བཅུ་གཉིས་པ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རིག་གནས་འཛུགས་སྐྲུན་བྱ་རྒྱུ་སྔར་ལས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །རིག་གནས་འཛུགས་སྐྲུན་བྱ་རྒྱུ་སྔར་ལས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས། 

(2020ལོའི་ཟླ་9ཚེས་22ཉིན།) 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་བྱ་གཞག་རླབས་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མ་བྱུང་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོད་མི་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རིག་གནས་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བཏང་ནས་རིག་གནས་ཀྱི་གདེང་ཚོད་དང་། འགྲོ་ལམ་གྱི་གདེང་ཚོད། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་“གདེང་ཚོད་བཞི་”རུ་བགྲངས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་གི་རྩ་བའི་ལམ་ལུགས་ཤིག་ཏུ་གཏན་འཁེལ་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་བཞག་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་རིག་གནས་འཛུགས་སྐྲུན་ལ་གཞི་སྒྱུར་རྩ་སྒྱུར་དང་། བདེན་སྲུང་གསར་གཏོད་བྱེད་པའི་ནང་དུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་པར་དྲང་ནུས་ཆེན་པོ་འདོན་སྤྲོད་བྱས་ཡོད། 

ངས་ཐེངས་མང་པོར་ནན་བཤད་བྱས་མྱོང་བ་སྟེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་བཏང་ནས་འོད་སྟོང་ལྡན་པའི་ཀྲུང་ཧྭའི་རིག་གནས་གསར་པ་རྒྱུན་ཆད་མེད་པར་གཏོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་རིག་གནས་ནི་ནང་དོན་གལ་ཆེན་ཞིག་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་གནས་ནི་རྟེན་གཞི་གལ་ཆེན་ཞིག་ཡིན། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་རིག་གནས་ནི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་རིག་གནས་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། “ལོ་ལྔ་ཚན་བཅུ་བཞི་པའི་”རིང་ལ། ང་ཚོས་རིག་གནས་འཛུགས་སྐྲུན་བྱ་རྒྱུ་དེ་ལས་ཀ་ཡོངས་ཀྱི་མངོན་གསལ་དོད་པའི་གནས་སུ་བཞག་སྟེ་ཏན་ཏིག་ངང་དམ་ཞིང་ལེགས་པར་འཛིན་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་རིག་གནས་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན་བཅས་བྱ་རྒྱུར་དམིགས་པའི་འགན་འཁྲི་དང་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། རིག་གནས་ཀྱིས་དར་སྲོལ་ལ་སྣ་ཁྲིད་བྱེད་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། 

ཤེས་དཔལ་ནི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོན་རྟགས་མངོན་གསལ་ཞིག་ཡིན། སྤྱི་ཚོགས་ཀྱི་ཤེས་དཔལ་དར་ཚད་མཐོ་རུ་གཏོང་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་འཛུགས་སྐྲུན་བྱ་རྒྱུ་གལ་ཆེ་ལ་རྐང་ཚུགས་རྒྱུ་རྩ་བ་ཡིན་པ་རྒྱུན་འཁྱོངས་དང་། སྙིང་རུས་གཏན་འཁྱོངས་དང་བརྩོན་པ་རྒྱུན་ཆགས་སུ་བྱས་ནས་དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་བསམ་བློའི་འདུ་ཤེས་དང་། བསམ་པའི་རྣམ་པ། ཤེས་དཔལ་དར་སྲོལ། བྱ་སྤྱོད་ཚད་གཞི་བཅས་ཆགས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་མི་རྣམས་ལ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། མི་དམངས་ཡོངས་བསམ་བློ་དང་སྙིང་སྟོབས་ཀྱི་ཕྱོགས་སུ་མཐུན་སྒྲིལ་དམ་ཟབ་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས། ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་ཁུངས་དང་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཀྲུང་གོའི་རིག་གནས་ཀྱི་གཞི་རྒྱུའི་འདུ་ཤེས་མ་ལག་ཅུང་ཆ་ཚང་བ་ཞིག་ཆགས་པར་བྱེད་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་དང་། དང་བླངས་ཞབས་ཞུ་འཛུགས་སྐྲུན། ཡིད་རྟོན་སྤྱི་ཚོགས་འཛུགས་སྐྲུན། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་དམངས་ཀྱི་ཀུན་སྤྱོད་ཆུ་ཚད་དང་ཤེས་དཔལ་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་བསྲི་ཚགས་དར་སྤེལ་གཏོང་བ་དང་། རྒྱས་སྤྲོས་ཆུད་ཟོས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཆུད་ཟོས་བཏང་ན་ངོ་ཚ་དང་། གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི་དར་སྲོལ་ཆེན་པོ་ཆགས་པར་བྱེད་དགོས། 

རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་ནི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་། མི་དམངས་ཀྱི་རིག་གནས་ཁེ་དབང་འགན་སྲུང་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་གྲ་རྒྱས་སུ་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་མི་དམངས་ལ་སྔར་ལས་སྣ་འཛོམས་དང་། སྔར་ལས་ཕུན་སུམ་ཚོགས་པ། སྔར་ལས་སྤུས་ཚད་མཐོ་བ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། གྲོང་གསེབ་ཀྱི་རིག་གནས་རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་བསྡོམས་འབོར་འདོན་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཧེ་བག་ཆུང་དུ་གཏོང་བ་བཅས་བྱེད་དགོས། 

རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་བཟང་ངན་དང་ཆུ་ཚད་མཐོ་དམན་གྱི་ཚད་འཇལ་བྱེད་གལ་ཆེ་ཤོས་ནི་དཔལ་འབྱོར་ཕན་འབྲས་ལ་བལྟ་བ་མ་ཡིན་པར། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་ཐུབ་ལ་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཀྱང་ཆེ་རུ་གཏོང་ཐུབ་པའི་རིག་གནས་ཐོན་རྫས་དེ་བས་མང་བ་འདོན་སྤྲོད་བྱེད་ཐུབ་མིན་ལ་བལྟ་དགོས། སྤྱི་ཚོགས་ཕན་འབྲས་ཨང་དང་པོར་འཛིན་པ་དང་། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། རིག་གནས་ཐོན་ལས་ཀྱི་འཆར་འགོད་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། རིག་གནས་ཐོན་རྫས་སྤུས་ལེགས་འདོན་སྤྲོད་བྱ་རྒྱུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་དང་བསྟུན་ནས་རིག་གནས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། སྲོལ་རྒྱུན་གྱི་རིག་གནས་ལས་རྣམ་སྒྱུར་བཀོད་དང་རིམ་སྤར་བྱས་ནས་སྤུས་ཚད་ཀྱི་ཕན་འབྲས་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ས་ཁོངས་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྱད་ཆོས་དང་ཆོས་ཉིད་དང་། ཐོན་ཁུངས་བདག་རྐྱེན་གྱི་ཆ་རྐྱེན་ངེས་ཤེས་བྱས་ནས་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཉིས་ནི་ཁ་འབྲལ་ཐབས་མེད་པས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རྣམས་ལ་རང་བྱུང་གི་མཛེས་སྡུག་ཉམས་སུ་མྱོང་བ་ལས་རིག་གནས་ཀྱི་མཛེས་པ་ཚོར་ཐུབ་པ་དང་སེམས་པའི་མཛེས་པ་ཞུན་བརྡར་བྱེད་དུ་འཇུག་དགོས། 

 

༄༅། །ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།

(2020ལོའི་ཟླ་9ཚེས་28ཉིན།) 

ངས་ཐེངས་མང་པོར་“རིག་གནས་ཀྱི་གདེང་ཚོད་ནི། དེ་བས་རྨང་གཞིར་གྱུར་པ་དང་། དེ་བས་ཁྱབ་རྒྱ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཡིན་པ་དང་། དེ་བས་གཞི་རྩར་གྱུར་པ་དང་། དེ་བས་ཟབ་ཅིང་བརྟན་པ། དེ་བས་རྒྱུན་རིང་བ་བཅས་ཀྱི་སྟོབས་ཤུགས་ཡིན།” “ཀྲུང་གོར་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་སྲ་ཞིང་བརྟན་པ་ཡོད། དེའི་གཞི་རྩ་ནི་ལོ་ངོ་5000ལྷག་གི་ཤེས་དཔལ་རྒྱུད་པའི་རྨང་གཞིའི་སྟེང་ཚུགས་པའི་རིག་གནས་ཀྱི་གདེང་ཚོད་ཡིན།” ཞེས་ནན་བཤད་བྱས་མྱོང་། གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་ནི་རིག་གནས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ལས་ཀ་ཞིག་ཀྱང་ཡིན། ལོ་རྒྱུས་རིག་གནས་ཁྱབ་ཁོངས་ཀྱི་འཐབ་རྩོད་ནི་དུས་ཡུན་རིང་པོར་གནས་སྲིད་པས། ང་ཚོས་ངེས་པར་དུ་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་དམའ་འབེབས་སྣ་ཚོགས་བྱས་པར་དོན་དངོས་ལ་བརྟེན་ནས་རྒོལ་ལན་བསློགས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། 

དང་པོ། མུ་མཐུད་དུ་མ་ཤེས་འཚོལ་ཞིབ་དང་འབྱུང་རྩ་གསལ་སྟོན་བྱེད་དགོས། རང་རྒྱལ་གནའ་རབས་ཀྱི་ལོ་རྒྱུས་ལ་ད་དུང་ཤེས་མེད་པའི་ཁྱབ་ཁོངས་མང་པོ་ཡོད་པས། གནའ་རྫས་རྟོག་ཞིབ་ལས་ཀ་ནི་ལས་འགན་ལྗིད་ལ་སྒྲུབ་ཡུན་རིང་བ་ཞིག་ཡིན། དཔེར་ན། ཞ་རྒྱལ་རབས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ད་དུང་སྟོང་ཆ་མང་པོ་ལུས་ཡོད། དེའི་སྐོར་ཡིག་ཐོག་ཏུ་བཀོད་པ་འདང་ངེས་ཤིག་མེད་སྟབས། གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་དེ་ཡིད་རྟོན་རུང་བའི་ལོ་རྒྱུས་སུ་སྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡང་དཔེར་ན། ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་མི་སྣ་“གོང་མ་གསུམ་དང་རྒྱལ་པོ་ལྔ་”སོགས་ནི་དངོས་སུ་བྱུང་མྱོང་བ་ཡིན་ནམ་ཡང་ན་ལྷ་སྒྲུང་ཙམ་ཡིན། འདི་དག་གི་མཐིལ་ཡང་གནའ་རྫས་རྟོག་ཞིབ་ལས་ཀས་བརྟོལ་དགོས། “ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་དང་སྔ་དུས་ཀྱི་འཕེལ་རྒྱས་སྐོར་གྱི་ཕྱོགས་བསྡུས་ཞིབ་འཇུག་”དང་“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོ་”སོགས་ལས་གཞི་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། གནའ་རྫས་རྟོག་ཞིབ་ཀྱི་ཐོན་ཁུངས་བརྟག་དཔྱད་དང་སྲིད་ཇུས་ཀྱི་དགོས་མཁོར་བརྟག་དཔྱད་བྱེད་པའི་ལས་ཀར་ཤུགས་བརྒྱབ་སྟེ། གནའ་རྫས་རྟོག་ཞིབ་ལས་ཀའི་འཆར་འགོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལོ་རྒྱུས་ཀྱི་གནད་དོན་གལ་ཆེན་འགའ་ཞིག་ལ་དམིགས་ནས་སྤྱི་ཡོངས་ནས་བཀོད་སྒྲིག་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་བྱས་ཏེ། རྒྱུན་ཆད་མེད་པར་ཐོད་བརྒལ་གསར་པ་བྱེད་དགོས། 

གཉིས་པ། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྔོག་འདོན་དང་། ལེགས་སྒྲིག །འགྲེལ་བརྗོད་བཅས་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས། གནའ་རྫས་རྟོག་ཞིབ་ལས་རིགས་ཀྱིས་དཔལ་འབྱོར་དང་། བཅའ་ཁྲིམས། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས། ཚན་རྩལ། གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་དང་མཉམ་དུ་ས་འོག་ནས་བཏོན་པའི་རིག་དངོས་དང་རྗེས་ཤུལ་ལ་ཞིབ་འཇུག་དང་འགྲེལ་བརྗོད་བྱེད་པའི་ལས་ཀ་ཡག་པོར་བསྒྲུབས་ཏེ། རང་རྒྱལ་གྱི་ཤེས་དཔལ་གྱི་འབྱུང་རྩ་དང་འཕེལ་རྒྱས། དེ་བཞིན་མིའི་རིགས་ལ་བྱས་རྗེས་གལ་ཆེན་གང་བཞག་སྔར་བས་ཁ་གསལ་དང་སྔར་བས་ཆ་ཚང་བའི་སྒོ་ནས་སྟོན་དགོས། ལོ་རྒྱུས་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་བསྡུ་ལེན་བྱས་ཏེ་རང་རྒྱལ་གྱི་གནའ་བོའི་ལོ་རྒྱུས་ཀྱི་ནང་དོན་ཁག་ཅིག་དུས་ཐོག་ཏུ་འཐུས་ཚང་དུ་གཏོང་དགོས་པ་དང་། རང་རྒྱལ་གྱི་གནའ་བོའི་ལོ་རྒྱུས་ཆ་ཚང་ལ་དོན་ལ་གནས་པའི་སྒོ་ནས་རྒྱས་བཤད་བྱས་ཏེ་ལོ་རྒྱུས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱེད་དགོས། 

གསུམ་པ། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ཡག་པོར་སྒྲུབ་དགོས། གནའ་རྫས་རྟོག་ཞིབ་ཀྱི་རྗེས་ཤུལ་དང་ལོ་རྒྱུས་ཀྱི་རིག་དངོས་ནི་ལོ་རྒྱུས་ཀྱི་དཔང་རྟགས་ཡིན་པས་ངེས་པར་དུ་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་རྒྱུ་ནོར་དོ་དམ་ལམ་ལུགས་འཛུགས་ཤིང་ཆ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གཞི་གྲངས་ཆེན་མོའི་མཛོད་འཛུགས་པ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིག་དངོས་ཐོན་ཁུངས་ཡོངས་བཤེར་དང་དཀར་ཆག་ཡོངས་བསྒྲགས་བྱེད་པར་གཅིག་འདོམས་ཀྱིས་མཛུབ་སྟོན་བྱ་རྒྱུར་ཤུགས་རྒྱག་པ། ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཐེ་ཞུགས་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ་དང་། དུས་མཚུངས་སུ་བེད་སྤྱོད་ལུགས་མཐུན་བྱས་ཏེ། དེར་སྤྱི་པའི་རིག་གནས་ཞབས་ཞུ་འདོན་སྤྲོད་དང་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་བའི་ཐད་དུ་སྒོ་ཀུན་ནས་ནུས་པ་འདོན་སྤེལ་བྱེད་དུ་འཇུག་དགོས། སྒུལ་དུ་མེད་པའི་རིག་དངོས་ཀྱི་སྲུང་སྐྱོབ་ལམ་སྲོལ་ཆ་ཚང་དུ་བཏང་ནས་རིག་དངོས་ལ་སྲུང་སྐྱོབ་དང་དོ་དམ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་གྱི་ཁོངས་སུ་འཇུག་དགོས། “སྔོན་ལ་གནའ་རྫས་རྟོག་ཞིབ་དང་དེའི་རྗེས་ནང་བཤུག་བྱེད་པའི་”ལམ་ལུགས་ཇུས་འགོད་དང་ཆ་འགྲིག་སྲིད་ཇུས་གཏན་འབེབས་བྱེད་དགོས་པ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་ཡོད་སྲིད་པའི་ས་ཆ་ཡིན་ན་ཁྲིམས་ལྟར་གནའ་རྫས་རྟོག་ཞིབ་ཀྱི་བརྟག་དཔྱད་དང་རྩད་ཞིབ། སྔོག་འདོན་བཅས་མ་བྱས་གོང་བེད་སྤྱོད་བྱས་མི་ཆོག །རྒྱལ་ཁབ་ཕྱི་ནང་གི་རིག་དངོས་ཐད་ཀྱི་གནོད་འཚེའི་ལས་འཛོལ་ཚབས་ཆེན་གྱི་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ་དང་། བྱེད་པོའི་འགན་འཁྲི་ལྟ་ཞིབ་སྒོས་དོན་འཁྱོལ་བྱེད་པ། བག་ཉལ་འགལ་རྐྱེན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཉེན་འགོག་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཁྲིམས་བསྟར་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་ཐེར་འདོན་བྱེད་པའི་ལས་རིམ་ཚད་ལྡན་དུ་གཏོང་བ་དང་། རིག་དངོས་ཐད་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་དགོས། 

བཞི་པ། གནའ་རྫས་རྟོག་ཞིབ་བྱེད་ནུས་ཆེ་རུ་གཏོང་བ་དང་རིག་ཚན་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པའི་མིའི་རིགས་ཀྱི་ཤེས་དཔལ་དང་ལྷག་པར་དུ་ཀྲུང་ཧྭའི་ཤེས་དཔལ་ངོས་འཛིན་གྱི་ཚད་གཞི་དང་བཅས་པའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་ལུགས་སྲོལ། ཀྲུང་གོའི་ཉམས་བཟང་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་ཧུར་ཐག་གིས་སྲོལ་འབྱེད་བྱེད་དགོས་པ་དང་། རྒྱལ་སྤྱིའི་གནའ་རྫས་རྟོག་ཞིབ་རིག་པའི་ཁོངས་ཀྱི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པའི་ཤུགས་རྐྱེན་དང་གཏམ་དབང་ཆེ་རུ་གཏོང་དགོས། ཚན་རིག་ལག་རྩལ་ལས་བྱུང་བའི་བྱེད་ཐབས་གསར་པ་དང་ལག་ཆ་གསར་པ་སྤྱད་དེ་གནའ་རྫས་རྟོག་ཞིབ་ལས་ཀའི་གསར་རྙེད་དང་དབྱེ་ཞིབ་ནུས་པ་ཆེ་རུ་གཏོང་བ་དང་། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ནུས་ཆེ་རུ་གཏོང་དགོས། གནའ་རྫས་རྟོག་ཞིབ་དཔུང་ཁག་སྐྱེད་སྲིང་ཧུར་ཐག་བྱས་ཏེ་ན་གཞོན་སྔར་བས་མང་པོས་གནའ་རྫས་རྟོག་ཞིབ་ཀྱི་བྱ་གཞག་ལ་དགའ་ཞེན་བྱེད་པ་དང་དེའི་ནང་དུ་ཞུགས་པ། གནའ་རྫས་རྟོག་ཞིབ་བྱ་གཞག་ལ་རྒྱུན་འཛིན་བྱེད་མཁན་ཡོད་པ་དང་ཤེས་ལྡན་མི་སྣ་གྲངས་མེད་ཐོན་པ་བཅས་བྱེད་དགོས། 

 

༄༅། །ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་དང་ཟུང་འབྲེལ་བྱེད་དགོས།

(2021ལོའི་ཟླ་3ཚེས་22ཉིན།) 

ང་ཧྲན་ཏུང་དུ་རྟོག་ཞིབ་བྱེད་དུ་འགྲོ་དུས་ཆེད་དུ་ཁུང་ཙིའི་འཁྲུངས་གཞིས་དང་ཁུང་ཙི་མཚུན་ཁང་ལ་ལྟ་རུ་ཕྱིན་པ་ཡིན། ཝུའུ་དབྱི་རི་བོར་སླེབས་སྐབས་ཀྱང་ཀྲུའུ་ཞིའི་[1]གླིང་གར་ཆེད་དུ་ལྟ་རུ་ཡོང་བ་ཡིན། 

ང་ཚོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་ན་ངེས་པར་དུ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གལ་ཏེ་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་མེད་ན་ཀྲུང་གོའི་ཁྱད་ཆོས་ཟེར་བ་ཞིག་ག་ལ་ཡོད། གལ་ཏེ་ཀྲུང་གོའི་ཁྱད་ཆོས་མེད་ན། ང་ཚོར་ད་ལྟ་ནང་བཞིན་གྱི་ལེགས་འགྲུབ་ཆེན་པོ་བྱུང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འདི་འདྲ་ཞིག་ག་ལ་ཡོད། ང་ཚོས་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ཁྲོད་ལས་ཉིང་བཅུད་སྔོག་འདོན་བྱ་རྒྱུར་ལྷག་ཏུ་མཐོང་ཆེན་བྱས་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དེ་མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་ཐབས་ཤེས་གསུམ་དང་ཟུང་འབྲེལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། 

མཆན་འགྲེལ། 

[1] ཀྲུའུ་ཞི་(1130 — 1200)ནི་ཧུའེ་ཀྲོའུ་ཝུའུ་ཡོན་(ད་ལྟའི་ཅང་ཞིའི་ཝུའུ་ཡོན་)གྱི་མི་ཡིན། སུང་རྒྱལ་རབས་ལྷོ་མའི་མཚན་ཉིད་རིག་པའི་མཁས་ཅན་དང་། སློབ་གསོ་མཁས་ཅན། རྩོམ་རིག་མཁས་ཅན་བཅས་ཡིན། 

 

༄༅། །རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། དོན་དངོས་རིམ་མང་ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པར་སྟོན་དགོས།

(2021ལོའི་ཟླ་5ཚེས་31ཉིན།) 

ཀྲུང་གོའི་གཏམ་རྒྱུད་ཡག་པོར་ཤོད་པ་དང་ཀྲུང་གོའི་སྐད་སྒྲ་ཡག་པོར་སྒྲོག་སྤེལ་བྱས་ཏེ། དོན་དངོས་རིམ་མང་ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་མངོན་པར་སྟོན་རྒྱུ་ནི་རང་རྒྱལ་གྱི་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཡིན། གནས་བབ་གསར་པའི་འོག་རྒྱལ་སྤྱིའི་སྒྲོག་སྤེལ་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་གང་ཐུབ་ཀྱིས་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རྒྱལ་སྤྱིའི་གོ་གནས་ལ་འཚམ་ཞིང་མཐུན་པའི་རྒྱལ་སྤྱིའི་གཏམ་དབང་ཆགས་པར་བྱས་ཏེ། རང་རྒྱལ་གྱི་བསྒྱུར་བཅོས་གོང་འཕེལ་བརྟན་བརླིང་གསུམ་ལ་ཕྱི་རོལ་གྱི་གླེང་ཕྱོགས་ཁོར་ཡུག་བཟང་པོ་སྐྲུན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་བཟང་པོ་འཇོག་དགོས། 

ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་ཕྱི་ཕྱོགས་སྒྲོག་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྒྱལ་སྤྱིའི་སྒྲོག་སྤེལ་ཐད་དུ་བདེན་སྲུང་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་སྒྲིག་སྲོལ་མཐུན་སྦྱོར་བྱས་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་སྨྱན་སྦྱོར་ཚོགས་པ་བསྐྲུན་པ་དང་། ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་པར་སྐུལ་འདེད་ཧུར་ཐག་བཏང་ཞིང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གླེང་ཕྱོགས་ཀྱི་འཐབ་རྩོད་ནུས་ལྡན་ངང་སྤེལ་ཏེ། བྱེད་པོ་མང་བ་དང་རིམ་པ་མང་བ་ཅན་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་རྣམ་པ་ཆེན་པོ་རགས་ཙམ་བསྐྲུན་ཡོད་པས། རང་རྒྱལ་གྱི་རྒྱལ་སྤྱིའི་གཏམ་དབང་དང་ཤུགས་རྐྱེན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དེ་དང་ཆབས་ཅིག་གནས་བབ་གསར་པ་དང་ལས་འགན་གསར་པར་ཡང་འཕྲད་ཡོད། ངེས་པར་དུ་རྩེ་རིམ་ཇུས་འགོད་དང་ཞིབ་འཇུག་གི་བཀོད་པར་ཤུགས་སྣོན་བྱས་ནས་ཀྲུང་གོའི་ཁྱད་ཆོས་མངོན་གསལ་ལྡན་པའི་འཐབ་ཇུས་སྒྲོག་སྤེལ་མ་ལག་བསྐྲུན་ཐོག །རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཤུགས་རྐྱེན་གཏོང་ནུས་དང་། ཀྲུང་ཧྭའི་རིག་གནས་ཀྱི་བློ་ཁ་འགུག་ནུས། ཀྲུང་གོའི་སྣང་བརྙན་གྱི་མཉེས་གཤིན་ནུས་པ། ཀྲུང་གོའི་སྐད་བརྡའི་གོ་སྐོན་ནུས་པ། རྒྱལ་སྤྱིའི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་ནུས་བཅས་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། 

ཀྲུང་གོའི་སྐད་བརྡ་དང་ཀྲུང་གོའི་གཏམ་གྱི་མ་ལག་མགྱོགས་པོར་གཏོད་པ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས་ཀྱིས་ཀྲུང་གོའི་ལག་ལེན་གསལ་འགྲེལ་དང་། ཀྲུང་གོའི་ལག་ལེན་གྱིས་ཀྲུང་གོའི་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་གཏོང་ལ། ཀྲུང་གོ་དང་ཕྱི་རྒྱལ་མཉམ་འདྲེས་ཡག་པོ་ཡོང་བའི་ཐ་སྙད་གསར་པ་དང་། ཁྱབ་ཁོངས་གསར་པ། རྗོད་པ་གསར་པ་བཅས་བཟོས་ཏེ། ཀྲུང་གོའི་གཏམ་རྒྱུད་དང་དེའི་རྒྱབ་ཀྱི་བསམ་བློའི་སྟོབས་ཤུགས་དང་བསམ་པའི་སྟོབས་ཤུགས་སྔར་བས་དཔྱིས་ཕྱིན་པ་དང་སྔར་བས་མངོན་གསལ་དོད་པོས་མངོན་པར་སྟོན་དགོས། ཀྲུང་གོའི་གུང་ཁྲན་ཏང་དྲིལ་བསྒྲགས་དང་འགྲེལ་བརྗོད་བྱེད་པར་ཤུགས་བརྒྱབ་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་དངོས་འབྲེལ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་འབད་འཐབ་བྱེད་ཚུལ་ཕྱི་རྒྱལ་མང་ཚོགས་ལ་ཤེས་སུ་འཇུག་པ་དང་། ཀྲུང་གོའི་གུང་ཁྲན་ཏང་འཇོན་པོ་ཡོད་དོན་གང་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་འཕེར་པོ་ཡོད་དོན་གང་ཡིན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པོ་ཡོད་དོན་གང་ཡིན་པར་རྒྱུས་ལོན་བྱེད་དུ་འཇུག་དགོས། ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་ལ་དམིགས་ནས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་སོགས་མཐོང་སྣེ་མང་པོ་ནས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་ལས་ཀ་སྤེལ་བར་རིག་གཞུང་གི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་པར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། རིག་གནས་ཀྱིས་གནས་ལུགས་སྟོན་པ་དང་། རིག་གནས་ཀྱིས་སྐད་སྒྲ་སྒྲོག་པ། རིག་གནས་ཀྱིས་སེམས་རྒྱུད་འདུལ་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་སྙིང་སྟོབས་མཚོན་པ། ཀྲུང་གོའི་བློ་གྲོས་ལྡན་པ་བཅས་ཀྱི་ཕུལ་བྱུང་གི་རིག་གནས་སྔར་ལས་མང་བ་འཛམ་གླིང་ལ་རྒྱས་འགྲེལ་དང་མཚམས་སྦྱོར་ངོ་སྤྲོད་བྱེད་དགོས། དགོངས་གཞི་སྟངས་འཛིན་ཡག་པོར་བྱེད་པར་སྣང་ཆེན་དང་། སྒོ་འབྱེད་དང་གདེང་ཚོད་ཡོད་ལ་ཁེངས་སྐྱུང་ཞི་དུལ་ཡང་བྱས་ཏེ་བློ་བཀལ་ཆོག་ལ་དགའ་གུས་འོས་པའི་ཀྲུང་གོའི་སྣང་བརྙན་ཧུར་ཐག་སྒོས་སྐྲུན་དགོས། 

ཀྲུང་གོའི་འདོད་ཚུལ་དང་། ཀྲུང་གོའི་བློ་གྲོས། ཀྲུང་གོའི་ཇུས་གཞི་བཅས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་མཚམས་སྦྱོར་བྱེད་པ་དང་། རང་རྒྱལ་ཉིན་རེ་བཞིན་འཛམ་གླིང་གི་གར་སྟེགས་ཀྱི་དཀྱིལ་དབུས་སུ་སྐྱོད་བཞིན་པས་གོ་ལ་ཧྲིལ་པོའི་ལས་དོན་གྱི་ནང་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པའི་ནུས་པ་ཡོད་ལ་འགན་འཁྲི་ཡང་ཡོད་པ་དང་། རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་པ་དང་། རང་རྒྱལ་འཕེལ་རྒྱས་འགྲོ་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་པ་དང་། ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་ཤེས་དཔལ་ལ་གཞི་བཙུགས་ནས་རང་རྒྱལ་གྱི་འཕེལ་རྒྱས་ལྟ་བ་དང་། ཤེས་དཔལ་ལྟ་བ། བདེ་འཇགས་ཀྱི་ལྟ་བ། འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ། སྐྱེ་ཁམས་ཀྱི་ལྟ་བ། རྒྱལ་སྤྱིའི་སྒྲིག་ལམ་གྱི་ལྟ་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ལྟ་བ་བཅས་ཕྱོགས་ཡོངས་ནས་རྒྱས་བཤད་བྱེད་དགོས། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ལ་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པར་ཁྲིད་སྟོན་བྱས་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་དགོས། གསོན་ཉམས་ལྡན་ཞིང་སེམས་འགུལ་ཐེབས་ནུས་པའི་དཔེ་མཚོན་སྣ་ཚོགས་སྤྱོད་མཁས་པོ་བྱས་ནས་ཀྲུང་གོ་འཕེལ་རྒྱས་སུ་འགྲོ་བ་ནི་འཛམ་གླིང་ལ་བཞག་པའི་བྱས་རྗེས་ཆེ་ཤོས་ཡིན་པ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བློ་གྲོས་བཏོན་པ་ཡིན་པ་གསལ་བཤད་བྱེད་དགོས། 

མི་ཆོས་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་གཏིང་ཟབ་སྤེལ་བ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་རང་རྒྱལ་གྱིས་རྒྱལ་ཁབ་ཁག་དང་མི་ཆོས་སྤེལ་རེས་བྱེད་པ་དང་དམངས་སེམས་འབྲེལ་འདྲིས་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ནས་ང་ཚོའི་ལམ་ལུགས་ཀྱི་དགེ་མཚན་དང་། རྩ་འཛུགས་ཀྱི་དགེ་མཚན། མི་ཤུགས་ཀྱི་དགེ་མཚན་བཅས་སྒྲོག་སྤེལ་གྱི་དགེ་མཚན་ལ་སྒྱུར་དགོས། རིམ་པ་མཐོ་བའི་ཆེད་མཁས་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། རྒྱལ་སྤྱིའི་ཚོགས་འདུ་དང་གླེང་སྟེགས་གལ་ཆེན་དང་ཕྱི་རྒྱལ་གྱི་གཙོ་རྒྱུག་སྨྱན་སྦྱོར་སོགས་ཀྱི་ལས་སྟེགས་དང་ཐབས་ལམ་སྤྱད་ནས་སྐད་ཆ་བཤད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་སོའི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ནས་ལས་དོན་སྤེལ་ཏེ་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པའི་ཀྲུང་གོའི་སྣང་བརྙན་མངོན་པར་སྟོན་དགོས། 

རྒྱལ་སྤྱིའི་སྒྲོག་སྤེལ་གྱི་བྱེད་ལས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་མི་སྣའི་དཔུང་ཁག་སྟོབས་ཆེན་འཛུགས་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་གྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་སྒྲོག་སྤེལ་གྱི་ཆོས་ཉིད་ཤེས་རྟོགས་བྱེད་པ། ཕྱིར་ཕྱོགས་སྐད་བརྡའི་མ་ལག་འཛུགས་པ། སྒྲོག་སྤེལ་གྱི་སྒྱུ་རྩལ་མཐོ་རུ་གཏོང་བ་བཅས་བྱེད་དགོས། ས་ཁོངས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། ཚོགས་པ་མི་འདྲ་བ་བཅས་གང་ལ་གང་འཚམ་གྱི་གནད་འཁེལ་སྒྲོག་སྤེལ་བྱེད་སྟངས་སྤྱོད་པ་དང་། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོའི་སྐད་སྒྲ་གོ་ལ་ཧྲིལ་པོ་ཅན་དང་། ས་ཁོངས་ཅན། སོར་དབྱེ་ཅན་བཅས་ཀྱི་ཐོག་ནས་སྒྲོག་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་མཉེས་གཤིན་ནུས་པ་དང་དོན་འབྲས་ཆེ་རུ་གཏོང་དགོས། གྲོགས་པོ་རྒྱ་ཁྱབ་ཏུ་སྒྲིག་པ་དང་། མང་ཤོས་ལ་མཐུན་སྒྲིལ་དང་བློ་འགུག་བྱས་ནས་ཀྲུང་གོར་རྒྱུས་མངའ་ཡོད་པ་དང་ཀྲུང་གོར་མཛའ་སེམས་འཆང་བའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་གྲོགས་ཚོམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གླེང་ཕྱོགས་འཐབ་རྩོད་ཀྱི་ཐབས་ཇུས་དང་སྒྱུ་རྩལ་ལ་དང་དོད་བྱེད་པ་དང་། གནད་དོན་གལ་ཆེན་ཐད་དུ་ཕྱི་ཕྱོགས་ལ་སྐད་ཆ་ཤོད་པའི་ནུས་པ་ཆེ་རུ་གཏོང་དགོས། 

རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཏང་ཨུ་(ཏང་ཙུའུ་)ཡི་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་ནང་འཇོག་པ་དང་། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་ནོར་སྲིད་ཀྱི་གཏོང་ཆ་མང་དུ་བཏང་ནས་མངོན་སུམ་གྱི་ལས་དོན་ལ་སྐུལ་འདེད་དང་དཀའ་ངལ་ངོ་མ་ཐག་གཅོད་བྱེད་རོགས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རྒྱལ་སྤྱིའི་སྒྲོག་སྤེལ་ལས་ཀ་སྒྲུབ་པ་དང་། འགན་གཙོ་བོ་འཁུར་མཁན་བློ་མཐུན་ཚོས་རང་ཉིད་ཀྱིས་དངོས་སུ་དམ་འཛིན་བྱེད་དགོས་ལ་ངོ་སྒྲུབ་བྱེད་དགོས། འགོ་ཁྲིད་ལས་བྱེད་པར་རྒྱལ་སྤྱིའི་སྒྲོག་སྤེལ་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལ་རྒྱ་དང་སྣང་བརྙན་རང་རྟོགས་ངང་སྲུང་སྐྱོང་བྱེད་པའི་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས། ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)རིམ་པ་ཁག་གིས་རྒྱལ་སྤྱིའི་སྒྲོག་སྤེལ་ནུས་པ་གསོ་སྐྱོང་བྱ་རྒྱུ་དེ་ནང་དོན་གཙོ་བོར་འཛིན་དགོས། མཐོ་རིམ་སློབ་གྲྭའི་རིག་ཚན་འཛུགས་སྐྲུན་དང་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བརྒྱབ་ནས་རྒྱལ་སྤྱིའི་སྒྲོག་སྤེལ་གྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། 

 

༄༅། །དྲ་ཐོག་གི་བསམ་པའི་ཁྱིམ་གཞིས་བཟང་པོ་མཉམ་སྐྲུན་བྱེད་དགོས། 

(2021ལོའི་ཟླ་11ཚེས་19ཉིན།) 

དྲ་རྒྱའི་དཔལ་ཡོན་ནི་གནས་བབ་གསར་པའི་འོག་སྤྱི་ཚོགས་དཔལ་ཡོན་གྱི་ནང་དོན་གལ་ཆེན་ཞིག་དང་དྲ་རྒྱའི་རྒྱལ་ཁབ་སྟོངས་ལྡན་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྲོལ་གསར་སྤྱོད་བཟང་དར་སྤེལ་བཏང་བ་དང་། དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་གཏིང་ཟབ་སྤེལ་ནས་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འཕེལ་རྒྱས་དང་བཅོས་སྐྱོང་ཕན་ཚུན་གཅིག་གྱུར་དང་། དྲ་ཐོག་དང་དྲ་འོག་ཕན་ཚུན་མཉམ་འདྲེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡར་བརྩོན་དགེར་ཕྱོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་འགན་འཁྲི་འཁུར་ལེན་བྱེད་དགོས་ལ། དྲ་རྒྱའི་ལས་སྟེགས་དང་། སྤྱི་ཚོགས་རྩ་འཛུགས། རྒྱ་ཆེའི་དྲ་དམངས་སོགས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཚུལ་ལྡན་ངང་དྲ་བ་གཉེར་བ་དང་། ཚུལ་ལྡན་ངང་དྲ་བ་སྤྱོད་པ། ཚུལ་ལྡན་ངང་དྲ་བར་འཛུལ་བ་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། དུས་རབས་ཀྱི་དར་སྲོལ་གསར་པར་བརྟེན་ནས་དྲ་བའི་བར་སྟོང་གསར་སྐྲུན་དང་གཙང་སྒྱུར་བྱས་ཏེ། དྲ་ཐོག་གི་བསམ་པའི་ཁྱིམ་གཞིས་བཟང་པོ་མཉམ་སྐྲུན་བྱེད་དགོས། 

 

༄༅། །ཀྲུང་གོའི་རིག་རྩལ་གྱི་རྣམ་པ་གསར་པ་སྟོན་དགོས་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་གཟི་དཔལ་གསར་པ་སྐྲུན་དགོས།

(2021ལོའི་ཟླ་12ཚེས་14ཉིན།) 

རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། ད་ལྟའི་ཀྲུང་གོ་ནི་རི་ཀླུང་བརྗིད་ཆགས་ཡིད་དུ་འོང་ཞིང་། མི་དམངས་མགོ་འཕང་མཐོ་ལ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། དུས་རབས་ཀྱིས་རང་རྒྱལ་གྱི་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྔ་ན་མེད་པའི་གར་སྟེགས་ཆེན་པོ་བསྐྲུན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ལ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་གཡོལ་བ་མེད་པར་འགན་འཁྲི་ལྗིད་མོ་ཕྲག་ཏུ་ཁུར་ནས་བྱ་གཞག་ཆེན་པོ་སྒྲུབ་དགོས། 

རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་གིས་ཞུགས་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་རྒྱུན་འཁྱོངས། གསར་སྐྲུན་རང་བཞིན་གྱི་སྤོ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། དར་ཆ་མཐོར་སྒྲེང་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་གསོ་ཞིང་བླ་སྲོག་གཏོད་པའི་ཐད་དུ་འཁུར་ལེན་གསར་པ་མངོན་པ་དང་། བདེན་སྲུང་གསར་གཏོད་ཐད་དུ་བྱ་གཞག་གསར་པ་སྒྲུབ་པ། སྤྱོད་བཟང་བློ་སྦྱོང་ཐད་དུ་ཉམས་འགྱུར་གསར་པ་སྟོན་པ་བཅས་བྱས་ཏེ། འབད་བརྩོན་ལྷོད་མེད་དང་སྤྱོད་བཟང་ཁུར་བཟོད་ཀྱི་རིག་གནས་གསར་རྩོམ་ལ་བརྟེན་ནས་ཀྲུང་གོའི་རིག་རྩལ་གྱི་རྣམ་པ་གསར་པ་སྟོན་དགོས་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་གཟི་དཔལ་གསར་པ་གཏོད་དགོས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་དང་ལྡན་པའི་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུར་འགྲིལ་ཤུགས། བསམ་པའི་སྐུལ་སྤེལ་ནུས་པ་བཅས་འདོན་དགོས། 

འདིར་ངས་ཚང་མར་རེ་བ་འགའ་འདོན་རྒྱུ་ཡིན། 

དང་པོ། རྒྱ་ཆེའི་རིག་རྩལ་ལས་དོན་པས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་སེམས་ལ་བཅངས་ནས་སྤྲོ་བ་རབ་ཏུ་རྒྱས་ནས་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་བརྗིད་ཆགས་ཡོ་ལང་འགོད་རྒྱུའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་དེ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན། ལོ་ངོ་བརྒྱའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ནས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་སྟེང་དུ་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མིའི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་བརྗིད་ཆགས་ཉམས་དགའི་རི་མོ་བཀོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཐོག་གི་ཆེས་རྒྱ་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད། ད་ལྟ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད་པས། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་འབེན་འགྲུབ་པར་ཐག་ཉེ་བ་དང་། ཡིད་ཆེས་དང་ནུས་པ་དེ་བས་ཆེན་པོ་ཞིག་རྒྱས་ཡོད། དུས་མཚུངས་སུ་ངེས་པར་དུ་དེ་བས་ཆེ་བའི་དཀའ་སྤྱད་འབད་བརྩོན་བྱ་རྒྱུའི་གྲ་སྒྲིག་ཡོད་དགོས། 

རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན། གནའ་མིའི་བཤད་རྒྱུན་ལ་“རྩོམ་ནི་གནས་ལུགས་མཚོན་བྱེད་ཀྱི་རྟེན་ཡིན་ནོ་”[1]ཟེར་བ་ལྟར། དུས་རབས་གསར་པ་དང་འཐབ་ལམ་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་གྱི་ལོ་རྒྱུས་ཁ་ཕྱོགས་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་རིགས་བསྐྱར་དར་ཡོང་བའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ངེས་ཤེས་ཟབ་མོ་བྱས་ནས་མི་ཚེའི་དོན་གཉེར་དང་སྒྱུ་རྩལ་གྱི་ཚེ་སྲོག་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་འདུན་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རིག་རྩལ་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ། རིག་རྩལ་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། རིག་རྩལ་ལ་བརྟེན་ནས་བསམ་བློ་བརྟན་པོར་གཏོང་བ། རིག་རྩལ་ལ་བརྟེན་ནས་བླ་སྲོག་གཏོད་པ་བཅས་བྱས་ཏེ་རིག་རྩལ་གསར་རྩོམ་ཉིད་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཐོག་འབྲི་བ་དང་། མི་དམངས་ཀྱིས་འབད་འཐབ་བྱེད་པའི་འཐབ་ལམ་ཐོག་འབྲི་དགོས། 

ལོ་ངོ་བརྒྱའི་རིང་ལ། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱས་ཏེ། ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཤིང་། དུས་རབས་ཀྱི་རྗེས་སུ་ལུས་པ་ནས་དུས་རབས་ཀྱི་རྗེས་ཟིན་པ་དང་། དེ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་མཆོང་སྐྱོད་རླབས་པོ་ཆེ་བསུས་ལ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གནམ་ས་འདར་ཞིང་ལྷ་འདྲེ་དངངས་པའི་ལོ་རྒྱུས་ཟློས་གར་རླབས་པོ་ཆེ་བརྩམས་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་དུས་རབས་ཀྱི་ལྟ་བ་ཆེན་པོ་འཆང་བ་དང་། མཐོང་རྒྱ་དང་ཁོག་རྒྱ་ཆེན་པོས་ལོ་རྒྱུས་ཀྱི་འཕེལ་རིམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ངེས་ཤེས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་རིང་གི་འཕོ་འགྱུར་ཆེན་པོ་མཚོན་དགོས་པ་དང་། ལོ་ངོ་བརྒྱའི་རིང་གི་ཀྲུང་གོའི་ཡང་དག་པའི་འགྲོ་ལམ་བཤད་དགོས་པ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་དགོས་པ། སྤོབས་ཉམས་རྒྱས་པའི་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་གཏོང་དགོས་པ་རེད། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ནི་ཀྲུང་གོའི་མི་དམངས་ཀྱིས་ཉམས་སད་དང་འགྲན་སློང་གསར་པའི་ནང་དུ་འོད་སྟོང་འབར་བའི་མ་འོངས་པ་གསར་སྐྲུན་བྱེད་པའི་དུས་རབས་ཤིག་ཡིན་ཞིང་། ཀྲུང་གོའི་མི་དམངས་ཀྱིས་འབད་བརྩོན་ཆེན་པོས་དགའ་སྐྱིད་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་པའི་དུས་རབས་ཤིག་ཀྱང་ཡིན། “མཐོན་པོའི་རི་ལ་འཛེགས་ན་སེམས་རྒྱ་སྐྱེད། །ཆུ་བོའི་རྒྱུན་དང་ཉེ་ན་བློ་ཐག་རིང་། །”[2]རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེག་དགོས་པ་དང་། དུས་རབས་ཀྱི་འཕར་རྩ་ལས་སྒྱུ་རྩལ་གྱི་འཕར་རྩ་རྟོགས་དགོས། སྒྱུ་རྩལ་གསར་སྐྲུན་ནི་མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་རླབས་པོ་ཆེ་དང་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་འཚོ་བར་ཁ་ཕྱོགས་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་། ཀྲུང་གོའི་དར་རྒྱས། མི་དམངས་ཀྱི་རེ་འབོད་བཅས་ལས་བརྗོད་དོན་གཙོ་བོ་ཞུན་བརྡར་དང་བརྗོད་གཞི་བསྡུ་ལེན་བྱས་ཏེ། ཀྲུང་ཧྭའི་ལོ་རྒྱུས་ཀྱི་མཛེས་སྡུག་དང་། རི་ཀླུང་གི་མཛེས་སྡུག །རིག་གནས་ཀྱི་མཛེས་སྡུག་བཅས་མཚོན་དགོས། ཀྲུང་གོའི་མི་དམངས་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་དང་། གསར་སྐྲུན་གྱི་ནུས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་བྲིས་ཏེ། ཕྱོགས་མཐའ་ཀུན་དང་ཁྱོན་ཡོངས་ནས་དུས་རབས་གསར་པའི་བསམ་པའི་ཡོ་ལང་མཚོན་དགོས། 

གཉིས་པ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བསྲུངས་ཏེ་ཉམས་པ་མེད་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་རྩོམ་པའི་རེ་བ་ཡོད། མི་དམངས་ལས་བྱུང་བ་དང་། མི་དམངས་ཀྱི་དོན་དུ་ཡིན་པ། མི་དམངས་ཀྱི་ཡིན་པ་བཅས་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་རྩ་བའི་ལངས་ཕྱོགས་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་སྒུལ་ཤུགས་གནས་སའང་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་དམངས་སེམས་ནང་དུ་འཇོག་པ་དང་། མི་དམངས་ཀྱི་བློ་ལ་འབབ་མིན་དེ་སྒྱུ་རྩལ་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་མཐོ་ཤོས་སུ་བཟུང་ནས་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་གསར་རྩོམ་བྱས་ཏེ། རིག་རྩལ་གྱི་སྣ་མང་མེ་ཏོག་དུས་ནམ་ཡང་མི་དམངས་ཀྱི་ཆེད་དུ་བཞད་པར་བྱེད་དགོས། 

མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན་ལ། དུས་རབས་གསར་སྐྲུན་བྱེད་མཁན་ཡང་ཡིན། མི་དམངས་ཀྱིས་རྒྱ་ཆེན་འབད་འཐབ་བྱེད་རིང་དུ། ལོ་རྒྱུས་གསར་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་བརྗོད་བྱ་གང་སར་འཕྱུར་བཞིན་ཡོད་པ་དེ་དག་ཕྱོགས་གཅིག་ཏུ་བསྡུས་ན་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་ཅིག་རེད། མི་དམངས་ནི་རིག་རྩལ་གྱི་འབྱུང་ཁུངས་ཡིན། རྩོམ་རིག་སྒྱུ་རྩལ་འཚར་ལོངས་ཡོང་དགོས་ན་མི་དམངས་ཀྱི་གསོ་བཅུད་དང་ཁ་འབྲལ་ཐབས་མེད་པ་དང་། མི་དམངས་ཀྱི་ནང་དུ་བླངས་ན་རྫོགས་མཐའ་མེད་པ་དང་སྤྱད་ན་འཛད་མཐའ་མེད་པའི་རྩོམ་རིག་སྒྱུ་རྩལ་གྱི་འབྱུང་ཁུངས་ཕུན་སུམ་ཚོགས་པོ་གནས་ཡོད། རིག་རྩལ་ལ་བརྟེན་ནས་མི་དམངས་ཀྱིས་ལོ་རྒྱུས་གསར་སྐྲུན་བྱས་པའི་འཕེལ་རིམ་རླབས་པོ་ཆེར་སྤྲོ་སེམས་ཆེན་པོས་བསྟོད་གླུ་འབུལ་དགོས་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་འབུངས་བྱེད་མཁན་བརྟུལ་ཕོད་ཅན་ཡོད་ཚད་དང་མི་དམངས་ཀྱི་དོན་དུ་རང་སྲོག་བློས་གཏོང་མཁན་དཔའ་བོ་ཡོད་ཚད་ལ་ལྷག་བསམ་ཟབ་མོས་བསྔགས་བརྗོད་བྱེད་དགོས། 

མའོ་ཏུན་[3]གྱིས་“སྒྲུང་གཏམ་འབྲི་མཁན་ཞིག་ལ་ངེས་པར་དུ་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་ཡོད་དགོས་པར་མ་ཟད། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་དབྱེ་ཞིབ་བྱེད་ཐུབ་པའི་བློ་རིག་གསལ་པོ་ནི་དེ་བས་ཀྱང་ངེས་པར་དུ་ཡོད་དགོས་”[4]ཞེས་གསུངས་མྱོང་། ཨུ་རུ་སུའི་རྩོམ་པ་པོ་ཐོར་སི་ཐའེ་ཡིས་“སྒྱུ་རྩལ་ནི་སྒྱུ་རྩལ་པས་ཉམས་ལེན་བྱས་པའི་བརྩེ་དུང་བརྒྱུད་བསྒྲགས་བྱེད་པ་ཞིག་ཡིན་པ་ལས་ལག་རྩལ་ཙམ་ཞིག་མིན་”[5]ཞེས་གསུངས་མྱོང་། འཚོ་བ་ནི་མི་དམངས་དང་མི་དམངས་ནི་འཚོ་བ་ཡིན། མི་དམངས་ནི་བདེན་པ་དང་། དོན་དངོས། བབ་ཆགས་བཅས་ཡིན། རྟོག་བཟོ་བྱས་པའི་སྣང་བརྙན་གྱིས་མི་དམངས་རྟོག་བཟོ་དང་། འཕྱ་སྨོད་ཀྱི་རྣམ་འགྱུར་གྱིས་མི་དམངས་ལ་འཕྱ་སྨོད་བྱེད་མི་རུང་། དམའ་འབེབས་ཀྱི་སྨྱུག་རྩལ་ལ་བརྟེན་ནས་མི་དམངས་ལ་དམའ་འབེབས་དེ་བས་ཀྱང་བྱེད་མི་རུང་། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་མང་ཚོགས་ཀྱི་ནང་དུ་ཟབ་ཞུགས་དང་། མི་དམངས་ཀྱི་དཀའ་སྤྱད་ངལ་རྩོལ་ལ་ཤེས་རྟོགས། མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་ཤེས་ཚོར་བཅས་བྱས་ན་ད་གཟོད་འཚོ་བའི་ངོ་བོ་གསལ་རྟོགས་ཐུབ་ཅིང་དུས་རབས་ཀྱི་སྲོག་རྩའི་འཕར་ལྡིང་ངེས་ཐུབ་ལ། མི་དམངས་ཀྱི་བསམ་འདུན་རྟོགས་ཐུབ་པ་དང་། ད་གཟོད་རིག་རྩལ་གསར་རྩོམ་ལ་ཟབ་བརླིང་གི་སྟོབས་ཤུགས་དང་ཡུན་གཏན་གྱི་ཡིད་དབང་འཕྲོག་ཤུགས་ལྡན་ཐུབ་པ་རེད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་ཉིད་བརྩམས་ཆོས་ཀྱི་མི་སྣ་གཙོ་བོར་འཇོག་དགོས་པར་མ་ཟད། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་བརྩེ་དུང་མི་དམངས་དང་གཞི་གཅིག་ཏུ་བསྒྲིལ་ཏེ། སེམས་པ་དང་། བརྩེ་བ། བསམ་བློ་བཅས་མི་དམངས་ཀྱི་ནང་དུ་ཟབ་ཞུགས་དང་། མི་དམངས་དང་མཉམ་གཅིག་ཏུ་དུས་རབས་ཀྱི་སྲོག་རྩའི་འཕར་ལྡིང་དང་ཚེ་སྲོག་གི་གཟི་མདངས་ཉམས་སུ་མྱངས་ནས་དུས་རབས་དང་མི་དམངས་ལ་བསྟོད་གླུ་འབུལ་དགོས། 

རྩོམ་རིག་སྒྱུ་རྩལ་ནི་སྣང་བརྙན་ལ་བརྟེན་ནས་འགྲུབ་དགོས་པ་ཡིན་ལ། ཕུལ་བྱུང་ཚད་ལྡན་གྱི་རིག་རྩལ་སྣང་བརྙན་ནི་དུས་རབས་ཤིག་གི་རིག་རྩལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། དོན་གཉེར་དང་འཇོན་ཐང་ལྡན་པའི་རིག་རྩལ་ལས་དོན་པ་མཐའ་དག་གིས་འཚོ་བ་དཔེ་ཀློག་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་སྣང་ཚུལ་གསར་པ་དང་མི་སྣ་གསར་པ་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་འཚོ་བ་ལས་བྱུང་ཞིང་འཚོ་བ་ལས་མངོན་མཐོའི་སྒྱུ་རྩལ་གསར་སྐྲུན་བྱེད་པ་དང་། དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཟུང་དུ་འབྲེལ་བའི་མཛེས་དཔྱོད་ཀྱི་གཤིས་ལུགས་ལ་བརྟེན་ནས་མི་རྣམས་ཀྱི་ཡིད་དབང་འཕྲོག་པ་དང་། ཡིད་འགུལ་ཐེབས་པ། བརྟན་པ་འཕྲོག་པ་བཅས་ཀྱི་སྒྱུ་རྩལ་སྣང་བརྙན་མང་ཙམ་བཟོས་ཏེ་དུས་རབས་ལ་བརྗེད་དཀའ་བའི་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་ཤུལ་དུ་འཇོག་དགོས། 

“རྩོམ་པའི་ལུགས་ནི་རྗོད་བྱེད་ཡི་གེ་དང་བརྗོད་བྱའི་དོན་ཉིད་དོ། །”[6]རིག་རྩལ་ནི་ཡར་ཐོན་དང་དགེ་ཕྱོགས་སུ་འཕེལ་ན་ད་གཟོད་དུས་རབས་ཀྱི་དུང་བརྡ་རུ་འགྱུར་ཐུབ། དགེ་བའི་མཐར་ཐུག་ན་ད་གཟོད་མཛེས་པའི་ཡང་རྩེར་སླེབས་ཐུབ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཀྲུང་གོའི་རིག་རྩལ་གྱིས་ཡར་བརྩོན་དགེར་ཕྱོགས་དོན་གཉེར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ། རིག་རྩལ་གསར་རྩོམ་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་ལྡན་པའི་ངང་མཚོན་པ་དང་། བརྗོད་སྙིང་ཟབ་ཅིང་ཀུན་སྤྱོད་ལྡན་ལ་བག་ཆགས་འཇོག་ཐུབ་པའི་བརྩམས་ཆོས་གསར་རྩོམ་བྱེད་དགོས། སྐྱོན་བྲལ་རིག་གནས་ཀྱི་དར་སྲོལ་སྤེལ་དགོས་ལ། ཡ་མ་གཟུགས་ཀྱི་མཛེས་དཔྱོད་ཕྱོགས་ལྷུང་སྤོང་དགོས། བསམ་བློ་ཟབ་པ་དང་། ཁ་གསིང་ལ་བབ་ཆགས་པ། བརྟན་ཅིང་བརླིང་བ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ནས་མི་དམངས་ཀྱི་མཛེས་དཔྱོད་ལྟ་བ་དང་རིན་ཐང་ལྟ་བར་འཚོ་བཅུད་སྦྱིན་ཏེ། མི་དམངས་ཀྱི་བསམ་པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་དགོས། 

གསུམ་པ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དུས་རབས་ཀྱི་རྗེས་སྙེག་ཐུབ་པའི་བརྩམས་ཆོས་རྩེ་གྲ་སྤྱད་དེ་རིག་རྩལ་གྱི་གོ་འཕང་གསར་པ་གཏོད་རྒྱུའི་རེ་བ་ཡོད། དུས་རབས་ཤིག་གི་རིག་རྩལ་གྲུབ་འབྲས་ཚད་འཇལ་བྱེད་ན་མཐར་ཐུག་བརྩམས་ཆོས་ལ་ལྟ་དགོས་པ་དང་། རྩོམ་རིག་པ་དང་སྒྱུ་རྩལ་པའི་མི་ཚེའི་རིན་ཐང་ཚད་འཇལ་བྱེད་ནའང་བརྩམས་ཆོས་ལ་ལྟ་དགོས། དེས་ན་རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཡག་ཐོག་ཡག་བརྩེགས་དང་གསར་གཏོད་བྱེད་ཕོད་པའི་སྒོ་ནས་ང་ཚོའི་མི་རིགས་རླབས་པོ་ཆེ་དང་དུས་རབས་རླབས་པོ་ཆེ་འདིར་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་འབད་པས་རྩོམ་དགོས། 

གནའ་ནས་ད་བར་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་ནི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་མཚོན་ཚུལ་གཉིས་གཞི་གཅིག་ཏུ་གྱུར་པའི་འབྲས་བུ་ཡིན་པ་སྨོས་ཅི་དགོས། དེ་ཡང་“བདེན་པ་བརྩད་ན་བློ་སྟོབས་སྐྱེད། །བློ་སྟོབས་བསྐྱེད་པས་ཚིག་ཉམས་ཐོན། །ཚིག་ཉམས་ཐོན་པས་རིག་རྩལ་རྒྱས། །”[7]ཞེས་པ་ལྟར་མཛེས་སྡུག་གི་རིན་ཐང་དེ་མཛེས་སྡུག་གི་སྒྱུ་རྩལ་ལས་མཚོན་ན་ད་གཟོད་བརྩམས་ཆོས་ལ་བླ་སྲོག་ལྡན་པ་དང་། ད་གཟོད་བསམ་བློ་དང་སྒྱུ་རྩལ་གཉིས་ཆར་པ་ཆུ་གྲོགས་སུ་འགྱུར་ཐུབ་ཅིང་། ད་གཟོད་བརྩམས་ཆོས་དུས་ཡུན་རིང་པོར་གནས་ཐུབ། སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་རིག་རྩལ་བརྩམས་ཆོས་ཀྱི་སྲོག་རྩར་བཟུང་ནས་ནང་དོན་གྱི་རྒྱུ་ཆ་འདེམས་པར་གཟབ་ནན་བྱེད་དགོས་པ་དང་། བསམ་བློ་སྔོག་འདོན་གྱི་གཏིང་ཚད་ཟབ་མོ་དགོས་པ། སྒྱུ་རྩལ་གསར་གཏོད་ཀྱི་སྤུས་ཚད་བཟང་པོ་དགོས་པ་བཅས་ཀྱི་ཐོག་ནས་བརྩམས་ཆོས་ཀྱི་བསམ་པའི་ནུས་པ་དང་། རིག་གནས་ཀྱི་ནང་དོན། སྒྱུ་རྩལ་གྱི་རིན་ཐང་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 

གསར་གཏོད་ནི་རིག་རྩལ་གྱི་ཚེ་སྲོག་ཡིན། རྩོམ་པ་པོ་ལིའུ་ཆིང་གིས་“རྩོམ་པ་པོ་ཞིག་ལ་མཚོན་ན་རྦད་དེ་ལད་འབྲི་བྱེད་མི་དགོས་པའི་ཚད་ལ་སླེབས་ན་ད་གཟོད་མིང་དོན་མཚུངས་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་འགོ་ཚུགས་པ་རེད་”[8]ཅེས་དང་། “དུས་རབས་རེ་རེའི་རྩོམ་རིག་ཚང་མར་འབྲི་སྟངས་གསར་པ་རེ་ཡོད་”[9]ཅེས་གསུངས་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོར་སྔོན་རབས་པར་སློབ་སྦྱོང་བྱེད་པའི་གུས་ཞུམ་གྱི་བསམ་པ་ཡོད་དགོས་པར་མ་ཟད། སྔོན་བྱོན་པ་ལས་བརྒལ་བའི་འགྲན་སེམས་ཀྱང་ཡོད་དགོས་པས། རང་ཉིད་ལས་ཐོད་བརྒལ་བྱེད་པའི་བློ་སྟོབས་ཆེ་རུ་བསྐྱེད་དེ། ལད་འབྲི་ཁོ་ན་བྱེད་པ་དང་འདྲ་བཤུ་རྫུན་སྒྲིག་བྱེད་པར་བཀག་འགོག་བྱས་ནས་སྔར་ལས་ཡངས་པའི་གསར་རྩོམ་གྱི་ལམ་དུ་སྐྱོད་དགོས། 

ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཡིན་ཞིང་། དེང་རབས་ཀྲུང་གོའི་རིག་རྩལ་གྱི་རྨང་གཞི་ཡིན་ལ། རིག་རྩལ་གསར་གཏོད་ཀྱི་གཏེར་མཛོད་ཀྱང་ཡིན། ཀྲུང་གོའི་རིག་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་“བསྐལ་བརྒྱར་བསྐུངས་པའི་ཚིག་དོན་རྙེད་ཐབས་དང་། སྤྱོད་པ་ཉུང་བའི་ཚིག་གི་ཉམས་དག་བསྡུ་”[10]ཞེས་པ་གོང་དུ་བཀུར་གྱི་ཡོད། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་འདུ་ཤེས་དང་། མི་ཆོས་ཀྱི་དགོངས་པ། ཀུན་སྤྱོད་ཀྱི་ཚད་གཞི་བཅས་སྔོག་འདོན་བྱས་ཏེ། སྒྱུ་རྩལ་གསར་རྩོམ་བྱེད་ནུས་དང་ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་མཉམ་དུ་སྡེབ་པ་དང་། ཀྲུང་ཧྭའི་མཛེས་རིག་གི་དགོངས་དོན་དང་དེང་རབས་ཀྱི་མཛེས་དཔྱོད་འཚོལ་སྙེག་བྱེད་པ་ཟུང་འབྲེལ་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། དེར་བརྟེན་རང་ལམ་རང་བཀག་དང་འཕེལ་མེད་སོར་གནས་བྱེད་པ་ནི་རྒྱུན་འཛིན་མིན་ལ། རང་རྒྱུད་གཅོད་པ་དང་ཁུངས་མེད་རྟོགས་བཟོ་བྱེད་པ་ནི་གསར་གཏོད་ལ་རྩི་མི་རུང་། རྒྱུན་འཛིན་དང་གསར་གཏོད་བར་གྱི་འབྲེལ་བ་ངེས་པར་བྱས་ཏེ། སྲོལ་རྒྱུན་ལ་སློབ་སྦྱོང་བྱེད་དགོས་ལ་མཁྲེགས་འཛིན་མི་བྱེད་པ་དང་། ཚད་བཀག་གཏོར་དགོས་ལ་ཆོས་ཉིད་ལས་མི་འགལ་བར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉིད་རིག་རྩལ་གསར་གཏོད་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་ཆགས་པར་བྱེད་དགོས། 

ད་ལྟ། སྒྱུ་རྩལ་གྱི་རིགས་དབྱེ་སྣ་ཚོགས་ཕན་ཚུན་མཉམ་དུ་འདྲེས་ཤིང་། མཚོན་སྟངས་སྣ་ཚོགས་ཕན་ཚུན་འདྲེས་པར་མ་ཟད། དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་སོགས་ཀྱིས་རིག་རྩལ་གྱི་རྣམ་པ་གསར་གཏོད་དང་རིག་རྩལ་གྱི་བར་སྟོང་རྒྱ་སྐྱེད་བཏང་ཡོད། ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས་པའི་གནས་ལུགས་ཤིག་ནི་གསར་རྩོམ་གྱི་ཐབས་རྩལ་དང་བྱེད་ཐབས་ཐམས་ཅད་ཀྱིས་བརྗོད་དོན་ལ་ཞབས་འདེགས་ཞུ་དགོས་པ་དེ་རེད། ཚན་རྩལ་འཕེལ་རྒྱས་དང་ལག་རྩལ་གསར་བསྒྱུར་བྱུང་བ་ལས་སྒྱུ་རྩལ་གྱི་མཚོན་ཐབས་དང་རྒྱས་སྤྲོས་བྱེད་སྟངས་གསར་པ་སྐྱེད་ཐུབ་མོད། འོན་ཀྱང་སྒྱུ་རྩལ་ཕུན་སུམ་ཚོགས་མིན་ནི་ཐོག་མཐའ་བར་གསུམ་དུ་འཚོ་བར་རག་ལས་པ་རེད། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་བེད་སྤྱོད་ཡང་དག་པ་བྱས་ཏེ། གསར་གཏོད་བྱེད་སེམས་སྐུལ་སློང་དང་། རིག་གནས་ཀྱི་བསྟན་དོན་གྲ་རྒྱས་སུ་གཏོང་བ། བསམ་བློའི་བརྩེ་དུང་མཚོན་པ་བཅས་བྱས་ནས་རིག་རྩལ་གསར་རྩོམ་ལ་སྔར་བས་གོ་དོན་ལྡན་པ་དང་། སྔར་བས་གཏིང་ཤུགས་ལྡན་པའི་གོ་འཕང་གསར་པ་མངོན་དུ་འཇུག་དགོས། 

བཞི་པ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་བརྩེ་དུང་དང་བརྩོན་འགྲུས་ལས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་དེ་འཛམ་གླིང་ལ་ཡིད་ཆེས་རུང་བ་དང་། གཅེས་སུ་འོས་པ། གུས་པར་འོས་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་སྟོན་རྒྱུའི་རེ་བ་ཡོད། ཀྲུང་གོའི་མི་དམངས་ནི་སྔར་ནས་བཟུང་གནམ་འོག་ལ་བརྩེ་སེམས་ཟབ་མོ་ལྡན་པས། དེང་རབས་ཀྲུང་གོའི་རིག་རྩལ་གྱིས་མིག་རྒྱང་འཛམ་གླིང་ལ་ཕྱོགས་པ་དང་མིའི་རིགས་ལ་ཕྱོགས་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོར་ཡིད་ཆེས་དང་ཕུགས་བསམ་ཆེན་པོ་ཡོད་དགོས་པ་དང་། སྔོན་རབས་ཀྱི་སྲོལ་བཟང་རྒྱུན་འཛིན་དང་། ད་ལྟའི་འགྱུར་ལྡོག་ངེས་ཤེས་བྱས་ཏེ། ཀྲུང་གོའི་མཛེས་དཔྱོད་འདོད་ཕྱོགས་མངོན་པ་དང་། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་སྒྲོག་སྤེལ། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དོན་གཉེར་བཅས་མཚོན་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་བ་གསར་རྩོམ་བྱེད་དགོས། 

རྒྱལ་ཁབ་ཁག་གི་མི་དམངས་ཀྱི་གནས་བབ་དང་ལས་དབང་ལ་ཁྱད་པར་ཆེན་པོ་ཡོད་མོད། འོན་ཀྱང་དགའ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་ལས་དབང་ལ་འགྱུར་ལྡོག་གཏོང་ཆེད་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱེད་པ་ནི་གཅིག་མཐུན་ཡིན་ལ། མྱོང་བ་མཉམ་སྐྱེ་འབྱུང་སླ་བ་ཞིག་ཀྱང་རེད། མར་ཁེ་སིས་“མི་རིགས་གང་གིས་སོ་སོ་མི་རིགས་ཤིག་ཡིན་པའི་ཆ་ནས་བསྒྲུབས་པའི་བྱ་བ་ཡོད་ཚད་ཁོང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེད་དུ་བསྒྲུབས་པའི་བྱ་བ་ཤ་སྟག་རེད་”[11]ཅེས་གསུངས་པ་ལྟར། དཀའ་སྤྱད་ཚད་མེད་ཀྱིས་འབད་འཐབ་བྱེད་རིང་། ཀྲུང་གོའི་མི་དམངས་ཀྱིས་ཞུམ་མེད་མདུན་སྐྱོད་ཀྱི་ཆོད་སེམས་དང་བློ་སྟོབས་དང་། དཔེ་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པ་དང་། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་བྱུང་བའི་ངོ་མཚར་བྱས་རྗེས་ཆེན་པོ་གཉིས་བསྐྲུན་པ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ་བཅས་ཀྱིས་ཀྲུང་གོའི་རིག་གནས་མཉེན་ཤུགས་ཆེས་ཆེར་མཐོར་འདེགས་བཏང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་འཕེལ་རྒྱས་ཀྱི་འགྲོ་ལམ་དང་གྲུབ་འབྲས་ཐོབ་པའི་མན་ངག་གི་གསང་རྒྱ་འགྲོལ་རྒྱུ་དང་། ཀྲུང་གོའི་མི་དམངས་ཀྱི་འཚོ་བའི་འཕོ་འགྱུར་དང་སེམས་ཀྱི་འཇིག་རྟེན་ལ་རྒྱུས་ལོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། 

རིག་གནས་ལ་བརྟེན་ནས་མི་སེམས་བཀུག་ན་སེམས་པ་དེ་བས་གཅིག་ཏུ་སྒྲིལ་ཐུབ་པ་དང་། སྒྱུ་རྩལ་ལ་བརྟེན་ནས་སེམས་པ་འབྲེལ་ན་འཛམ་གླིང་དང་སྔར་བས་འབྲེལ་འདྲིས་བྱེད་སླ་བ་རེད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཀྲུང་གོའི་ས་གཞི་ཆེན་མོར་གཞི་འཛུགས་པ་དང་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་དེ། མིག་རྒྱང་སྔར་བས་རིང་བ་དང་། ཁོག་རྒྱ་སྔར་བས་ཡངས་པ། གདེང་ཚོད་སྔར་བས་ཆེ་བ་བཅས་ཀྱི་རྣམ་འགྱུར་གྱིས་ཀྲུང་གོའི་འཕོ་འགྱུར་དང་ཀྲུང་གོའི་སྙིང་སྟོབས་མཚོན་ཐུབ་པའི་བརྗོད་བྱ་བདམས་ནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་འཛམ་གླིང་གིས་ཤེས་རྟོགས་ཐུབ་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྣང་བརྙན་སྔར་ལས་མང་བ་གསར་བཟོ་དང་། གསོན་ཉམས་ལྡན་པའི་ལངས་གཟུགས་ཀྱི་ཀྲུང་གོ་ཞིག་ཧུར་ཐག་གིས་མཚོན་པར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེའུ་གསར་པ་རྩོམ་དགོས། 

རིག་རྩལ་གྱི་མི་རིགས་ཁྱད་ཆོས་ཀྱིས་མི་རིགས་གང་དེའི་རིག་གནས་ཀྱི་ངོས་ཟིན་ཚད་མཚོན་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་རྩོམ་རིག་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་ལ་སྤེལ་རེས་བྱེད་དགོས། མི་རིགས་ཅན་གྱི་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱས་ཏེ། མི་རིགས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། རྩོམ་གཤིས་རྩོམ་ལུགས་དང་རྗོད་བྱེད་མཚོན་སྟངས་རྒྱ་བསྐྱེད་ནས་འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་ཁྱབ་ཁོངས་སུ་ཀྲུང་གོའི་ཉམས་བཟང་དང་ཀྲུང་གོའི་ཉམས་འགྱུར་གསལ་པོར་གཏོད་དགོས། 

ལྔ་པ། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་བདེན་ལུགས་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀུན་སྤྱོད་དང་སྒྱུ་རྩལ་མཉམ་གཉེར་བྱེད་རིང་མི་ཚེའི་རིན་ཐང་བསྐྲུན་རྒྱུའི་རེ་བ་ཡོད། “བློ་འཕང་མཐོ་ན་ཁ་ཚིག་གཙང་། །བློ་རྒྱ་ཡངས་ན་བརྗིད་རླབས་ཆེ། །བློ་ཕུགས་རིང་ན་འདུན་མ་བརྟན། །”[12]རིག་རྩལ་གྱིས་སྲོལ་བཟང་ཡར་སྐུལ་གྱི་འགན་འཁྲི་འཁུར་གྱི་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་སྤྱི་ཚོགས་ཀྱི་སྣང་བརྙན་དེ་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་དང་གཅིག་གྱུར་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་པོར་སྲུང་བ་དང་། སྤྱོད་བཟང་དང་སྒྱུ་རྩལ་གཉིས་མཉམ་གཉེར་བྱེད་པ། བླ་ན་མེད་པའི་སྤྱོད་ལམ་དང་སྤུས་ཚད་གཉིས་ཀ་ལྡན་པ་བཅས་ཀྱི་བརྩམས་ཆོས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཆེད་དུ་སྲོལ་བཟང་དར་སྤེལ་གཏོང་བ་དང་། སྐྱེ་འགྲོ་ཡོངས་ཀྱི་ཆེད་དུ་སྤྱོད་བཟང་དར་སྤེལ་གཏོང་བ། རང་ཉིད་ཀྱི་ཆེད་དུ་མཚན་སྙན་ཤུལ་དུ་འཇོག་པ་བཅས་བྱེད་དགོས། 

སྤྱོད་བཟང་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་མཁན་དེས་ངེས་པར་དུ་ཐོག་མར་རང་ཉིད་གཅུན་འདོམས་བྱེད་དགོས། སེམས་སྐྱེད་ཁམས་གསོ་བྱེད་མཁན་དེས་ངེས་པར་དུ་སྔོན་ལ་རང་ཉིད་སྐྱོང་དགོས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་གི་ཉམས་པ་མེད་པའི་ཚད་ལྡན་བརྩམས་ཆོས་དེ་དག་གིས་རྩོམ་རིག་པ་དང་སྒྱུ་རྩལ་པའི་ཁོག་རྒྱ་དང་ཤེས་རྒྱ་གཅིག་འབྲེལ་དང་། ཀུན་སྤྱོད་དང་ཤེས་ཡོན་གཅིག་འདྲེས། མི་གཤིས་དང་སྒྱུ་རྩལ་གྱི་གཤིས་སྤུས་གཅིག་གྱུར་བཅས་བྱུང་བ་མཚོན་ཡོད། དེ་ཡང་“ཀུན་ལ་ཕན་པའི་བརྩམས་ཆོས་ནི། །པོད་བརྒྱ་བརྩམས་རུང་གནོད་པ་མེད། །ཀུན་ལ་ཕན་པ་མེད་གྱུར་ན། །ལེའུ་གཅིག་ཀྱང་བརྩམ་མི་བྱ། །”[13]

རིག་རྩལ་གསར་རྩོམ་ནི་དཀའ་ཚེགས་ཆེ་བའི་གསར་གཏོད་རང་བཞིན་གྱི་ལས་ཀ་ཞིག་རེད། ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་ཆུ་ཚད་ནི་བློ་རྩེ་གཅིག་སྒྲིམ་དང་། ཡུན་རིང་འབད་བརྩོན། སྙིང་རུས་གཏན་འཁྱོངས་བཅས་བྱས་ནས་ཐོབ་པ་ལས། དུས་ཐུང་གི་ངལ་བ་ཙམ་ལ་བརྟེན་ནས་ཐོབ་པ་ཞིག་མིན། གལ་སྲིད་མྱུར་ལམ་དང་། བྱེད་བདེ། གྲགས་འདོད་བཅས་ཁོ་ན་དོན་གཉེར་བྱེད་པ་དང་། ཞག་མ་གཅིག་ལ་སྙན་གྲགས་རྒྱས་པ་དང་། ཞག་མ་གཅིག་ལ་ཕྱུག་པོར་འགྱུར་བའི་སྟོང་བསམ་བཅངས་ན། མཇུག་མཐར་ཡོད་ཚད་འཇའ་ལྟར་ཡལ་ངེས་རེད། རིག་རྩལ་ནི་གོ་བདེ་རྟོགས་སླ་ཞིག་ཡིན་དགོས་མོད། འོན་ཀྱང་ཐ་མལ་བ་དང་། ཐ་ཤལ་བ་དང་། ཟོལ་བསྟོད་ཅན་བཅས་ནི་གཏན་ནས་ཡིན་མི་རུང་། རིག་རྩལ་ལ་འཚོ་བ་དགོས་མོད། འོན་ཀྱང་དར་སྲོལ་ངན་པའི་སྤེལ་བ་པོ་དང་། རྗེས་འབྲང་བ། འུད་སྒྲོག་བྱེད་མཁན་བཅས་སུ་གཏན་ནས་འགྱུར་མི་རུང་། རིག་རྩལ་ལ་གསར་གཏོད་དགོས་མོད། འོན་ཀྱང་ཡ་མ་བརླ་དང་སྤྲེལ་ལད་འཁྲབ་ཆོས་སུ་འགྱུར་གཏན་ནས་མི་རུང་། རིག་རྩལ་ལ་ཕན་འབྲས་དགོས་མོད། འོན་ཀྱང་རྒྱུ་དངུལ་ཁོ་ན་དོན་དུ་གཉེར་བ་དང་ཚོང་རའི་བྲན་གཡོག་ཏུ་གཏན་ནས་འགྱུར་མི་རུང་། གསར་རྩོམ་བྱེད་ན་སེམས་ནུས་ཡོད་རྒུ་འདོན་དགོས་པ་དང་། འཁྲབ་སྟོན་བྱེད་ན་རང་ཉིད་ཀྱི་འཇོན་ཐང་ངོ་མར་བརྟེན་དགོས། སྣང་བརྙན་ནི་གསར་སྐྲུན་ལ་བརྟེན་དགོས། ཕན་འབྲས་ནི་སྤུས་དག་ལ་བརྟེན་དགོས། སྙན་གྲགས་ནི་སྤྱོད་བཟང་དང་སྒྱུ་རྩལ་ལ་བརྟེན་དགོས། བརྗོད་དོན་དམན་པའི་བཞད་གད་སློང་བྱེད་ཙམ་དང་། ཚོད་མེད་པའི་བག་མེད་ལང་ཤོར། མིག་དབང་འགུག་པའི་རོལ་རྩེད། ཆོག་ཤེས་མེད་པའི་འདོད་པ་བཅས་ནི་རིག་རྩལ་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་སྒྱུ་རྩལ་ལ་གུས་ཞུམ་གྱི་བསམ་པ་དང་ཆེད་ལས་ལ་ལྷག་བསམ་རྣམ་དག་གི་བསམ་པ་བཅངས་ཏེ། དཀའ་བ་ངོ་མ་སྤྱོད་པ་དང་། འཇོན་ཐང་ངོ་མ་སྦྱོང་བ། སྙན་གྲགས་དོན་ལྡན་གཉེར་བ་བཅས་བྱེད་དགོས། 

རིག་རྩལ་ལས་དོན་པའི་རང་ངོས་བློ་སྦྱོང་ནི་མི་སྒེར་གྱི་བྱ་བ་ཙམ་མ་ཡིན་ཏེ། རིག་རྩལ་ལས་རིགས་ཀྱི་སྤྱོད་ཚུལ་བཟང་ངན་གྱིས་རིག་གནས་ཁྱབ་ཁོངས་ཧྲིལ་པོ་དང་ཐ་ན་སྤྱི་ཚོགས་འཚོ་བའི་སྐྱེ་ཁམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྩོམ་རིག་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་ནི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ནུས་ཡོད་པ་ཞིག་ཡིན་པས། དེའི་ལུས་ངག་གི་བྱ་སྤྱོད་ཚང་མས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཚང་མས་རང་ཉིད་ཀྱི་སྤྱི་ཚོགས་ཐོག་གི་ཤུགས་རྐྱེན་ལ་གཅེས་སྤྲས་བྱེད་པ་དང་། བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་ནན་ཏན་དང་གཟབ་ནན་གྱིས་བསམ་བློ་གཏོང་དགོས། གལ་ཏེ་རིག་རྩལ་ལས་དོན་པ་ཞིག་གི་སྤྱོད་ལམ་ཚུལ་དང་མི་མཐུན་ན། མི་དམངས་ཀྱིས་དང་ལེན་བྱེད་མི་སྲིད་ལ། དུས་རབས་ཀྱིས་ཀྱང་དང་ལེན་བྱེད་མི་སྲིད། རང་གིས་རང་ལ་མ་གཅེས་ན་གཞན་གྱི་བརྩི་འཇོག་འཐོབ་མི་སྲིད་པས། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་གོ་བབ་ལ་དང་དོད་དང་། གོམས་བྱང་ལ་དང་དོད། འགན་འཁྲི་ལ་དང་དོད་བཅས་བྱེད་དགོས་པ་དང་། རང་རྟོགས་ཀྱིས་བཅའ་ཁྲིམས་བརྩི་སྲུང་དང་སྤྱི་པའི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པ་དང་། རང་རྟོགས་ཀྱིས་རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས་མཐར་སོན་པ་བཅས་བཀག་འགོག་བྱས་ནས་ཟོལ་མེད་གཞུང་དྲང་གིས་མི་ཡག་པོ་ཞིག་བྱེད་པ་དང་། ཁ་གསལ་གཏིང་གསལ་གྱིས་བྱ་བ་ཡག་པོ་སྒྲུབ་དགོས། “དབང་ཤེད་ཅན་ལ་ཁྲོ་བའི་མིག་གིས་ལྟ། །ཉམ་ཆུང་རྣམས་ཀྱི་བཞོན་པ་བྱེད་པར་མོས། །”[14]ཞེས་པའི་སྙིང་སྟོབས་ཀྱིས་བདེན་ལེགས་མཛེས་གསུམ་ལ་བསྟོད་གླུ་ལེན་པ་དང་། རྫུན་ངན་བཙོག་གསུམ་ལ་སུན་འབྱིན་བྱེད་དགོས། དྲང་ནུས་འབྲི་ཕོད་བསྟོད་ཕོད་བྱས་ཏེ་བདེན་པ་ཁ་གསིང་དྲང་བ་ཀུན་གསལ་བྱེད་དགོས། སྐྱུག་བྲོ་བའི་དོན་དག་ལ་སྡང་ཕོད་དམོད་ཕོད་བྱས་ཏེ། བདེན་སྐྱོང་འཇིགས་བྲལ་དང་བཙན་པོར་གཉའ་མི་སྒུར་བ་བྱེད་དགོས། ལས་རིགས་ཀྱི་སྲོལ་བཟང་དང་ཀུན་སྤྱོད་དར་སྤེལ་བཏང་སྟེ། རིག་རྩལ་ལས་རིགས་ཀྱི་སྤྱི་ཚོགས་སྣང་བརྙན་བཟང་པོ་བཞེངས་བསྐྲུན་བྱས་ནས་རང་བཀུར་རང་གཅེས་དང་། ཕན་ཚུན་སློབ་སྦྱོང་། མིག་ལྟོས་ཡར་འགྲན། དྭངས་གསལ་ལྷད་བྲལ་བཅས་ཀྱི་ལས་རིགས་ཀྱི་དར་སྲོལ་བཟང་པོ་གཏོད་དགོས། 

མཆན་འགྲེལ། 

[1] ཐང་རྒྱལ་རབས་ཀྱི་ལི་ཧན་གྱི་《སྐུ་ཞབས་ཁྲང་ལིའི་རྩོམ་བསྡུས་འགོ་བརྗོད་》ཅེས་པར་གསལ། 

[2] མིང་རྒྱལ་རབས་ཀྱི་ཧུང་ཡིང་མིང་གི་《ངན་ངོན་བསྟེན་ཕོད་ཀྱི་སྡུག་རུས་གླེང་བ་》ཞེས་པར་གསལ། 

[3] མའོ་ཏུན་(1896-1981)ནི་ཀྲེ་ཅང་ཐུང་ཞང་གི་མི་ཡིན་ལ། ཀྲུང་གོའི་རྩོམ་རིག་མཁས་ཅན་དང་སྤྱི་ཚོགས་བྱེད་སྒོ་མཁས་ཅན་ཡིན། 

[4] མའོ་ཏུན་གྱི་《ང་ཡི་ཕྱིར་དྲན་》(《མའོ་ཏུན་གྱི་གསུང་འབུམ་》དེབ་19པ། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི་1991ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་406པ།)ཞེས་པར་གསལ། 

[5] ལིའེ་ཧྥུའུ་•ཉི་ཀུའུ་ལ་ཡེ་ཝེ་ཆི་•ཐོར་སི་ཐའེ་ཡི་《སྒྱུ་རྩལ་གླེང་བ་》ཞེས་པར་གསལ། 

[6] རྒྱལ་རབས་ལྷོ་བྱང་དུས་སྐབས་ཀྱི་ལིའུ་ཞེ་ཡི་《རྩོམ་གཞུང་འབྲུག་གཟུགས་མ་•སྐྱོན་བསྟན་པ་》ཞེས་པར་གསལ། 

[7] ཐང་རྒྱལ་རབས་ཀྱི་ལི་ཨའོ་ཡི་《ཀྲུའུ་ཙའེ་ལ་ལན་འདེབས་པའི་ཡི་གེ་》ཞེས་པར་གསལ། 

[8] ཚིག་འདི་ལིའུ་ཁོ་ཧྥེང་གིས་ལེགས་བསྒྲིགས་བྱས་པའི་《ལིའུ་ཆིང་གི་འབོལ་རྩོམ་ཐོར་བཏུས་》ལས་དྲངས། 

[9] ལིའུ་ཆིང་གི་《འཚོ་བ་ནི་གསར་རྩོམ་གྱི་རྨང་གཞི་ཡིན་》(《ལིའུ་ཆིང་གི་གསུང་འབུམ་》དེབ་4པ། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི་2005ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་332པ།)ཞེས་པར་གསལ། 

[10] ཅིན་ནུབ་མའི་ལུའུ་ཅི་ཡི་《རྩོམ་པའི་རྣམ་གཞག་》ཅེས་པར་གསལ། 

[11] མར་ཁེ་སིའི་《ཧྥོ་ལི་ཏེ་ལི་ཞི་•ལི་སི་ཐེའི་བརྩམས་ཆོས་〈ཆབ་སྲིད་དཔལ་འབྱོར་རིག་པའི་རྒྱལ་དམངས་མ་ལག་〉ཅེས་པར་དཔྱད་པ་》(《མར་ཁེ་སི་དང་ཨེན་ཀེ་སིའི་གསུང་འབུམ་》དེབ་42པ། མི་དམངས་དཔེ་སྐྲུན་ཁང་གི་1979ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་257པ།)ཞེས་པར་གསལ། 

[12] ཆིང་རྒྱལ་རབས་ཀྱི་ཡེ་ཞེ་ཡི་《སྙན་ངག་གི་རང་བཞིན་གླེང་བ་•ཕྱི་མའི་སྟོད་ཆ་》ཞེས་པར་གསལ། མ་ཡིག་ནི་“བློ་སྤོབས་མཐོ་ན་དེ་ཡི་རྗོད་བྱེད་དག །བློ་རྒྱ་ཡངས་ན་དེ་ཚིག་བརྗིད་རླབས་ཆེ། །བློ་ཕུགས་རིང་ན་དེ་ཡི་འདུན་མ་བརྟན། །”ཞེས་པ་ཡིན། 

[13] ཧན་རྒྱལ་རབས་ཤར་མའི་ཝང་ཁྲུང་གི་《སྙོམས་བཤད་•རང་རྣམ་》ཞེས་པར་གསལ། 

[14] ལུའུ་ཞུན་གྱི་《རང་ལ་ཟུར་ཟ་བྱེད་པ་》(《ལུའུ་ཞུན་གྱི་གསུང་འབུམ་》དེབ་7པ། མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི་2005ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་151པ།)ཞེས་པར་གསལ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།