཞུང་གི་སྙིང་བཅུད་ལེགས་སྒྲིག་དང་སྔོག་འདོན་བྱེད་པར་ཤུགས་རྒྱག་པ་དང་། ཚན་རིག་ཞིབ་འཇུག་གི་འདེགས་སྐྱོར་ལས་སྟེགས་ཁག་ཅིག་འཛུགས་སྐྲུན། ཀྲུང་ལུགས་སྨན་རྫས་ཞིབ་དཔྱད་དང་ཞིབ་མཆན་འགོད་པའི་ལམ་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་ནས་ཀྲུང་ལུགས་སྨན་ཁང་གི་འཕྲལ་བསྟུན་དང་སྐྱོབ་བཅོས་ནུས་པ་ཆེ་རུ་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་གི་རིམས་ནད་འགོག་བཅོས་དཔུང་ཁག་ཅིག་འཛུགས་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་སྒྲིག་འཛུགས་དང་དེར་འགོ་ཁྲིད་བྱེད་པར་ཤུགས་བརྒྱབ་ནས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་སྨན་རྫས་ཕན་ཚུན་ཁ་གསབ་བྱེད་རེས་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། 

དྲུག་པ། སྤྱི་པའི་འཕྲོད་བསྟེན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། 2003ལོར་དམིགས་བསལ་གློ་ཚད་ལས་རྣམ་པར་རྒྱལ་བ་ནས་བཟུང་། རྒྱལ་ཁབ་ཀྱིས་འགོས་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས་དང་《ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་བསྟུན་སྲོལ་ཡིག་》དང་། དེ་དག་གི་ལེ་ལག་ཚང་བའི་སྔོན་ཇུས་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་རིམས་ནད་ཐག་གཅོད་ལས་དོན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ལྡན་པར་བྱས་ཡོད་མོད། འོན་ཀྱང་བཅའ་ཁྲིམས་ནང་དུ་གཏན་འབེབས་བྱས་པའི་ནང་དོན་གཅིག་གྱུར་མིན་པ་དང་འབྲེལ་མཐུད་མི་ཐུབ་པའི་གནས་ཚུལ་ཡང་གནས་ཡོད། འགོས་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་དང་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྐོར་གྱི་བཅའ་ཁྲིམས་སོགས་ཀྱི་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་ལས་ཀ་དམིགས་གཏད་ཡོད་པའི་སྒོ་ནས་སྐུལ་སྤེལ་གཏོང་དགོས་པ་དང་། འགན་དབང་ཁ་གསལ་དང་། ལས་རིམ་ཚད་ལྡན། ལག་བསྟར་ནུས་ལྡན་བཅས་ཡིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་བསྟར་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། བཅའ་ཁྲིམས་ཐོག་ནས་ཐོལ་བྱུང་འགོས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྔར་ལས་འཐུས་ཚང་བཟོ་བ་དང་། ཀྲུང་དབྱང་དང་ས་གནས་དང་། སྲིད་གཞུང་དང་སྡེ་ཁག །སྲིད་འཛིན་ལས་ཁུངས། ཆེད་ལས་སྒྲིག་གཞི་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པར་སྐུལ་འདེད་གཏོང་དགོས། 

བདུན་པ། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་པའི་ནང་གི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རིག་ལག་རྩལ་ནི་མིའི་རིགས་ཀྱིས་ནད་རིགས་ལ་འཐབ་རྩོད་བྱེད་པའི་མཚོན་ཆ་རྣོ་ངར་ཅན་ཞིག་ཡིན་པ་དང་། མིའི་རིགས་གནོད་འཚེ་ཆེན་པོ་དང་རིམས་ནད་དྲག་པོ་ལས་རྣམ་པར་རྒྱལ་འདོད་ན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་དང་ཁ་འབྲལ་ཐབས་མེད་ཅེས་ངས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱི་ཡོད། ཐེངས་འདིའི་རིམས་ནད་ཀྱི་ཐོག་མའི་དུས་སུ་རང་རྒྱལ་གྱི་ཞིབ་འཇུག་སྒྲིག་གཞིས་སྟོབས་ཤུགས་མཉམ་འདོན་གྱིས་མཉམ་ལས་བྱས་ནས་ནད་རྐྱེན་རིག་པའི་བརྟག་དཔྱད་དང་ནད་གཞི་གསལ་འབྱེད་སོགས་བྱས་ཏེ། ཉིན་8ཀྱི་དུས་ཚོད་སྤྱད་དེ་འཛམ་གླིང་དུ་ཐོག་མར་“རྒྱུ་རྐྱེན་མི་གསལ་བའི་ནད་དུག་རང་བཞིན་གྱི་གློ་ཚད་”ཀྱི་ནད་གཞིའི་ཕུང་པོ་ནི་“ཏོག་དབྱིབས་ནད་དུག་གསར་པ་”ཡིན་པ་གསལ་འབྱེད་བྱས་པ་དང་། ཉིན་16གི་དུས་ཚོད་སྤྱད་དེ་བརྟག་དཔྱད་ཚོད་ལྟའི་སྨན་སྒམ་ལེགས་སྒྱུར་བྱས་པས། གཞི་ཁྱོན་ཅུང་ཆེ་བར་དོགས་ཡོད་ནད་པ་འཚག་བཤེར་བྱེད་པའི་ནུས་པ་ལྡན་པར་གྱུར། དེར་མ་ཟད་ཕན་ནུས་ལྡན་པའི་སྨན་རྫས་དང་སྨན་བཅོས་ཇུས་གཞི་ཁག་ཅིག་འཚག་འདེམས་བྱས་པ་དང་། ལག་རྩལ་ལམ་ཐིག་མང་པོའི་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་དོན་དེ་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་དུས་མཚམས་སུ་སླེབས་པས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 

ཚེ་སྲོག་གི་བདེ་འཇགས་དང་སྐྱེ་དངོས་ཀྱི་བདེ་འཇགས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གལ་ཆེན་ནི་རྒྱལ་ཁབ་ཀྱི་ལག་ཆ་ཆེན་པོ་ཡིན་པས་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་ཟིན་དགོས། འཕྲོད་བསྟེན་དང་བདེ་ཐང་ཁྱབ་ཁོངས་སུ་ཚན་རྩལ་གཏོང་སྒོ་ཆེ་རུ་གཏོང་བ་དང་། ཞི་འཐབ་ཟུང་འབྲེལ་ཐུབ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་སྒྲོལ་མ་ལག་གང་མགྱོགས་འཐུས་ཚང་དུ་གཏོང་བ། སྟོབས་ཤུགས་གཅིག་སྡུད་ཀྱིས་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་པ། རིམས་ནད་ཚབས་ཆེན་འགོག་བཅོས་བྱེད་པའི་གྲོན་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་ཚེ་སྲོག་ཚན་རིག་དང་། སྐྱེ་དངོས་ལག་རྩལ། སྨན་བཅོས་འཕྲོད་བསྟེན། སྨན་བཅོས་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་ཆད་སྐྱོན་གང་མགྱོགས་ཀྱིས་གསབ་དགོས། མིག་སྔར་ང་ཚོས་ངེས་པར་དུ་རྣམ་པ་གསར་པའི་རྒྱལ་ཡོངས་སྟོབས་ཤུགས་ཀྱི་སྒྲིག་སྲོལ་གྱི་བཟང་ཆ་འདོན་སྤེལ་བྱས་ནས་ཏོག་གསར་གློ་ཚད་ཀྱི་འགོག་སྨན་སྔོན་ལ་ཞིབ་འཇུག་གསར་སྤེལ་བྱས་ཏེ་འཐབ་ཇུས་ཀྱི་རང་དབང་བརྩོན་ལེན་བྱེད་དགོས། ཚན་རིག་ཞིབ་འཇུག་གི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། འཐབ་ཇུས་ཀྱི་ཚན་རིག་པ་དང་གསར་གཏོད་ཅན་གྱི་ཚན་རྩལ་ཤེས་ལྡན་མི་སྣ་གསར་རྙེད་དང་། གསོ་སྐྱོང་། བསྔགས་སྐུལ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཚན་རིག་ཞིབ་འཇུག་གི་དཔུང་ཁག་ནང་བློ་འགུག་བྱེད་པ་དང་། ཁོ་ཚོ་གཟེངས་སུ་ཐོན་ཡོང་རྒྱུར་མཐུན་རྐྱེན་སྐྲུན་དགོས། 

བརྒྱད་པ། རྒྱལ་སྤྱིའི་འཕྲོད་བསྟེན་སྤེལ་རེས་དང་མཉམ་ལས་ལ་ཤུགས་རྒྱག་དགོས། ཐེངས་འདིའི་རིམས་ནད་བྱུང་བ་ནས་བཟུང་། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་སྟེ། རྒྱལ་སྤྱིའི་འོས་འགན་ཧུར་ཐག་སྒོས་བསྒྲུབས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་དམ་ཟབ་བྱས་པ་དང་། རང་འགུལ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་ཀྱི་གནས་ཚུལ་དང་། ནད་དུག་གི་ཆ་འཕྲིན། རིམས་འགོག་ཉམས་མྱོང་དང་བྱེད་ཐབས་བཅས་མཉམ་སྤྱོད་བྱས་ཡོད་ལ། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ལ་ནུས་པས་ལྕོགས་ཚོད་ཀྱིས་དངོས་པོ་དང་ལག་རྩལ་གྱི་རོགས་སྐྱོར་བྱས་ནས་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་འཁུར་ལེན་མཚོན་ཡོད། 

ང་ཚོས་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ། འཐབ་རྩོད་བྱེད་མཁས་པ་བཅས་བྱེད་དགོས། འཐབ་རྩོད་ཀྱི་ཁ་ཕྱོགས་དམ་པོར་བཟུང་ནས་མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས་དོན་གསུམ་པའི་ཐོག །ངས་བརྙན་ལམ་གཏམ་བཤད་ལས་ཀྲུང་གོའི་རིམས་ནད་འགོག་པའི་འདུ་ཤེས་དང་འདོད་ཚུལ་གསལ་འགྲེལ་བྱས་པ་དང་། བྱེད་ཐབས་ཁག་5ཁྱབ་བསྒྲགས་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་སུ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཚོགས་ཆེན་ཐོག་མཇུག་མཐར་གྲོས་འཆམ་བྱུང་བའི་གྲོས་ཆོད་དེ་རང་ཕྱོགས་ཀྱི་ལངས་ཕྱོགས་དང་འདོད་ཚུལ་དང་མཐུན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བའི་ཐུན་མོང་གི་རེ་འདུན་ཡང་ཡིན་པ་རེད། ད་ལྟ་ཏོག་གསར་གློ་ཚད་རིམས་ནད་ད་དུང་འཛམ་གླིང་ཡོངས་སུ་མཆེད་བཞིན་ཡོད་པས། ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་འོས་འགན་སྒྲུབ་པ་དང་། འཛམ་གླིང་ཡོངས་ཀྱི་རིམས་འགོག་དངོས་རྫས་མཁོ་སྤྲོད་བྱེད་པའི་རྒྱལ་ཁབ་ཆེ་ཤོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་ཚད་གཞི་དང་། སྒྲིག་སྲོལ། ཕྱོགས་སྟོན་བཅས་གཏན་འབེབས་བྱེད་པར་ཕྱོགས་ཡོངས་ནས་ཟབ་ཞུགས་བྱེད་པ། ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱེད་པ། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་མ་ལག་ནང་གི་རང་རྒྱལ་གྱི་ཤུགས་རྐྱེན་དང་གཏམ་དབང་ཆེ་རུ་གཏོང་བ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་མཉམ་འཛུགས་བཅས་བྱེད་དགོས། 

 

༄༅། །མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་དགོས།

(2020ལོའི་ཟླ་8ཚེས་24ཉིན།) 

འཕེལ་རྒྱས་བྱུང་རྗེས་ཀྱི་གནད་དོན་དེ་འཕེལ་རྒྱས་མ་བྱུང་གོང་ལས་མི་ཉུང་བ་ཡོད་པ་དོན་དངོས་ལས་ར་འཕྲོད་བྱུང་ཡོད། རང་རྒྱལ་སྤྱི་ཚོགས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་ཅིང་། དྲ་སྦྲེལ་གྱིས་མིའི་རིགས་ཀྱི་འགྲོ་འོང་བྱེད་སྟངས་ལ་འགྱུར་ལྡོག་གཏིང་ཟབ་བཏང་བས། སྤྱི་ཚོགས་ཀྱི་འདུ་ཤེས་དང་། སྤྱི་ཚོགས་ཀྱི་སེམས་ཁམས། སྤྱི་ཚོགས་ཀྱི་བྱ་སྤྱོད་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ་ཇི་ལྟར་བྱས་ནས་སྤྱི་ཚོགས་ཀྱི་གྲུབ་ཚུལ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། སྤྱི་ཚོགས་བྱ་སྤྱོད་ཀྱི་རྣམ་པ། སྤྱི་ཚོགས་ཀྱི་སེམས་ཁམས་སོགས་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་བསྟུན་ཞིང་། སྔར་ལས་འཐུས་སྒོ་ཚང་ཞིང་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར། ཁྱོན་ཡོངས་ལ་ཁྱབ་ཅིང་རྒྱུན་མཐུད་ཐུབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཆ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་ལ་ཤུགས་རྒྱག་པ། མི་འབོར་དུས་ཡུན་རིང་པོར་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཀྱི་འགལ་བ་སེལ་བ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་བྱེད་པ་བཅས་ཚང་མར་ཞིབ་འཇུག་ནན་ཏན་བྱེད་པ་དང་འབྲེལ་ལས་དོན་བཀོད་སྒྲིག་བྱེད་དགོས། 

དེང་རབས་ཅན་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན་སྐྱེ་སྟོབས་ཀྱི་དཔལ་འབར་བར་མ་ཟད་སྒྲིག་ལམ་བཟང་པོ་ལྡན་དགོས་ཤིང་། གསོན་ཤུགས་དང་སྒྲིག་ལམ་གཞི་གཅིག་ཏུ་གཅིག་གྱུར་ཡོང་བར་བྱེད་དགོས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གི་བཅོས་སྐྱོང་དེ་སྤྱི་ཚོགས་ཀྱི་སྙོམ་སྒྲིག་དང་སྡོད་དམངས་ཀྱི་རང་སྐྱོང་དང་སྐུལ་རེས་བཟང་པོ་ཡོང་བར་བྱས་ཏེ། ཀུན་ལ་འགན་འཁྲི་ཡོད་པ་དང་། ཀུན་གྱིས་རང་འགན་གཙང་སྒྲུབ་བྱེད་པ། ཀུན་གྱིས་ལོངས་སུ་སྤྱོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དེ་གསར་གཏོད་བྱས་ནས་སྤྱི་ཚོགས་ཀྱི་ཕྲ་ཕུང་རེ་རེ་ཚང་མ་བདེ་ཐང་དང་གསོན་ཤུགས་ལྡན་པར་བྱེད་དགོས་པ་དང་། འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་། ཞི་མཐུན་དང་བརྟན་བརླིང་གཞི་རིམ་དུ་འཛུགས་དགོས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་སྲུང་བར་སྔར་བས་མཐོང་ཆེན་བྱེད་པ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་སྤེལ་གཏོང་དགོས། 

 

༄༅། །སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་བའི་འཐབ་ལམ་གསར་པའི་ནང་དུ་མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ལེན་བྱེད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས།

(2020ལོའི་ཟླ་9ཚེས་22ཉིན།) 

མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ལེན་བྱེད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་སྐོང་འཚོགས་བྱས་ནས་《ཀྲུང་གོའི་སློབ་གསོ་དེང་རབས་ཅན་དུ་འགྱུར་བའི་2035》ཞེས་པ་དཔར་འགྲེམ་བྱས་ཏེ། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་བསམ་བློ་ཆབ་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་པ་དང་། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ལ་སྐུལ་འདེད་བྱས་ཤིང་། སློབ་དེབ་འཛུགས་སྐྲུན་ཐད་ཀྱི་རྒྱལ་ཁབ་ཀྱི་དོན་གཅོད་དབང་ཆའི་གོ་གནས་ཇེ་མཐོར་བཏང་བར་བརྟེན། སློབ་གསོའི་རྣམ་པར་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་འབྱུང་བཞིན་ཡོད། 

“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། སློབ་གསོའི་བྱ་གཞག་འགོ་མ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ལ་མི་གསོ་སྐྱོང་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་བརྟན་སྲུང་བྱས་ནས་མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་ཡག་པོ་ཧུར་ཐག་གིས་གཉེར་བ་དང་། སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་བའི་འཐབ་ལམ་གསར་པའི་ནང་དུ་མི་རིགས་བསྐྱར་དར་གྱི་འགན་ལྕི་འཁུར་ལེན་བྱེད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་སློབ་གསོའི་རྩ་བའི་ལས་འགན་དུ་བཟུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་ནང་གི་སློབ་གསོའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བསྒྱུར་བཅོས་དང་གསར་གཏོད་ཟབ་སྤེལ། སློབ་གྲྭའི་ལུས་རྩལ་མཛེས་རིག་སློབ་གསོར་ཤུགས་སྣོན་དང་ལེགས་བཅོས། ངལ་རྩོལ་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ། བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ། སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ། སློབ་མའི་ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རིག་ངལ་རྩོལ་ལྔ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། སློབ་མའི་རྒྱལ་གཅེས་དུང་སེམས་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས། གསར་གཏོད་ཀྱི་སྙིང་སྟོབས། ལག་ལེན་ནུས་པ་བཅས་གསོ་སྐྱོང་བྱེད་དགོས། 

མི་ཤུགས་ཐོན་ཁུངས་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྟེན་གཞི་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་འཚམ་པའི་སློབ་གསོའི་གྲུབ་ཚུལ་དང་། རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཚུལ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲུབ་ཚུལ་བཅས་ལེགས་སྒྱུར་བྱེད་དགོས། དམངས་ཡོངས་ཀྱི་ཚེ་གང་སློབ་སྦྱོང་བྱེད་པར་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བྱེད་ཐབས་དེ་བས་སྟབས་བསྟུན་དང་། ཐོན་ཁུངས་དེ་བས་ཕུན་སུམ་ཚོགས་པོ། སློབ་སྦྱོང་དེ་བས་སྟབས་བདེ་པོ་བཅས་ཀྱི་ཚེ་གང་སློབ་སྦྱོང་བྱེད་པའི་མ་ལག་འཛུགས་དགོས། ལས་རིགས་སློབ་གསོ་དང་སྦྱོང་བརྡར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ངལ་རྩོལ་པའི་རྩལ་ནུས་དང་ཡོང་འབབ་ཀྱི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་། སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་ལེགས་པའི་སྤུས་ཚད་ལྡན་པའི་ལས་ཞུགས་མངོན་འགྱུར་བྱེད་པར་བརྟེན་ནས་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་རྒྱ་སྐྱེད་གཏོང་བ་དང་། ནང་མཁོའི་གཏིང་ཤུགས་གློད་གཏོང་བྱེད་དགོས། 

རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་འགག་རྩའི་ལྟེ་བའི་ལག་རྩལ་གང་མགྱོགས་སུ་འགག་སྒྲོལ་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འགག་རྩའི་གནད་དོན་ཞིག་རེད། རང་རྒྱལ་གྱི་མཐོ་རིམ་སློབ་གྲྭས་འགན་འཁྲི་ལྕི་མོ་འཁུར་ཕོད་དགོས་པ་དང་། མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གསར་གཏོད་ཀྱི་གཏིང་ཤུགས་གློད་གཏོང་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་འགག་རྩའི་ལྟེ་བའི་ལག་རྩལ་དང་ལྷག་པར་དུ་“སྐེ་བཙིར་བའི་”གནད་དོན་ལ་དམིགས་ཏེ་ལག་རྩལ་འགག་སྒྲོལ་གང་མགྱོགས་སུ་བྱེད་དགོས། “རྩེ་གྲ་གཉིས་”འཛུགས་སྐྲུན་བྱེད་པའི་མཐོ་སློབ་ཀྱིས་ཚན་རྩལ་གསར་གཏོད་ལས་ཀར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱས་ཏེ། ཆུ་ཚད་མཐོ་བའི་སློབ་ཆེན་གྱི་བཀོད་པར་བརྟེན་ནས་ཞིབ་འཇུག་སྒྲིག་བཀོད་ཁག་ཅིག་འཛུགས་སྐྲུན་བྱེད་པ་དང་། ཐོན་སློབ་ཞིབ་གསུམ་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་དང་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་རྩེ་གྲ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུར་གཞི་ཚུགས་ནས་ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། གནས་ཐིག་ངོས་གསུམ་ཟུང་འབྲེལ་དང་། ཤར་དབུས་ནུབ་གསུམ་གཞོགས་འདེགས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་བར་སྟོང་ཆགས་སྟངས་གང་མགྱོགས་ངང་ཆགས་པར་བྱས་ཏེ། སློབ་གསོའི་ཞབས་ཞུའི་ས་ཁོངས་འཕེལ་རྒྱས་འཐབ་ཇུས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། 

སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་སློབ་གསོའི་བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྤྱིའི་ཇུས་གཞི་འདོན་པ་དང་དོན་འཁྱོལ་ཡག་པོ་བྱ་རྒྱུ་དམ་འཛིན་བྱས་ཏེ་ཀྲུང་གོའི་དོན་དངོས་དང་མཐུན་ལ་འཛམ་གླིང་གི་ཆུ་ཚད་ལྡན་པའི་གདེང་འཇོག་མ་ལག་ཅིག་འཛུགས་དགོས། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་འགོ་བརྩམས་ཚུན་དུ་དྲ་ཐོག་སློབ་གསོ་གཞི་ཁྱོན་ཆེན་པོས་སྤེལ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས་ཆ་འཕྲིན་ལག་རྩལ་སྤྱད་དེ་སློབ་གསོའི་འདུ་ཤེས་གསར་སྒྱུར་དང་སློབ་གསོའི་དཔེ་སྲོལ་འགྱུར་ལྡོག་གཏོང་དགོས། སློབ་གསོ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། སློབ་གསོ་གོ་ལ་ཧྲིལ་པོར་སྒོ་འབྱེད་པའི་བཀོད་པ་ལེགས་སུ་གཏོང་བ། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་ཤུགས་རྒྱག་པ་བཅས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དུས་མཚུངས་སུ་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། 

 

༄༅། །རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།

(2021ལོའི་ཟླ་2ཚེས་26ཉིན།) 

དེ་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་བརྒྱད་པ་སྤེལ་རྒྱུ་ཡིན་པ་དང་། སྦྱང་གཞི་ནི་དམངས་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན། ཐེངས་འདིའི་སློབ་སྦྱོང་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལ་ཁ་ཕྱོགས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་གྱི་ད་ཡོད་གནས་ཚུལ་ལ་དབྱེ་ཞིབ་དང་། གནས་པའི་གནད་དོན་ལ་ཞིབ་འཇུག །འཐུས་ཚང་དུ་གཏོང་བའི་བསམ་ཕྱོགས་ཁ་གསལ་བཟོ་བ་བཅས་ལ་བརྟེན་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། 

སྤྱི་ཚོགས་འགན་སྲུང་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་དང་། སྤྱི་ཚོགས་དྲང་སྙོམས་སྲུང་སྐྱོང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་གཞི་རྩར་གྱུར་པའི་ལམ་ལུགས་ཀྱི་འགན་སྲུང་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་པས། དམངས་འཚོ་འགན་སྲུང་གི་བདེ་འཇགས་དྲ་བ་དང་། ཡོང་འབབ་བགོ་བཤའ་སྙོམས་སྒྲིག་ཡོ་ཆས། དཔལ་འབྱོར་འཁོར་སྐྱོད་བརྟན་བཟོ་ཡོ་ཆས་བཅས་ཀྱི་ནུས་པ་འདོན་བཞིན་ཡོད་ལ། རྒྱལ་ཁབ་བདེ་བར་སྐྱོང་བའི་དོན་དག་ཆེན་པོ་ཞིག་རེད། 

ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འགན་སྲུང་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད། དེ་སྔ་1922ལོར། ཏང་གི་ཚོགས་ཆེན་གཉིས་པའི་བསྒྲགས་གཏམ་ལས་བཟོ་གྲྭའི་འགན་བཅོལ་འཛུགས་པ་དང་། ལས་ཤོར་བཟོ་པ་སྲུང་སྐྱོབ་བྱེད་པ་སོགས་ལས་བཟོ་པའི་ཐོབ་ཐང་ལེགས་བཅོས་བྱེད་པའི་འདོད་ཚུལ་བཏོན་ཡོད། རུའེ་ཅིན་དུས་སྐབས་སུ་ཁྱབ་བསྒྲགས་བྱས་པའི་《ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་བཅའ་ཁྲིམས་》ནང་ཆེད་དུ་ལེའུ་བཀོད་ནས་སྤྱི་ཚོགས་འགན་བཅོལ་གྱི་གནད་དོན་གཏན་འབེབས་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་པའི་དུས་སྐབས་སུ་སྲིད་དོན་ཁང་གིས་《ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་》ནང་གི་“ངལ་རྩོལ་ཉེན་འགོག་ལམ་ལུགས་རིམ་བཞིན་ལག་བསྟར་བྱེད་དགོས་པའི་”བླང་བྱ་གཞིར་བཟུང་སྟེ། 1951ལོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་འགན་བཅོལ་སྲོལ་ཡིག་》ཁྱབ་བསྒྲགས་བྱས། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོས་སྤྱི་ཚོགས་འགན་སྲུང་དེ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བའི་རྨང་གཞིའི་དམངས་འཚོའི་ལས་གྲྭར་བརྩིས་ཏེ། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བས་འཕེལ་སྐྱེད་ཆེན་པོ་བྱུང་ཡོད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་སྔར་བས་མངོན་གསལ་ཆེ་བའི་གོ་གནས་ཐོག་བཞག་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་མྱུར་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སོགས་ཀྱི་ཐོག་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་དང་འཐུས་ཚང་གཏོང་བའི་སྤྱིའི་ཇུས་གཞི་དང་། སྨན་བཅོས་འགན་སྲུང་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་བསམ་འཆར་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་ཐེངས་མང་བྱས་ཏེ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ཐད་རྩེ་རིམ་ཇུས་འགོད་བྱས་པས་བསྒྱུར་བཅོས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་ཆེ་རུ་ཕྱིན་ཡོད། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཅིག་གྱུར་བྱས་པ་དང་། ལས་ཁུངས་དང་བྱ་ལས་སྡེ་ཚན་དང་ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་ཟླ་སྒྲིལ་མངོན་འགྱུར་བྱས་ཤིང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཀྲུང་དབྱང་གིས་སྙོམ་སྒྲིག་བྱེད་པའི་ལམ་ལུགས་བཙུགས། ང་ཚོས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྡེབ་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་རིགས་ཆེ་གྲས་ཀྱི་འགན་བཅོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་བཙུགས། ང་ཚོས་དམངས་ཡོངས་ཀྱིས་འགན་བཅོལ་འཇོག་པའི་འཆར་གཞིར་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་འགན་བཅོལ་གྲོན་ཚད་དམའ་རུ་བཏང་ཞིང་། གཞུང་ཁོངས་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་སྒྱུར་སྤྲོད་བྱས། ང་ཚོས་རྒན་གསོ་དང་བུ་བཅོལ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ཕན་བདེའི་བྱ་གཞག་འཕེལ་རྒྱས་ཧུར་ཐག་བཏང་བ་དང་། མི་དམངས་མང་ཚོགས་ལ་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཕོ་མོ། ལས་རིགས་བཅས་ཀྱི་དབྱེ་བ་མེད་པར། རྒ་བ་དང་། ན་བ། ལས་ཤོར། ལས་རྨས། དབང་པོ་སྐྱོན་ཅན། དབུལ་ཕོངས་སོགས་ཀྱི་ཉེན་ཁ་ལ་ཐུག་དུས་ལམ་ལུགས་ཐོག་གི་འགན་སྲུང་གང་འོས་ལྡན་པར་བྱས་ཡོད། 

མིག་སྔར། རང་རྒྱལ་གྱིས་གཞི་རྩའི་ཆ་ནས་སྤྱི་ཚོགས་འགན་བཅོལ་གྲུབ་ཆ་གཙོ་བོར་གྱུར་པའི་སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་གཟིགས་སྐྱོང་སོགས་ཀྱི་ལམ་ལུགས་ཚུད་པའི་བྱེད་ནུས་ཆ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་བསྐྲུན་ཟིན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱིས་མི་དུང་ཕྱུར་13.6ཁེབས་པ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་གྱིས་མི་དུང་ཕྱུར་10ལ་ཉེ་བ་ཁེབས་ཡོད་པས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་ཡིན། དེས་མི་དམངས་ལ་དགའ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པར་རྨང་གཞི་བརྟན་པོར་བཏིང་ཡོད་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས་ཡོད་ལ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད། 

གྲུབ་འབྲས་སྒོ་ཀུན་ནས་ཁས་ལེན་བྱེད་པ་དང་དུས་མཚུངས་སུ། ང་ཚོས་མཐོང་དགོས་པ་ཞིག་ནི། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བ། མི་འབོར་རྒན་འཁོགས་ཅན་དུ་འགྱུར་བ། ལས་ཞུགས་བྱེད་སྟངས་སྣ་མང་ཅན་དུ་འཕེལ་རྒྱས་མགྱོགས་སུ་འགྲོ་བ་བཅས་དང་སྦྲགས་ནས་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་ལ་ད་དུང་མི་འདང་ས་ཡོད་པ་སྟེ། གཙོ་བོ་ནི། ད་དུང་ལམ་ལུགས་སྡེབ་སྒྲིག་དོན་ཐོག་ཏུ་དེ་འདྲ་འཁྱོལ་མེད་པ་དང་ལམ་ལུགས་ཁག་བར་གྱི་སྤོ་སྒྱུར་འབྲེལ་མཐུད་ལེགས་པོ་བྱུང་མེད་པ་དང་གཅིག །གླ་རྒྱག་ཞིང་པ་དང་སྐབས་བསྟུན་ལས་ཞུགས་པ། ལས་རྣམ་གསར་པའི་ལས་ཞུགས་པ་སོགས་ཁག་ཅིག་སྤྱི་ཚོགས་འགན་སྲུང་ནང་བཅུག་མེད་པ་དང་། “འགན་སྲུང་ཆད་ལུས་ཤོར་བ་”དང་། “འགན་སྲུང་དང་ཁ་བྲལ་བ།” “འགན་སྲུང་མཚམས་ཆད་པ་”བཅས་ཀྱི་གནས་ཚུལ་ཡོད་པ་དང་གཉིས། སྲིད་གཞུང་གིས་གཙོ་ཁྲིད་དང་དོ་དམ་བྱེད་འགན་འཁུར་བའི་གཞི་རྩའི་འགན་སྲུང་དེ་“ཁེར་རི་ང་མཐོ་”བྱུང་བ་ལས། ཚོང་རའི་བྱེད་པོ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་འགན་འཁུར་བའི་ཁ་གསབ་འགན་སྲུང་ནི་འདབ་ལག་དེ་འདྲ་རྒྱས་མེད་པ་དང་གསུམ། སྤྱི་ཚོགས་འགན་སྲུང་གི་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་ད་དུང་མཐོ་རུ་གཏོང་དགོས་པ་དང་། ས་གནས་ཀྱི་གཏོང་ཡོང་གི་འགལ་བ་དོ་སྙོམས་བྱེད་པའི་གནོན་ཤུགས་ཅུང་ཆེ་བ་དང་བཞི། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་ཁག་བར། ཚོགས་སྤྱི་ཁག་བར་བཅས་ཀྱི་ཐོབ་ཐང་གི་ཁྱད་པར་ལུགས་མཐུན་མིན་པ་དང་ལྔ། སྤྱི་ཚོགས་འགན་སྲུང་གི་སྤྱི་པའི་ཞབས་ཞུའི་ནུས་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོའི་བར་དུ་ད་དུང་ཧེ་བག་ངེས་ཅན་གནས་པ་དང་དྲུག །ས་གནས་ལ་ལའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་“མཐིལ་རྟོལ་”གྱི་ཉེན་ཁ་གནས་པ་དང་བདུན་བཅས་རེད། མི་འདང་བའི་ཆ་འདི་དག་ལ་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པར་མ་ཟད་ཐག་གཅོད་ཏན་ཏིག་ཀྱང་བྱེད་དགོས། 

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་མ་འོངས་པའི་ལོ་ངོ་5དང་ཐ་ན་ལོ་ངོ་15ཡི་འཕེལ་རྒྱས་ལ་འཆར་གཞི་རྒྱ་ཆེན་བཀོད་ནས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་དགོས་པའི་བླང་བྱ་བཏོན་ཡོད། སྤྱི་ཚོགས་འགན་སྲུང་ནི་མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དང་འབྲེལ་བ་ཡོད་པས། ང་ཚོས་ཡང་བསྐྱར་བགོ་བཤའ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རོགས་རེས་ཀུན་ཕན་གྱི་ནུས་པ་ཆེ་རུ་བཏང་ནས་མི་སྔར་ལས་མང་བ་སྤྱི་ཚོགས་འགན་སྲུང་མ་ལག་ནང་བཅུག་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྔར་ལས་བློས་འཁེལ་བ་དང་སྔར་ལས་འཐུས་སྒོ་ཚང་བའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། དམངས་ཡོངས་ལ་ཁྱབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་ལ་གཅིག་གྱུར་འཆར་འགོད། དྲང་སྙོམས་གཅིག་གྱུར། རྒྱུན་མཐུད་ཐུབ་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་སྔར་བས་དམ་ཚགས་སུ་གཏོང་དགོས། 

དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཆུ་ཚད་དང་། སྤྱི་ཚོགས་ཀྱི་ཆ་རྐྱེན། རིག་གནས་ཀྱི་ཁྱད་ཆོས་བཅས་མི་འདྲ་བས། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱང་འདྲ་མིན་སྣ་ཚོགས་ཡོད་ངེས་པ་རེད། ང་ཚོས་ཕྱི་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གི་དགེ་མཚན་ལྡན་པའི་ཉམས་མྱོང་ལ་སློབ་སྦྱོང་དང་མིག་དཔེ་བལྟ་རྒྱུར་ཧ་ཅང་མཐོང་ཆེན་བྱས་ནའང་། གཞན་དཔེ་འདྲ་བཤུས་དང་སླ་བཅོས་ཀྱི་ལད་བཟོ་མ་ཡིན་པར་རང་རྒྱལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། འཚོལ་ཞིབ་ཧུར་ཐག་བྱེད་པ། སྙིང་སྟོབས་ཆེན་པོས་གསར་གཏོད་བཅས་བྱས་པས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པའི་སྤྱི་ཚོགས་འགན་སྲུང་མ་ལག་ལམ་ལྷོང་ངང་བསྐྲུན་ཡོད། ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་བསྒྲུབས་ཏེ་སྤྱི་ཚོགས་འགན་སྲུང་བྱ་གཞག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མི་དམངས་བླ་ན་མེད་པར་འཛིན་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བ་རྒྱུན་འཁྱོངས་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དྲང་སྙོམས་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་དེ་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་ཀུན་སློང་དང་དམིགས་ཡུལ་བྱས་ཏེ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ཡོད་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་བསྒྲུབས་ཡོད། ལམ་ལུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩ་འགན་སྲུང་། རིམ་པ་མང་བ། རྒྱུན་མཐུད་ཐུབ་པ་སོགས་ཀྱི་དམིགས་འབེན་ལ་དམིགས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ཡོད། དུས་བསྟུན་མདུན་སྐྱོད་རྒྱུན་འཁྱོངས་དང་། བསྒྱུར་བཅོས་ཀྱི་ཐབས་ཤེས་དང་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་བསལ་བ་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་བྱས་ཏེ་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་དཔལ་འབྱོར་དང་ནོར་ཤུགས་རྒྱུན་མཐུད་ངང་འཕར་སྣོན་ཡོང་བའི་རྨང་གཞིའི་ཐོག་བཙུགས་ཤིང་། དོན་དངོས་དང་ཁ་བྲལ་ལ་དུས་རིམ་ལས་བརྒལ་བར་བྱས་མེད། ང་ཚོས་ལེགས་འགྲུབ་ཀྱི་ཉམས་མྱོང་འདི་དག་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་དང་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། 

གཉིས་པ། “ལོ་ལྔ་ཚན་བཅུ་བཞི་པ་”དང་ཐ་ན་དེ་ལས་རིང་བའི་དུས་སྐབས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་དཔེ་གཞི་གསལ་པོར་བཀོད་ཡོད་པས། དོན་ཚན་རེ་རེ་བཞིན་ཞིབ་འཇུག་གཏིང་ཟབ་བྱས་ནས་འཆར་འགོད་ནང་བཅུག་སྟེ་དོན་འཁྱོལ་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཀྱིས་བཏོན་པའི་བླང་བྱ་གསར་པ་སྟངས་འཛིན་ཡག་པོ་བྱས་ཏེ་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་སྒོ་ནས་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་འཕེལ་རྒྱས་བསམ་གཞིགས་དང་ཇུས་འགོད་བྱེད་དགོས། འཐབ་ཇུས་ཀྱི་ལྟ་བ་འཛིན་པ་དང་། མི་དམངས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བར་བཅངས་པའི་རེ་བ་དང་བསྟུན་པ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་འཕེལ་རིམ་དང་འཚམ་པར་བྱས་ཏེ། རྒྱུན་ཆད་མེད་པར་བྱིས་པའི་དུས་ན་སྐྱོང་མཁན་ཡོད་པ་དང་། སློབ་སྦྱོང་ལ་འཁྲིད་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། འཁོས་ཆུང་སྐྱོང་མཁན་ཡོད་པ་བཅས་ཀྱི་ཐད་དུ་འཕེལ་སྐྱེད་གསར་པ་ཡོང་བར་བྱེད་དགོས། ཉེན་ཁའི་འདུ་ཤེས་ཆེ་རུ་བསྐྱེད་ནས་མ་འོངས་པའི་ལོ་ངོ་5དང་། ལོ་ངོ་15དང་ཐ་ན་ལོ་ངོ་30ཡི་ནང་རང་རྒྱལ་གྱི་མི་འབོར་རྒན་འཁོགས་ཅན་དུ་འགྱུར་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་མཐོ་རུ་འགྲོ་བ། སློབ་གསོ་ཐོབ་པའི་ལོ་ཚད་མང་དུ་འགྲོ་བ། ངལ་རྩོལ་ནུས་ཤུགས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་འབྱུང་བ་སོགས་ཀྱི་འཕེལ་ཕྱོགས་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། སྤྱི་ཚོགས་འགན་སྲུང་ལ་འཕྲད་སྲིད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་བྱས་ཏེ། ལས་ཀའི་སྔོན་ཚོད་རང་བཞིན་དང་རང་དབང་རང་བཞིན་ཆེ་རུ་གཏོང་བ་དང་། ཆུ་མ་ཡོང་གོང་གི་རགས་ལྟར་ཁ་གཏད་འཇལ་ཐབས་འཚོལ་དགོས། རྒྱལ་སྤྱིར་ལྟ་བའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཕྱིའི་སྤྱི་ཚོགས་འགན་སྲུང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་དོ་ཁུར་བྱེད་ཅིང་ཉམས་མྱོང་དང་བསླབ་བྱ་བསྡུ་ལེན་བྱས་ཐོག །རྒྱལ་ཁབ་ལ་ལ་དང་འདྲ་བར་རྨོངས་ཚོད་ངང་“ཕན་བདེ་བསྙེགས་”ཏེ་“ཡོང་འབབ་འབྲིང་གྲས་ཀྱི་རྒྱ་རྙི་”ལ་ཚུད་པ་ཟློག་དགོས་ལ། རྒྱལ་ཁབ་འགའ་ཞིག་དང་འདྲ་བར་“ཕན་བདེ་ཡོངས་ཁྱབ་ཅན་”ལག་བསྟར་བྱས་པས་སྤྱི་ཚོགས་གསོན་ཤུགས་ཀྱིས་དབུལ་བར་འགྱུར་བའང་ཟློག་དགོས། ག་དུས་ཡིན་རུང་གནས་ལུགས་ཤིག་བརྗེད་མི་རུང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འགན་སྲུང་ནི་ཆུ་རྒྱས་ན་གྲུ་མཐོ་བའི་འབྲེལ་བ་ཅན་ཡིན་པས། ཆུ་ཆུང་ངུར་གྲུ་གཟིངས་ཆུང་ཆུང་དང་། ཆུ་ཆེན་པོར་གྲུ་གཟིངས་ཆེན་པོ་གཏོང་དགོས་པ་ལས། ཆོས་ཉིད་དང་འགལ་ན་གྲུ་གཟིངས་འདམ་ལ་ཟུག་པའམ་ཡང་ན་གྲུ་གཟིངས་མགོ་རྟིང་ལོག་སྲིད་པ་རེད། 

གསུམ་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ད་ལྟ་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཀྱི་བསྒྱུར་བཅོས་དེ་མ་ལག་འདུས་གྲུབ་དང་མཉམ་ལས་ཆོད་ཆེའི་དུས་རིམ་དུ་སླེབས་ཡོད། སྤྱི་ཚོགས་འགན་སྲུང་གི་ཕྱོགས་སོ་སོའི་བར་དང་། སྤྱི་ཚོགས་འགན་སྲུང་གི་ཁྱབ་ཁོངས་དང་འབྲེལ་ཡོད་ཁྱབ་ཁོངས་གཞན་དག་བར་གྱི་བསྒྱུར་བཅོས་ཀྱི་འབྲེལ་བ་སྟངས་འཛིན་ཐིག་པོ་བྱས་ཏེ་གཅིག་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་ནས་བསྒྱུར་བཅོས་ཁག་ལ་སྤྱི་ཡོངས་ཀྱི་བསྒྲིལ་ཤུགས་ཆགས་རྒྱུ་འགན་ལེན་བྱེད་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་ཐད་ཀྱི་མི་དམངས་ལ་བསམ་འཆར་མང་བའི་ཡིད་ཉོབ་པའི་དོན་དག་དང་། སེམས་ཁྲལ་ཆེ་བའི་དོན་དག །བློ་མི་བདེ་བའི་དོན་དག་བཅས་ལ་དམ་པོར་དམིགས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་འགོག་རྐྱེན་བཟོ་བའི་དཀའ་གནད་ཆེན་པོ་ལ་དམ་པོར་དམིགས་ཏེ་བསྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རིམ་པ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། གཞི་རྩའི་རྒན་གསོ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལོ་ཕོགས་ལམ་ལུགས་ཁྱབ་རྒྱ་ཆེ་རུ་གཏོང་བ། ཀ་རྟེན་གསུམ་པའི་རྒན་གསོའི་འགན་བཅོལ་ཚད་ལྡན་དུ་འཕེལ་རྒྱས་གཏོང་བ། ཚོང་ལས་སྨན་བཅོས་འགན་བཅོལ་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་སྔར་བས་ཁ་གསལ་བཟོ་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གཅིག་འདོམས་ཇུས་བཀོད་ནང་འཇུག་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། རྒྱུན་གཏན་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། གླ་རྒྱག་ཞིང་པ་དང་། སྐབས་བསྟུན་ལས་ཞུགས་པ། ལས་རྣམ་གསར་པའི་ལས་ཞུགས་པ་བཅས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དམག་ཞབས་འཐིམ་པའི་དམག་མིའི་འགན་སྲུང་ལམ་ལུགས་ཆ་ཚང་དུ་གཏོང་བ། རྒན་རྒོན་ལ་དོ་ཁུར་བྱེད་པའི་ཞབས་ཞུའི་མ་ལག་ཆ་ཚང་དུ་གཏོང་བ། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། 

2018ལོ་ནས་བཟུང་ང་ཚོས་རྒན་གསོའི་འགན་བཅོལ་གྱི་ཀྲུང་དབྱང་སྙོམ་སྒྲིག་གྲོན་དངུལ་གྱི་ལམ་ལུགས་ལག་བསྟར་བྱས་ཤིང་། ན་ནིང་ཁོ་ནར་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱིས་སྒོར་དུང་ཕྱུར་1768བཏོན་ནས་དབུས་ནུབ་རྒྱུད་དང་བཟོ་ལས་རྟེན་གཞི་རྙིང་གྲས་ཀྱི་ཞིང་ཆེན་ལ་གཏོང་སྤྲོད་བྱས་པས་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་གཏོང་ཡོང་གི་ས་ཁོངས་ཀྱི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་བཏང་སྟེ་རྒན་གསོའི་མ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པ་འགན་ལེན་བྱས། དུས་མཚུངས་སུ་ས་ཁོངས་དོ་མི་མཉམ་པའི་གནད་དོན་ད་དུང་རྩ་བའི་ཐོག་ནས་ཐག་གཅོད་བྱུང་མེད་པས། གཞི་རྩའི་རྒན་གསོའི་འགན་བཅོལ་དེ་རྒྱལ་ཡོངས་སུ་གཅིག་འདོམས་བྱ་རྒྱུ་མགྱོགས་མྱུར་དུ་མངོན་འགྱུར་བྱེད་དགོས། འདི་ནི་སྤྱི་ཚོགས་འགན་བཅོལ་གྱི་“གྲངས་ཆེའི་ངེས་སྲོལ་”དང་མཐུན་པར་མ་ཟད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་བླང་བྱའང་ཡིན། 

མི་འབོར་རྒན་འཁོགས་ཅན་དུ་འགྱུར་ཚད་མགྱོགས་སུ་འགྲོ་བ་དང་ལྷག་པར་དུ་རྒན་རྒོན་ལ་གཅོང་ནད་ཕོག་ཁྱབ་ཆེ་རུ་འགྲོ་བའི་ཁར་སྨན་བཅོས་ལག་རྩལ་འཕེལ་རྒྱས་ཕྱིན་པས་ནད་གཞི་མང་པོ་ཞིག་ནི་“སྨན་བཅོས་མི་ཐུབ་པ་”ནས་“བཅོས་ཐུབ་འགོག་ཐུབ་”ཏུ་གྱུར་པས་སྨན་བཅོས་འགན་བཅོལ་གྱི་གཏོང་སྒོའི་ཐད་དུ་གནོན་ཤུགས་སྔར་བས་ཆེན་པོ་འཕྲད་ཡོད། རྒྱུན་འཁྱོངས་ལྷོད་མེད་དང་མཐུན་འགྲིག་ངང་“སྨན་གསུམ་མཉམ་འགུལ་”[1]ལ་སྐུལ་འདེད་གཏོང་བ་དང་། མ་དངུལ་གྲབས་གསོག་དང་ཐོབ་ཐང་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱིས་སྨན་རྫས་དང་གྲོན་རྫས་གཅིག་བསྡུས་ཀྱིས་འབོར་ཚད་ལྟར་ཉོ་སྒྲུབ་སྒྲིག་འཛུགས་བྱེད་པའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཐབས་ཀྱི་བསྒྱུར་བཅོས་ཟབ་སྤེལ། སྨན་བཅོས་ཞབས་ཞུའི་རིན་གོང་ཆགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩའི་བཀོལ་སྤྱོད་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། 

ཉེ་བའི་ལོ་ཤས་རིང་། མི་འབོར་རྒན་འཁོགས་ཅན་དུ་འགྱུར་ཚད་ཅུང་མཐོ་བའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གསར་དར་རྒྱལ་ཁབ་མང་པོ་ཞིག་གིས་ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱང་གཏོང་བའི་བསྒྱུར་བཅོས་འཆར་གཞི་བཏོན་ཡོད་མོད། འོན་ཀྱང་ལག་བསྟར་བྱེད་དུས་ལམ་ལྷོང་རང་ཞིག་བྱུང་མེད། བསྒྱུར་བཅོས་འདིའི་ཐད་རྒྱལ་ཁབ་ལ་ལར་བར་ཆད་མང་པོ་བྱུང་བས། ང་ཚོས་བསྒྱུར་བཅོས་ཀྱི་ཁ་ཕྱོགས་དང་། དལ་ལྷོད། ཤུགས་ཚད་བཅས་སྟངས་འཛིན་ལུགས་མཐུན་བྱེད་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་རྒྱག་པ། སྤྱི་ཚོགས་ཡོངས་ཀྱི་ངོས་འཛིན་གཅིག་མཐུན་དང་བསྒྲིལ་ཤུགས་གཅིག་སྒྲིལ་གང་ཐུབ་བཅས་བྱས་ཏེ་བསྒྱུར་བཅོས་ཀྱི་ལས་འགན་འདི་བརྟན་པོའི་ངང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། 

བཞི་པ། སྤྱི་ཚོགས་འགན་སྲུང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་སོ་སོ་ནས་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་བརྒྱབ་སྟེ་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྤྱི་ཚོགས་འགན་སྲུང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་སྲུང་གི་ཁྲིམས་འཛུགས་ལས་དོན་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་འགན་བཅོལ་དང་། སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ་སོགས་ཐད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གང་མགྱོགས་གཏན་འབེབས་སམ་ཡང་ན་བཟོ་བཅོས་བརྒྱབ་ནས་སྲིད་གཞུང་རིམ་པ་ཁག་དང་། མི་སྤྱོད་མཁན་སྡེ་ཚན། མི་སྒེར། སྤྱི་ཚོགས་བཅས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཁེ་དབང་དང་། འོས་འགན། འགན་འཁྲི་བཅས་ཁྲིམས་ལྟར་དོན་འཁྱོལ་བྱེད་དགོས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་ཁྲིམས་ལྟར་ཆ་ཚང་དུ་གཏོང་བ་དང་། ཐེབས་རྩ་འཁོར་སྐྱོད་ཀྱི་ཉེན་ཁ་འགོག་ཟོན་དང་ཁྱད་གསོད་བྱས་ཏེ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས། འགན་བཅོལ་ཁ་བསླུས་རྒྱག་པ་དང་། འགན་བཅོལ་གཡོ་ལེན་བྱེད་པའམ་ཡང་ན་སྤྱི་ཚོགས་ཀྱི་འགན་སྲུང་མ་དངུལ་སྣ་ཚོགས་ཧམ་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་བཟོད་སྒོམ་སྤུ་ཙམ་མི་བྱེད་པའི་རྣམ་འགྱུར་ཐོག་ནས་རྡུང་རྡེག་ནན་པོ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་“རྒན་གསོའི་དངུལ་”དང་། “སྲོག་སྐྱོབ་དངུལ།” “སྐྱོབ་རོགས་དངུལ།” “དགེ་སྒྲུབ་དངུལ་”བཅས་ཚང་མ་སྲུང་སྐྱོབ་ཡག་པོ་བྱེད་དགོས། 

ལྔ་པ། སྤྱི་ཚོགས་འགན་སྲུང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞང་དང་གྲོང་རྡལ་(སྲང་ལམ་)བཅས་རིམ་ལྔའི་སྤྱི་ཚོགས་འགན་སྲུང་དོ་དམ་མ་ལག་དང་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་། དོ་དམ་ཞིབ་ཚགས་ཅན་དུ་འགྱུར་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བརྒྱབ་ནས་སྤྱི་ཚོགས་འགན་སྲུང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། མི་འབོར་གཞི་ཁྱོན་ཆེན་པོའི་འཁོར་སྐྱོད་དང་ལས་ཞུགས་མགྱོགས་མྱུར་ངང་འགྱུར་ལྡོག་འགྲོ་བའི་འཕེལ་ཕྱོགས་དང་བསྟུན་ནས་སྤྱི་ཚོགས་འགན་བཅོལ་འབྲེལ་བ་ཐོ་འགོད་དང་སྤོ་སྒྱུར་དང་སྦྲེལ་མཐུད་ཀྱི་ཐབས་བཀོད་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་ཕན་བདེ་ཐོབ་མཁན་གནད་དུ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱེད་པའི་ལམ་སྲོལ་ཆ་ཚང་དུ་བཏང་སྟེ། འགན་བཅོལ་བྱེད་དགོས་རིགས་ཚང་མ་འགན་བཅོལ་དང་། རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར། ལོངས་སྤྱོད་བྱེད་འོས་རིགས་ཚང་མ་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་མངོན་འགྱུར་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་བ་དང་། དྲ་རྒྱ་དང་གཞི་གྲངས་ཆེན་མོ། སྤྲིན་རྩིས་སོགས་ཆ་འཕྲིན་ལག་རྩལ་གསར་གཏོད་ཀྱི་ཞབས་ཞུ་བྱེད་སྲོལ་སྒོ་ཀུན་ནས་སྤྱད་དེ་སྤྱི་ཚོགས་འགན་བཅོལ་སྒྲུབ་ཚུལ་གྲངས་ཀ་ཅན་དུ་སྲོལ་སྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། དུས་མཚུངས་སུ་སྲོལ་རྒྱུན་གྱི་ཞབས་ཞུ་བྱེད་སྟངས་དང་རིག་ནུས་ཅན་གྱི་ཞབས་ཞུ་གསར་གཏོད་མཉམ་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིའི་ཁྱད་ཆོས་ལ་དམིགས་ནས་སྔར་ལས་སྙིང་ཉེ་ཞིང་དྲོད་ཁོལ་ལྡན་པའི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། 

དྲུག་པ། སྤྱི་ཚོགས་འགན་སྲུང་གིས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བའི་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། ན་ནིང་ནས་བཟུང་། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། སྤྱི་ཚོགས་འགན་སྲུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་དུ་བྱས་རྗེས་བཞག་ཡོད་པ་རེད། མིག་སྔར། གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་བཞིན་ཡོད་པ་ལ་རང་རྒྱལ་གྱི་“ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པ་”ཡི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་པོ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་ལམ་བརྟན་པོ་ཡོང་བར་རོགས་རམ་བྱེད་པའི་ཐད་ཀྱི་སྤྱི་ཚོགས་འགན་སྲུང་གི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། གནས་ཚུལ་ཇེ་ལེགས་སུ་འགྲོ་བའི་འགྱུར་ལྡོག་ལ་གཞིགས་ནས་སྤྱི་ཚོགས་འགན་སྲུང་གི་གྲོན་དངུལ་རྩ་ཆག་གཏོང་བ་སོགས་དུས་རིམ་རང་བཞིན་གྱི་དཀའ་སེལ་སྲིད་ཇུས་བརྟན་པོའི་ངང་ཕྱིར་འཐེན་བྱེད་པ་དང་འབྲེལ་སྲིད་ཇུས་གཞན་དག་ཕྱིར་འཐེན་བྱེད་པ་དང་བརྟན་པོའི་ངང་སྦྲེལ་མཐུད་བྱེད་དགོས། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་ཕྱོགས་བསྡོམས་བྱེད་པ་དང་། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གིས་ཐོལ་བྱུང་གི་ཉེན་ཁ་ཆེན་པོར་ཁ་གཏད་འཇལ་བའི་འཕྲལ་བསྟུན་ཁ་གཏད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྔོན་དཔག་ཐུབ་པའི་སྐྱེ་རྒ་ན་འཆི་སོགས་རྒྱུན་ལྡན་གྱི་ཉེན་ཁ་སྣ་ཚོགས་འགོག་ཐུབ་པར་མ་ཟད། སྔོན་དཔག་དཀའ་བའི་རྒྱུན་ལྡན་མིན་པའི་ཉེན་ཁར་ཡང་ཁ་གཏད་འཇལ་ཐུབ་པ་བྱེད་དགོས། 

མཇུག་མཐར་ངས་གནད་དོན་ཞིག་ནན་བཤད་བྱ་རྒྱུ་ཡིན། དེ་ནི་ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་པའི་ཐོག་མའི་དུས་སུ། ང་ཚོས་ས་གནས་ཁག་གིས་སྙིང་སྟོབས་ཆེན་པོས་གསར་གཏོད་དང་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱས་པ་ཡིན། ད་ལྟ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་སྦྲགས་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་རྒྱུན་འཁྱོངས་བྱེད་དགོས་པ་དང་རྒྱལ་ཡོངས་ཇུས་གཅིག་བྱེད་ཐུབ་དགོས། ལམ་ལུགས་ཀྱི་དགོས་ངེས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལམ་ལུགས་འཁོར་སྐྱོད་ལ་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་ཁག་གིས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་བསྐྱེད་དེ་ལམ་ལུགས་བསྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པ་ལས། སྒྲིག་འགལ་ངང་ས་གནས་ཀྱི་“སྲིད་ཇུས་ཆུང་ངུ་”འདོན་མི་ཆོག །དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ས་ཁོངས་ཁག་བར་གྱི་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཐད་ཧེ་བག་ཡོད་ཆོག་མོད། འོན་ཀྱང་གཅིག་གྱུར་ལམ་ལུགས་ཀྱི་དམིགས་འབེན་ལ་གཡོ་འགུལ་གཏོང་མི་རུང་བ་དང་། གང་འདོད་དུ་སྒྲུབ་པ་དང་སྟབས་བསྟུན་བྱེད་མི་རུང་། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཆོས་ཉིད་སྟངས་འཛིན་དང་གཅིག་འདོམས་མཐུན་སྦྱོར་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བསྒྱུར་བཅོས་ཇུས་གཞི་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡག་པོར་འཛིན་པ་དང་། དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས། 

མཆན་འགྲེལ། 

[1] “སྨན་གསུམ་མཉམ་འགུལ་”ཞེས་པ་ནི་མི་དམངས་ཀྱི་བདེ་ཐང་ལྟེ་བར་བཟུང་བ་དང་། བཅའ་ཁྲིམས་དང་སྲིད་འཛིན། ཚོང་ར་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་སྨན་རྫས་བསྒྱུར་བཅོས་བཅས་ཀྱི་སྤྱི་ཡོངས་རང་བཞིན་དང་། མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་དང་སྨན་བཅོས་ཞབས་ཞུ་མ་ལག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། རིམ་པ་མང་བའི་སྨན་བཅོས་འགན་སྲུང་ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་འཐུས་ཚང་དུ་གཏོང་བ། སྨན་རྫས་དང་སྨན་སྤྱོད་རྒྱུ་ཆ་མཁོ་སྤྲོད་ལམ་ལུགས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་ཐོན་ཁུངས་ལུགས་མཐུན་ངང་བགོ་སྒྲིག་བྱ་རྒྱུ་མངོན་འགྱུར་བྱེད་པ་དང་། མང་ཚོགས་ལ་སྤུས་ཚད་མཐོ་བ་དང་། ལས་ཆོད་ལྡན་པ། འཁུར་ཐུབ་པ་བཅས་ཀྱི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཐོབ་རྒྱུ་འགན་སྲུང་བྱེད་པ་ལ་ཟེར། 

 

༄༅། །པེ་ཅིན་དགུན་དུས་ཨོ་རྩལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

(2022ལོའི་ཟླ་4ཚེས་8ཉིན།) 

བྱ་གཞག་རླབས་པོ་ཆེས་སྙིང་སྟོབས་རླབས་པོ་ཆེ་བསྐྱེད་ཅིང་། སྙིང་སྟོབས་རླབས་པོ་ཆེས་བྱ་གཞག་རླབས་པོ་ཆེར་སྐུལ་སྤེལ་བྱེད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ལས་ལ་ཞུགས་མཁན་ལྷན་རྒྱས་ཀྱིས་དུས་རབས་རླབས་པོ་ཆེས་བསྩལ་བའི་གོ་སྐབས་གཅེས་སྤྲས་བྱས་ནས་དགུན་དུས་ཨོ་རྩལ་གཉེར་བའི་རེ་ཞུ་དང་། གྲ་སྒྲིག །དངོས་སུ་འཚོགས་པ་བཅས་ཀྱི་བརྒྱུད་རིམ་ནང་དུ་སེམས་སུ་སྤྱི་ཡོངས་འཆང་བ་དང་། གདེང་ཆེ་དཀྱེལ་ཡངས། དཀའ་ཚེགས་ལ་མི་འཛེམ་པ། ཕུལ་བྱུང་བརྩོན་ལེན། མ་འོངས་པ་མཉམ་སྐྲུན་བཅས་ཀྱི་པེ་ཅིན་དགུན་དུས་ཨོ་རྩལ་གྱི་སྙིང་སྟོབས་མཉམ་དུ་བསྐྲུན་ཡོད། 

—— སེམས་སུ་སྤྱི་ཡོངས་འཆང་བ་ཞེས་པ་ནི་སེམས་ལ་མེས་རྒྱལ་བཅངས་ཤིང་བློ་ཕུགས་རྒྱང་ལ་གཏད་དེ། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་སྐོང་འཚོགས་བྱེད་པ་དེ་“རྒྱལ་ཁབ་ཀྱི་དོན་ཆེན་”དུ་བརྩིས་ཤིང་། རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱེད་པ་རང་འགན་དུ་བརྩི་བ་དང་། རྒྱལ་ཁབ་ལ་བྱས་རྗེས་འཇོག་པ་གཟི་བརྗིད་དུ་བརྩིས་ཏེ། འགན་འཁྲི་དང་འོས་འགན་འཁུར་ཕོད་པ་དང་། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ལྷོད་མེད་བྱེད་པ་དེ་ཡིན། 

—— གདེང་ཆེ་དཀྱེལ་ཡངས་ཞེས་པ་ནི་བློ་གཤོགས་ཆེ་བ་དང་སྒོ་འབྱེད་ཁོང་ཡངས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་རྒྱུན་འཁྱོངས་བྱས་ཏེ། གསར་སྐྲུན་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཀྱི་སྒོ་ནས་རིག་གནས་ཀྱི་བསགས་ནོར་གྱ་ནོམ་པ་བརྒྱུད་སྤེལ་བྱེད་པ་དང་། ལུགས་ཆེན་གསལ་བསྡུས་སུ་སྟོན་པའི་སྒོ་ནས་དར་རྒྱུན་རིང་བའི་ཤེས་དཔལ་གྱི་ལྟ་གྲུབ་མཚོན་པར་བྱེད་ཅིང་། སེམས་རྩ་འཁོལ་པོས་མགྲོན་པོ་བསུས་ནས་ཀྲུང་གོའི་མི་དམངས་ཀྱི་བརྩེ་སེམས་ཟོལ་མེད་མཚོན་པར་བྱེད་པ། ཤེས་དཔལ་སྤེལ་རེས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྐུལ་སྤེལ་བྱེད་པ་དེ་ཡིན། 

—— དཀའ་ངལ་ལ་མི་འཛེམ་པ་ཞེས་པ་ནི་དཀའ་སྤྱད་དངོས་སྒྲུབ་དང་བློ་བརྟན་འགྱུར་མེད་སྒོས། འགན་འཁྲི་ལྗིད་པོ་ཡོད་པ་ཤེས་བཞིན་དུ་འཁུར་དུ་ལེན་པ་དང་འགྲན་སློང་གི་གདོང་ནས་བསུ་བའི་བློ་སྤོབས་ཆེན་པོ་འཛིན་པ། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དཀའ་ངལ་དང་ཉེན་ཁ་ཁྱད་དུ་གསོད་པ། རྒྱལ་ཁའི་ཆེད་དུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་དེ་ཡིན། 

—— ཕུལ་བྱུང་བརྩོན་ལེན་ཞེས་པ་ནི་བརྟན་ཚུགས་དང་བློ་རྩེ་གཅིག་ཏུ་གཞོལ་བ་དང་སླ་བཅོས་སྤུ་ཙམ་ཡང་མི་བྱེད་པ་སྟེ། ཆེས་མཐོ་བའི་ཚད་གཞི་དང་ཆེས་གཟབ་ནན་གྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་། བློ་ཞིབ་མོས་འཆར་གཞི་ཇུས་འགོད་བྱེད་པ་དང་། བློ་ཞིབ་མོས་ཞུན་བརྡར་བྱེད་པ། བློ་ཞིབ་མོས་སྦྱོང་བརྡར་བཅས་བྱས་ཏེ། རྒྱུན་ཆད་མེད་པར་ཐོད་བརྒལ་དང་ངོ་མཚར་གསར་སྐྲུན་བྱེད་པ་དེ་ཡིན། 

—— མ་འོངས་པ་མཉམ་བསྐྲུན་ཞེས་པ་ནི་མཉམ་སྡེབ་མཉམ་འགུལ་དང་ལག་གདང་དམ་པོར་སྦྲེལ་ཏེ། “མ་འོངས་པར་མཉམ་སྐྱོད་”དང་“སྔར་ལས་མཐུན་སྒྲིལ་བྱེད་པ་”གཉིས་ཕན་ཚུན་རམ་འདེགས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་མ་འོངས་པར་ཁ་ཕྱོགས་པ་དང་། མིའི་རིགས་འཕེལ་རྒྱས་ཀྱི་མ་འོངས་པར་ཁ་ཕྱོགས་ཏེ། འཛམ་གླིང་ལ་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྤྲོ་སེམས་འཁོལ་བའི་རེ་འབོད་བྱེད་པ་དེ་ཡིན། 

ལོ་ངོ་7ལ་གྲི་གཅིག་བརྡར། བརྩོན་པས་སླར་ཡང་ལམ་དུ་ཆས། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་གཉེར་བའི་མཚོན་རྟགས་རང་བཞིན་གྱི་བྱེད་སྒོ་གལ་ཆེན་ཞིག་རེད། ང་ཚོས་ཧུར་ཐག་གིས་འཆར་འགོད་དང་རྒྱུན་མཐུད་སྒོས་འབད་འཐབ་བྱས་ནས་པེ་ཅིན་དགུན་དུས་ཨོ་རྩལ་གྱི་ཤུལ་བཞག་བདག་གཉེར་དང་བེད་སྤྱོད་ཡག་པོ་བྱེད་དགོས། 

པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་ཚོགས་རའི་སྒྲིག་ཆས་སོགས་ཀྱི་དངོས་པོའི་ཤུལ་བཞག་ཡོད་ལ། རིག་གནས་དང་ཤེས་ལྡན་མི་སྣའི་ཤུལ་བཞག་ཀྱང་ཡོད། དེ་དག་ཚང་མ་རྒྱུ་ནོར་རྩ་ཆེན་ཡིན་པས། བེད་སྤྱོད་གང་ལེགས་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་པར་འགྱུར་བར་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་བེད་སྤྱོད་ཀྱི་ཕན་འབྲས་ཆེ་ཤོས་ཐོན་པ་བྱེད་དགོས། གངས་འཁྱགས་ལུས་རྩལ་དར་ཁྱབ་དང་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཤིང་། འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་པ་ཇེ་དྲག་ཏུ་བཏང་ཐོག །གངས་འཁྱགས་འགྲན་རའི་སྒྲིག་ཆས་འཛུགས་སྐྲུན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། གངས་འཁྱགས་ཐོན་ལས་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་གངས་འཁྱགས་འགྲན་བསྡུར་བྱེད་སྒོ་གྲ་རྒྱས་ཕུན་ཚོགས་བཏང་ནས་མང་ཚོགས་ཀྱི་གངས་འཁྱགས་ལུས་རྩལ་ཐད་ཀྱི་སྤྲོ་སྣང་མུ་མཐུད་མཐའ་འཁྱོངས་བྱེད་དགོས། པེ་ཅིན་དགུན་དུས་ཨོ་རྩལ་གྱི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་དགོས་ཤིང་། རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་གཏོང་བ་དང་། སྔར་ལས་ལྷག་པའི་གདེང་ཆེ་བག་ཡངས་ཀྱིས་ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་དགོས། མི་ཆོས་རིང་ལུགས་ཀྱི་བསམ་བློ་དར་སྤེལ་གཏོང་དགོས་ཤིང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་ཏེ། དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་ལམ་ལུགས་དང་སེམས་ཁུར་ཞབས་ཞུའི་མ་ལག་འཐུས་ཚང་བཟོ་བ་དང་། དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་གྱིས་འབད་བརྩོན་ལྷོད་མེད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས། དེ་ཡང་མིག་དབང་ཉམས་པའི་ལུས་རྩལ་པ་ཞིག་གིས་འགྲན་རའི་ནང་“ངས་འཛམ་གླིང་གསལ་པོ་མི་མཐོང་རུང་། ངས་རང་ཉིད་འཛམ་གླིང་ལ་སྟོན་འདོད་ཡོད།” ཅེས་བཤད་པ་བཞིན་རེད། སྤྱི་ཚོགས་ཡོངས་སུ་ཁྱབ་ཆེ་བའི་སྒོ་ནས་སྐྱེས་འབུལ་དང་། མཛའ་བརྩེ། རོགས་རེས། ཡར་ཐོན་བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་དང་བླངས་ཞབས་ཞུའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཨོ་ལིམ་ཕི་ཁེའི་སྙིང་སྟོབས་དར་སྤེལ་གཏོང་བ་ལ། ཨོ་ལིམ་ཕི་ཁེས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། མིའི་རིགས་ཀྱི་ཤེས་དཔལ་གོང་འཕེལ་གྱི་ཆེད་དུ་སྔར་ལས་མང་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་སྐོང་འཚོགས་ལམ་ལྷོངས་བྱུང་བ་དེས་མི་དམངས་དུང་ཕྱུར་མང་པོའི་ལུས་རྩལ་གྱི་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཧ་ཅང་ཆེན་པོ་བཏང་ཡོད། ང་ཚོས་མི་དམངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བ་དང་། མི་རིགས་ཡོངས་ཀྱི་གཟུགས་གཞིའི་བྱང་ཚད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་དམིགས་འབེན་དེ་རྒྱུན་འཁྱོངས་བྱས་ཏེ། ལུས་རྩལ་གྱིས་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་ལ་ཚད་མཐོ་བའི་གཙིགས་ཆེན་དང་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། ལུས་རྩལ་བསྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ལུས་རྩལ་གྱི་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་ལ་ཤུགས་རྒྱག་པ། དམངས་ཡོངས་ཀྱི་ལུས་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལུས་སྦྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ལུས་རྩལ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། 

དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཕུགས་འདུན་གྲུབ་ནས་མ་འོངས་པའི་ཕྱོགས་སུ་མཉམ་སྐྱོད་བྱེད། ང་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཤིང་། སྔར་ལས་བརྟན་པའི་གདེང་ཚོད་དང་སྔར་ལས་བརྟན་པའི་སྤོབས་སེམས་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར་དམིགས་ཏེ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ཏེ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་སྐྱོད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།