བཅུ་གཅིག་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོགས་མྱུར་དུ་འཛུགས་སྐྲུན་བྱེད་དགོས།དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་དགོས། 

(2020ལོའི་ཟླ་5ཚེས་29ཉིན།) 

དམངས་དོན་ཁྲིམས་གཞུང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གི་ནང་དུ་གོ་གནས་གལ་ཆེན་ལྡན་ཞིང་། དེ་ནི་རྩ་བ་བརྟན་པོ་དང་། སྔོན་དཔག་བརྟན་བརླིང་། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་གང་མགྱོགས་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད། 

དམངས་དོན་ཁྲིམས་གཞུང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་ལོ་ངོ་70ལྷག་གི་དུས་ཡུན་ནང་གི་ལག་ལེན་ལས་བྱུང་བའི་དམངས་དོན་བཅའ་ཁྲིམས་ཚད་གཞི་ཕྱོགས་བསྒྲིགས་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་གི་ཕུལ་དུ་བྱུང་བའི་བཅའ་ཁྲིམས་རིག་གནས་བསྡུ་ལེན་བྱས་ཡོད་ཅིང་། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཛུགས་སྐྲུན་གྱི་ཕན་ལྡན་གྲུབ་འབྲས་ལ་དཔེ་བལྟ་བྱས་ཡོད་པས། དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པ་དང་། མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་ལ་འཚམ་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་པ་དང་། ཚེ་སྲོག་བདེ་ཐང་དང་། རྒྱུ་ནོར་བདེ་འཇགས། ཉོ་འཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཞིའི་ཐོབ་ཐང་སོགས་ཕྱོགས་གང་ཅིའི་ཁེ་དབང་འདྲ་མཉམ་སྒོས་སྲུང་སྐྱོབ་བྱེད་པ་མཚོན་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་དང་། ལག་ལེན་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་ལྡན་པའི་དམངས་དོན་ཁྲིམས་གཞུང་ཞིག་ཀྱང་ཡིན། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་བར་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་ཡག་པོར་སྒྲུབ་དགོས་པ་སྟེ། 

དང་པོ། དམངས་དོན་ཁྲིམས་གཞུང་གི་གལ་ཆེའི་དོན་སྙིང་དྲིལ་བསྒྲགས་དང་སློབ་གསོར་ཤུགས་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཁེ་དབང་མངོན་འགྱུར་དང་འཕེལ་རྒྱས་འགན་སྲུང་བྱེད་པའི་དགོས་དབང་གི་བླང་བྱ་ཡིན་པ་གསལ་པོར་བཤད་དགོས། དམངས་དོན་ཁྲིམས་གཞུང་གིས་རང་བྱུང་མི་དང་ཁྲིམས་མི་སོགས་དམངས་དོན་བྱེད་པོ་ཁག་བར་གྱི་མི་ལུས་ཀྱི་འབྲེལ་བ་དང་རྒྱུ་ནོར་གྱི་འབྲེལ་བ་ལེགས་སྒྲིག་དང་ཚད་ལྡན་བཟོ་བ་ཡིན་པས། དེ་ནི་སྤྱི་ཚོགས་འཚོ་བ་དང་དཔལ་འབྱོར་འཚོ་བའི་ནང་གི་ཆེས་སྤྱིར་བཏང་དང་ཆེས་རྒྱུན་མཐོང་གི་སྤྱི་ཚོགས་འབྲེལ་བ་དང་དཔལ་འབྱོར་འབྲེལ་བ་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོ་དང་འབྲེལ་ཡོད་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲལ་ཐབས་མེད་པ། ལས་རིགས་ཁག་གི་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པ་བཅས་ཤིག་ཡིན། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་ཚེ། མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་བཅའ་ཁྲིམས་ཀྱི་འགན་སྲུང་ཐོབ་ངེས་པ་དང་། མི་དང་མིའི་བར་གྱི་འབྲེལ་འདྲིས་བྱེད་སྒོ་སྔར་བས་གོ་རིམ་ལྡན་ངེས་ཤིང་། སྤྱི་ཚོགས་སྔར་བས་འཆམ་མཐུན་ཡོང་ངེས་རེད། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་དགོས་དབང་གི་བླང་བྱ་ཡིན་པ་གསལ་པོར་བཤད་དགོས། དམངས་དོན་ཁྲིམས་གཞུང་གིས་རང་རྒྱལ་གྱིས་ལོ་མང་རིང་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ཐོབ་པའི་གལ་ཆེའི་ལམ་ལུགས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཁྲིམས་གཞུང་གི་རྣམ་པའི་ཐོག་ནས་གཏན་འབེབས་བྱས་ཡོད་པ་དང་། དཔལ་འབྱོར་འཚོ་བ་དང་དཔལ་འབྱོར་བྱེད་སྒོའི་རྟེན་གཞིར་གྱུར་པའི་རྒྱུ་ནོར་གྱི་འབྲེལ་བ་དང་། ཉོ་ཚོང་གི་འབྲེལ་བ་ཚད་ལྡན་དུ་བཟོ་བ་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་བའི་ཆུ་ཚད་ཇེ་མཐོར་གཏོང་བའི་དགོས་དབང་གི་བླང་བྱ་ཡིན་པ་གསལ་པོར་བཤད་དགོས། དམངས་དོན་ཁྲིམས་གཞུང་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་གལ་ཆེན་གྱི་རྟེན་གཞི་ཡིན་པ་དང་། གཏན་འབེབས་མང་པོ་ཞིག་འབྲེལ་ཡོད་ཀྱི་རྒྱལ་ཁབ་ལས་ཁུངས་དང་ཐད་ཀར་འབྲེལ་བ་ཡོད་ལ། སྤྱི་དམངས་དང་ཁྲིམས་མིའི་ཁེ་དབང་དང་འོས་འགན་གྱི་འབྲེལ་བར་ཡང་ཐད་ཀར་འབྲེལ་བ་ཡོད། རྒྱལ་ཁབ་ལས་ཁུངས་ཀྱིས་འགན་འཁྲི་སྒྲུབ་པ་དང་འགན་དབང་སྤྱོད་པར་ངེས་པར་དུ་རང་ཉིད་ཀྱི་བྱ་སྤྱོད་དང་བྱེད་སྒོའི་ཁྱབ་ཁོངས་དང་དབྱེ་མཚམས་གསལ་པོར་ཤེས་དགོས། ཏང་དང་རྒྱལ་ཁབ་ལས་ཁུངས་རིམ་པ་ཁག་གིས་ལས་དོན་སྒྲུབ་སྐབས་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལ་བསམ་བློ་གཏོང་དགོས་པ་ལས། མི་དམངས་མང་ཚོགས་ཀྱི་ལོངས་སུ་སྤྱད་བྱའི་མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་ཚུད་པའི་ཁྲིམས་མཐུན་གྱི་དམངས་དོན་ཁེ་དབང་ལ་གནོད་འཚེ་གཏོང་མི་རུང་། དུས་མཚུངས་སུ། འབྲེལ་ཡོད་སྲིད་གཞུང་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་འགན་ནུས་བསྒྲུབས་པ་དང་འགན་དབང་སྤྱད་དེ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱས་ཏེ་གནོད་འཚེ་མི་ཕོག་པར་བྱེད་དགོས་པ་དང་། དམངས་དོན་འབྲེལ་བ་འཆམ་མཐུན་སྲོལ་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་དོན་ཁྲིམས་གཞུང་ལག་བསྟར་གྱི་ཆུ་ཚད་དང་ཕན་འབྲས་ནི་ཏང་དང་རྒྱལ་ཁབ་ལས་ཁུངས་རིམ་པ་ཁག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཚུལ་འཇལ་བྱེད་ཀྱི་ཚད་ཐིག་གལ་ཆེན་ཞིག་ཡིན། 

གཉིས་པ། དམངས་དོན་ཁྲིམས་འཛུགས་དང་འབྲེལ་བའི་ལས་དོན་ལ་ཤུགས་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱས་པས་དམངས་དོན་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་གནད་དོན་ཡོངས་རྫོགས་རྦད་དེ་ཐག་ཆོད་པས་མ་ཁྱབ་པར། གནད་དོན་མང་པོ་ཞིག་སྔར་བཞིན་ལག་ལེན་ལས་ཞིབ་དཔྱད་དང་འཚོལ་ཞིབ་བྱེད་དགོས་ཀྱི་ཡོད་ལ། ད་དུང་ཟམ་མི་ཆད་པར་ཆ་སྒྲིག་དང་། ཁ་གསབ། ཞིབ་ཚགས་བཅས་ཡོང་བར་བྱེད་དགོས་ཀྱི་ཡོད། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་བླང་བྱ་དང་བསྟུན་ནས་དམངས་དོན་ཁྲིམས་གཞུང་དང་དཀྱུས་གཅིག་ཏུ་འབྲེལ་བ་དང་། ཕན་ཚུན་ཆ་འགྲིག་ཡིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ལག་ལེན་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་བསྡོམས་བྱས་ཏེ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བཤད་དག་བཅོས་དང་འཐུས་ཚང་བཟོ་དགོས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་དང་རྩ་དོན་དང་གཅིག་མཐུན་མིན་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དག་དམ་འཛིན་བྱས་ནས་གཙང་སེལ་བྱེད་དགོས་པ་དང་། དག་བཅོས་བྱེད་དགོས་རིགས་དག་བཅོས་བྱེད་པ་དང་། རྩིས་མེད་དུ་གཏོང་དགོས་རིགས་རྩིས་མེད་དུ་གཏོང་དགོས། བཅའ་ཁྲིམས་འགྲེལ་བཤད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། དུས་ཐོག་ཏུ་བཅའ་ཁྲིམས་གཏན་འབེབས་ཀྱི་གོ་དོན་དང་བཅའ་ཁྲིམས་སྤྱད་འཐུས་ཀྱི་གཞི་འཛིན་ས་ཁ་གསལ་བཟོས་ནས་དམངས་དོན་ཁྲིམས་གཞུང་གི་གཏན་ཆགས་རང་བཞིན་དང་འཚམ་མཐུན་རང་བཞིན་ཕན་ཚུན་གཅིག་གྱུར་ཡོང་བར་བྱེད་དགོས། 

“ཁྲིམས་ནི་དུས་དང་བསྟུན་ན་གནམ་འོག་བདེ་བར་སྐྱོང་ནུས།”[1] དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་གོང་དུ་འཕེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ནང་གི་ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་དུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་འགའ་ཞིག་ལྷགས་ངེས་རེད། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལག་ལེན་ལས་གསལ་པོར་མངོན་པ་ནི། ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་དང་། མི་རྣམས་ཀྱི་ལས་ཀ་བྱེད་སྟངས་དང་། འབྲེལ་འདྲིས་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་གསར་པ་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པ་དེས་དམངས་དོན་ཁྲིམས་འཛུགས་ལ་ཞིབ་འཇུག་བྱ་གཞི་གསར་པ་བཏོན་ཡོད་པ་རེད། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ལག་རྩལ་གོང་འཕེལ་དང་ཡར་རྒྱས་ཀྱི་དགོས་མཁོ་གསར་པ་དང་བསྟུན་ནས་ལག་ལེན་གྱི་རྨང་གཞི་གསར་པའི་སྟེང་དུ་དམངས་དོན་ཁྲིམས་གཞུང་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

གསུམ་པ། དམངས་དོན་ཁྲིམས་གཞུང་གི་ཁྲིམས་བསྟར་དང་ཁྲིམས་འཛིན་བྱེད་སྒོར་ཤུགས་རྒྱག་དགོས། དྲང་གཞག་དང་ཚུལ་ལྡན་གྱི་ཁྲིམས་བསྟར་ཚད་ལྡན་ནན་པོ་བཟོ་རྒྱུ་དང་། ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་ཐོབ་ཤུགས་ཆེ་རུ་གཏོང་རྒྱུ་ནི་དམངས་དོན་ཁྲིམས་གཞུང་གི་དབང་གྲགས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་གོ་ཆོད་ཅིག་ཡིན། རིམ་པ་ཁག་གི་སྲིད་གཞུང་གིས་དམངས་དོན་ཁྲིམས་གཞུང་དོན་འབྲས་ལྡན་པར་ལག་ལེན་བསྟར་རྒྱུ་དེ་འཛིན་བྱེད་གལ་ཆེན་ཞིག་ཏུ་བརྩིས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། དམངས་དོན་ཁྲིམས་གཞུང་འདི་ཉིད་སྲིད་འཛིན་ཇུས་གཅོད་དང་། སྲིད་འཛིན་དོ་དམ། སྲིད་འཛིན་ལྟ་སྐུལ་བཅས་ཀྱི་ཚད་གཞི་གལ་ཆེན་ཞིག་ཏུ་འཛིན་དགོས་པ་ལས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་འགལ་ནས་གང་འདོད་ལྟར་སྤྱི་དམངས་དང་། ཁྲིམས་མི། དེ་བཞིན་རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གྱོང་གུན་བཟོ་བའམ་དེ་ཚོའི་འོས་འགན་འཕར་སྣོན་གཏོང་བའི་ཐག་གཅོད་བྱས་མི་ཆོག །སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་ཆད་གཅོད། སྲིད་འཛིན་བཙན་ཤེད། སྲིད་འཛིན་བསྡུ་སྤྱོད། སྲིད་འཛིན་དངུལ་སྡུད། སྲིད་འཛིན་ཞིབ་བཤེར། སྲིད་འཛིན་ཁྲུན་གཅོད་སོགས་ཀྱི་བྱེད་སྒོ་ཚད་ལྡན་བཟོ་བ་དང་། ཁྲིམས་ལྟར་སྲིད་འཛིན་གྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་མི་སྣར་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས། 

དམངས་དོན་གྱོད་དོན་ནི་མི་དམངས་མང་ཚོགས་ཀྱི་ཁེ་དབང་དང་ཐད་ཀར་འབྲེལ་བ་ཡོད་ཅིང་འབྲེལ་བ་དམ་ཤོས་ཀྱང་ཡིན། རིམ་པ་ཁག་གི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་དྲང་གཞག་བྱེད་པའི་ལྟ་བ་འཛིན་དགོས་པ་དང་། དམངས་དོན་གྱོད་དོན་འདྲི་གཅོད་བྱེད་པའི་ཆུ་ཚད་དང་ལས་ཕྱོད་མཐོ་རུ་གཏོང་དགོས། དམངས་དོན་ཁྲིམས་འཛིན་གྱི་ལས་དོན་ལ་ཤུགས་བརྒྱབ་སྟེ། གྱོད་དོན་སྒྲུབ་པའི་སྤུས་ཚད་དང་ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་ཐོབ་ཤུགས་ཆེ་རུ་གཏོང་དགོས། དུས་ཐོག་ཏུ་དམངས་དོན་ཁྲིམས་འཛིན་འགྲེལ་བཤད་འཐུས་ཚང་བཟོས་ཏེ། དམངས་དོན་ཁྲིམས་གཞུང་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དགོངས་དོན་དང་གཅིག་མཐུན་ཡོང་བར་བྱས་ནས་དམངས་དོན་བཅའ་ཁྲིམས་ཀྱི་སྤྱད་འཐུས་ཚད་གཞི་གཅིག་གྱུར་བྱེད་དགོས། རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོབ་དང་། མི་གཞིའི་ཁེ་དབང་སྲུང་སྐྱོབ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་དང་འབྲེལ་བའི་དམངས་དོན་འདྲི་གཅོད་ལས་དོན་དང་ལྟ་སྐུལ་མཛུབ་སྟོན་ལས་དོན་ལ་ཤུགས་བརྒྱབ་ནས་སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་དགོས། དམངས་དོན་ཞིབ་དཔྱོད་ལས་དོན་ལ་ཤུགས་རྒྱག་པ་དང་། ཁྲིམས་འཛིན་བྱེད་སྒོའི་ལྟ་སྐུལ་ལ་ཤུགས་རྒྱག་པ། ཁྲིམས་འཛིན་གྱི་རྒུད་སྐྱོབ་བྱེད་ལམ་བདེ་བླག་ཡོང་བ་བཅས་བྱས་ཏེ། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱས་ནས་ཉེས་དོན་གྱོད་གཞི་ལ་ཁ་གཡར་ནས་དམངས་དོན་རྩོད་གཞི་དང་དཔལ་འབྱོར་རྩོད་གཞིར་ཐེ་གཏོགས་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། 

དམངས་དོན་ཁྲིམས་གཞུང་ནི་ཆེད་ལས་ཀྱི་ཤས་ཅུང་ཟད་ཆེ་བས་ལག་ལེན་བྱེད་རིང་དུ་ཁྲིམས་རྩོད་པའི་ལས་གཉེར་ཁང་དང་ཁྲིམས་རྩོད་པ་སོགས་བཅའ་ཁྲིམས་ཀྱི་ཆེད་ལས་སྒྲིག་གཞི་དང་། ཆེད་ལས་མི་སྣའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་རོགས་རམ་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་དང་སྲུང་སྐྱོང་བྱེད་དགོས། དེ་དང་དུས་མཚུངས་སུ་མི་དམངས་འདུམ་ཐབས་དང་ཚོང་དོན་འདུམ་གཅོད་སོགས་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་སྣ་མང་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་དང་། ཁྲིམས་འཛིན་སྐྱོབ་གྲོགས་སོགས་ཀྱི་ལས་དོན་ལ་ཤུགས་རྒྱག་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་གཞི་རིམ་རྩ་འཛུགས་ལ་བརྟེན་ནས་དམངས་དོན་རྩོད་གཞི་ཏན་ཏན་ཏིག་ཏིག་གིས་ཐག་བཅད་དེ་ཕྱོགས་མང་པོའི་ཐད་ནས་དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་བའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། 

བཞི་པ། དམངས་དོན་ཁྲིམས་གཞུང་སྐོར་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ཤུགས་རྒྱག་དགོས། དམངས་དོན་ཁྲིམས་གཞུང་ལ་ཁྱོན་ལེ་ཚན་7དང་། དོན་ཚན་1260དང་། ཡིག་འབྲུ་(རྒྱ་ཡིག་)ཁྲི་10ལྷག་ཡོད་པས་རང་རྒྱལ་གྱི་བཅའ་ཁྲིམས་མ་ལག་ལས་དོན་ཚན་མང་ཤོས་དང་། གཞི་རྒྱ་ཆེ་ཤོས། ལེ་ཚན་དང་ལེའུ་ཡི་གྲུབ་ཚུལ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་བཅའ་ཁྲིམས་ཤིག་རེད། དམངས་དོན་ཁྲིམས་གཞུང་ལག་ལེན་ཡག་པོ་བསྟར་ཚེ་ངེས་པར་དུ་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་ཐག་ཉེ་སར་གཏུགས་པ་དང་། མང་ཚོགས་ཀྱི་སེམས་ནང་དུ་འཇགས་པར་བྱེད་དགོས། དམངས་དོན་ཁྲིམས་གཞུང་སྐོར་གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དེ་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་གཙོ་གནད་དུ་འཛིན་པ་དང་། མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་དམངས་དོན་ཁྲིམས་གཞུང་ནི་སོ་སོ་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཁྲིམས་གཞུང་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་ཞིག་ཡིན་པའི་ངོས་ཟིན་ཐོབ་པར་བྱས་ཏེ། རང་རྟོགས་ངང་ཁྲིམས་སྲུང་བའི་འདུ་ཤེས་ཆགས་པ་དང་། དོན་རྐྱེན་དང་ཕྲད་ཚེ་བཅའ་ཁྲིམས་འཚོལ་བའི་གོམས་གཤིས་ཆགས་པར་བྱེད་ཅིང་། གནད་དོན་ཐག་གཅོད་ཚེ་བཅའ་ཁྲིམས་ལ་བརྟེན་པའི་འདུ་ཤེས་དང་ནུས་པ་སྐྱེད་སྲིང་བྱེད་དགོས། དམངས་དོན་ཁྲིམས་གཞུང་ཉིད་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས་ན་ཆུང་ལོ་གཞོན་ཚོར་དམངས་དོན་ཁྲིམས་གཞུང་གི་སློབ་གསོ་གཏོང་བར་ཤུགས་རྒྱག་དགོས། 

དམངས་དོན་ཁྲིམས་གཞུང་དུ་ཆེད་ལས་ཀྱི་བརྡ་ཆད་ཧ་ཅང་མང་པོ་ཡོད་པས་འགྲེལ་བཤད་ལ་ཤུགས་རྒྱག་དགོས། དམངས་དོན་ཁྲིམས་གཞུང་གི་སྤྱིའི་ལེ་ཚན་དང་ནང་གསེས་ལེ་ཚན་ཁག་ལ་དམིགས་ནས་དོན་གྱི་སྙིང་པོ་དང་གནད་དོན་གཙོ་བོར་ངེས་ཤེས་འདྲོངས་ནས་དམངས་དོན་ཁྲིམས་གཞུང་གི་དམངས་དོན་བྱེད་སྒོའི་འདྲ་མཉམ་དང་། རང་མོས། དྲང་སྙོམས། ཁ་དན་ཚིག་གནས་སོགས་སྐོར་གྱི་གཞི་རྩའི་རྩ་དོན་ལ་གསལ་འགྲེལ་ཡག་པོ་བྱེད་དགོས་པ་དང་། དམངས་དོན་ཁྲིམས་གཞུང་གི་བྱེད་པོ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། རྒྱུ་ནོར་གྱི་བདག་དབང་སྲུང་སྐྱོང་། ཉོ་ཚོང་རྒྱུན་འཁོར་སྟབས་བདེ། མི་གཞིའི་ཐོབ་ཐང་སྲུང་སྐྱོང་། ཁྱིམ་ཚང་འཆམ་མཐུན་ཡོང་བར་སྐུལ་འདེད། དབང་གནོད་འགན་འཁྲི་བདའ་འདེད་སོགས་སྐོར་གྱི་གཞི་རྩའི་བླང་བྱར་གསལ་འགྲེལ་ཡག་པོ་བྱེད་དགོས་ཤིང་། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་གསར་པ་དང་ཐ་སྙད་གསར་པ། དགོངས་དོན་གསར་པ་བཅས་རབ་དང་རིམ་པར་གསལ་འགྲེལ་ཡག་པོ་བྱེད་དགོས། 

ལྔ་པ། རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་རྒྱག་དགོས། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། རང་རྒྱལ་གྱི་དམངས་དོན་གཞུང་ལུགས་ཞིབ་འཇུག་དང་སྐད་བརྡའི་མ་ལག་འཛུགས་སྐྲུན་ཐད་དུ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། འོན་ཀྱང་ཉིན་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་པའི་དམངས་དོན་ལག་ལེན་དང་བསྡུར་ཚེ་ད་དུང་ཡོངས་སུ་འཚམ་པོ་ཞིག་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་དོན་དངོས་གཞིར་བཟུང་ནས་དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བརྒྱབ་སྟེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་ལག་ལེན་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་ལྡན་པའི་དམངས་དོན་གཞུང་ལུགས་མ་ལག་དང་སྐད་བརྡའི་མ་ལག་གང་མགྱོགས་བཙུགས་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་དོན་ལྡན་བྱེད་པ་དང་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་གོང་དུ་སྤེལ་བར་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། 

ཏང་དང་རྒྱལ་ཁབ་ཀྱི་རིམ་པ་ཁག་གི་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་དམངས་དོན་ཁྲིམས་གཞུང་ལག་ལེན་བསྟར་རྒྱུའི་དྲིལ་བསྒྲགས་དང་། སྐུལ་འདེད། འགན་སྲུང་བཅས་བྱེད་པ་དང་། ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་བརྒྱབ་སྟེ། དམངས་དོན་ཁྲིམས་གཞུང་ཕྱོགས་ཡོངས་དང་དོན་འབྲས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་སྟོན་དགོས་པ་དང་། དམངས་དོན་ཁྲིམས་གཞུང་སྤྱད་དེ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། འགལ་བ་དང་རྩོད་གཞི་སྡུམ་སེལ། སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་བརླིང་སྐུལ་སྤེལ་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། 

མཆན་འགྲེལ། 

[1] 《ཧན་ཧྥེ་ཙི་•སེམས་རྒྱ་》ཞེས་པར་གསལ། 

 

༄༅། །ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས།

(2020ལོའི་ཟླ་11ཚེས་16ཉིན།) 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་གསལ་པོར་བཏོན་པ་དང་འབྲེལ་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་པའི་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་བཏང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཆེད་མངག་ཞིབ་འཇུག་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཆོད་དོན་བཞག་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ང་ཚོས་“ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་པ་”དེ་རྩ་ཁྲིམས་ཀྱི་ནང་དུ་བཀོད་དེ། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་ལེན། ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་ནས་ཁྲིམས་སྲུང་བཅས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་ཤུགས་སྔར་བས་སྟོབས་ཆེར་གྱུར་ཡོད། ང་ཚོས་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཚད་ལྡན་དང་། ཁྲིམས་སྐྱོང་ལག་བསྟར། ཁྲིམས་སྐྱོང་ལྟ་སྐུལ། ཁྲིམས་སྐྱོང་འགན་སྲུང་། ཏང་ནང་གི་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་བཀོད་པ་རགས་ཙམ་གྲུབ་ཡོད། ང་ཚོས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ལྟ་ཞིབ་ལས་ཁུངས་འཛུགས་པ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བར་ཤུགས་རྒྱག་པ། ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་ཟབ་སྤེལ་བྱེད་པ། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་ཁག་ཅིག་ཁྲིམས་ལྟར་ཡོ་བསྲང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུ་ཤུགས་རྒྱག་ས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་སྐྱོད་པ། ཁྲིམས་སྐྱོང་འགྲོ་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཁྲིམས་སྐྱོང་ཐོག་ནས་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། དེ་ཡང་གཤམ་གསལ་གྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས་ཏེ། 

དང་པོ། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་ཡིན། ང་ཚོའི་ཏང་ནི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེ་ཤོས་ཡིན་ཞིང་། འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ལ་འགོ་ཁྲིད་བྱེད་བཞིན་ཡོད་པས། ཇི་ལྟར་བྱས་ནས་དབང་ཆ་ཡག་པོ་འཛིན་པ་དང་སྲིད་དོན་ཡག་པོ་སྐྱོང་བ། ཇི་ལྟར་བྱས་ནས་མི་དམངས་དུང་ཕྱུར་14སྒྲིག་འཛུགས་དང་སྐུལ་སློང་སྔར་ལས་ལྷག་པར་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པ་དེ་ནི་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ལོ་རྒྱུས་ནི་སློབ་དེབ་ཡག་ཤོས་ཡིན་ལ་རིག་པ་དྭངས་བྱེད་ཡག་ཤོས་ཀྱང་ཡིན། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པར་ལེགས་འགྲུབ་བྱུང་བའི་ཉམས་མྱོང་ཡོད་ལ། ནོར་འཛོལ་གྱི་བསླབ་བྱ་ཡང་ཡོད། ལྷག་པར་དུ་ལོ་བཅུའི་ནང་ཟིང་གི་སྐབས་སུ་ཁྲིམས་ལུགས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཏང་དང་མི་དམངས་ཀྱིས་རིན་དོད་ཆེན་པོ་བཏང་ཡོད། “རིག་གནས་གསར་བརྗེ་ཆེན་པོ་”མཇུག་བསྒྲིལ་རྗེས། བློ་མཐུན་ཏེང་ཞའོ་ཕིན་གྱིས་གནད་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པའི་མཐོ་ཚད་དུ་བཟུང་ནས་“ངེས་པར་དུ་ཁྲིམས་ལུགས་སྤེལ་ཤུགས་ཆེ་རུ་གཏོང་དགོས། དམངས་གཙོ་དེ་ངེས་པར་དུ་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་འགྱུར་བར་བྱེད་དགོས་”[1]ཞེས་ནན་བཤད་གནང་བ་རེད། དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཐོག་ནས་ང་ཚོས་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་ཅི་ཙམ་རྙོག་འཛིང་ཆེ་བ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་ཅི་ཙམ་ཆེ་རུ་གྱུར་ན། དེ་ཙམ་གྱིས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྲིད་སྐྱོང་གི་གོ་གནས་སྲ་བརྟན་དང་། སྲིད་སྐྱོང་བྱེད་སྟངས་ལེགས་བཅོས། སྲིད་སྐྱོང་གི་ནུས་པ་ཆེར་བསྐྱེད་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་དགོས། 

ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་ཏང་གི་འགོ་ཁྲིད་ཉམས་རྒུད་དུ་གཏོང་བ་གཏན་ནས་མིན་པར། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པ་དེ་ཡིན་པར་ཏང་ཡོངས་ཀྱི་བློ་མཐུན་ཚང་མས་ངེས་པར་དུ་རིག་པ་གསལ་པོས་ངོས་འཛིན་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་ནུས་ལྡན་བྱེད་པར་འགན་སྲུང་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་མ་ཟད། ཏང་ནང་གི་ཁྲིམས་སྲོལ་ལྟར་ཏང་ལ་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་འགན་ལེན་ཏན་ཏིག་བྱེད་དགོས། 

2015ལོར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ལས་དོན་སྙན་ཞུར་ཉན་སྐབས་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་སོགས་ཀྱི་སྐབས་སུ་ངས་“ཏང་གི་དབང་ཤུགས་ཆེའམ་ཁྲིམས་ཀྱི་དབང་ཤུགས་ཆེ་”ཞེས་པ་ནི་ཆབ་སྲིད་ཀྱི་རྒྱ་རྙི་ཞིག་དང་། བརྗོད་གཞི་སྐྱོན་ཅན་ཞིག་རེད། གནད་དོན་འདིར་ང་ཚོས་ལན་གསལ་པོ་འདེབས་དགོས་པ་ལས་ཚིག་རྩ་མི་གསལ་ཞིང་སྐད་ཆ་ཁྱ་རེ་ཁྱོ་རེ་བཤད་མི་རུང་ཞེས་གསལ་པོར་བསྟན་པ་ཡིན། ཏང་གི་འགོ་ཁྲིད་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཉིས་ནི་འགལ་ཟླ་མིན་པར་གཅིག་གྱུར་ཡིན། རང་རྒྱལ་གྱི་བཅའ་ཁྲིམས་ལས་ཏང་དང་མི་དམངས་ཀྱི་འདོད་བློ་སྒོ་ཀུན་ནས་མཚོན་པ་དང་། ང་ཚོའི་ཏང་གིས་ཁྲིམས་ལྟར་ལས་དོན་སྒྲུབ་པ་ཡིན་པས། འབྲེལ་བ་འདི་ནི་ཕན་ཚུན་གཅིག་གྱུར་གྱི་འབྲེལ་བ་ཡིན། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཡིད་ལ་བརྟན་པོར་བཅང་དགོས་པ་ནི་ཏང་གི་འགོ་ཁྲིད་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གི་བླ་སྲོག་ཡིན་ཞིང་། རང་རྒྱལ་གྱི་ཁྲིམས་སྐྱོང་དེ་ནུབ་ཕྱོགས་མ་རྩའི་རིང་ལུགས་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དང་མི་འདྲ་བའི་ཁྱད་པར་ཆེ་ཤོས་ཤིག་ཡིན། ཏང་གི་འགོ་ཁྲིད་དང་ཁ་བྲལ་ན་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་ནུས་ལྡན་གཏོང་མི་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་ཀྱང་འཛུགས་སྐྲུན་བྱེད་མི་ཐུབ་པ་ཡིན། 

ང་ཚོས་“ཏང་གི་དབང་ཤུགས་ཆེའམ་ཁྲིམས་ཀྱི་དབང་ཤུགས་ཆེ་”ཞེས་པའི་གནད་དོན་དེ་འདྲ་ཡོད་པ་མ་རེད་ཅེས་བཤད་པ་ནི་ཏང་འདི་ཉིད་སྲིད་སྐྱོང་གི་ཆ་ཅན་ཞིག་ཏུ་བརྩིས་ནས་ཏང་གི་སྲིད་སྐྱོང་གི་གོ་གནས་དང་འགོ་ཁྲིད་ཀྱི་གོ་གནས་ཐད་ནས་བཤད་པ་ཡིན། ཏང་སྲིད་རྩ་འཛུགས་རེ་རེ་དང་འགོ་ཁྲིད་ལས་བྱེད་པ་རེ་རེར་བྱེ་བྲག་ཏུ་ཕྱེ་ནས་བཤད་ན་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་བཀུར་དང་བརྩི་སྲུང་བྱེད་དགོས་པ་སྨོས་ཅི་དགོས། དོན་དག་ཁ་ཤས་ཏང་ཨུར་ཕུལ་ནས་སྟངས་འཛིན་བྱེད་དགོས་མོད། འོན་ཀྱང་སྟངས་འཛིན་དེ་རིགས་ནི་སྒེར་གྱི་འབྲེལ་བར་བརྟེན་ནས་ཐེ་གཏོགས་བྱེད་པ་མིན་ལ་འགེབས་སྲུང་རང་བཞིན་གྱི་ཐེ་གཏོགས་བྱེད་པའང་མིན་པར། ཆབ་སྲིད་རང་བཞིན་དང་། ལས་རིམ་རང་བཞིན། འགན་འཁྲི་རང་བཞིན་བཅས་ཀྱི་སྒོ་ནས་སྟངས་འཛིན་བྱེད་པ་ཞིག་ཡིན་པས། དབྱེ་མཚམས་འདི་ངེས་པར་དུ་གསལ་པོར་འབྱེད་དགོས། 

གཉིས་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཆེས་ཁྱབ་རྒྱ་ཆེ་བ་དང་ཆེས་གཏིང་ཟབ་པའི་རྨང་གཞི་ནི་མི་དམངས་ཡིན་པས། ངེས་པར་དུ་མི་དམངས་ཀྱི་དོན་དུ་ཡིན་པ་དང་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་རེ་འདུན་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཡོངས་སུ་དོན་འཁྱོལ་བྱེད་དགོས་ཤིང་། ཏང་གི་འགོ་ཁྲིད་འོག་མི་དམངས་ཀྱིས་ཐབས་ལམ་དང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ལས་དོན་དང་། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག །སྤྱི་ཚོགས་ཀྱི་ལས་དོན་བཅས་དོ་དམ་བྱེད་པ་འགན་ལེན་དང་། མི་དམངས་ཀྱིས་ཁྲིམས་ལྟར་ཁྱབ་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་པ་དང་རང་འཁྲིའི་ལས་འགན་འཁུར་བ་འགན་ལེན་བྱེད་དགོས། 

ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་མི་དམངས་ཀྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་དེ་ཡིན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ་དང་བསྟུན་ནས་དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ལ་མི་དམངས་མང་ཚོགས་ཀྱི་བླང་བྱ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ཡ་ལན་སློག་གང་ཐུབ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། རྩོད་སྒྲུབ་ཀྱི་བསམ་གཞིགས་དང་སྤྱི་ཡོངས་ཀྱི་འདུ་ཤེས་འཛིན་པ། ཁྲིམས་སྐྱོང་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་མངོན་གསལ་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་འཆར་འགོད་དང་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་འགན་སྲུང་བྱེད་དགོས། 

གསུམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་རྒྱུན་འཁྱོངས་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ནི་ངོ་བོའི་ཐོག་ནས་བཤད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་མཚོན་ཚུལ་བྱེ་བྲག་པ་ཞིག་ཡིན་ཞིང་། ང་ཚོས་འཕེལ་རྒྱས་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ནི་ངོ་བོའི་ཐོག་ནས་བཤད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་ཁྲིམས་སྐྱོང་གནད་དོན་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡིན། ང་ཚོས་འཛུགས་སྐྲུན་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ངོ་བོའི་ཐོག་ནས་བཤད་ན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་བཅའ་ཁྲིམས་ཐོག་གི་མཚོན་ཚུལ་ཞིག་ཡིན་ཞེས་ངས་བཤད་མྱོང་ཡོད། ང་ཚོས་ད་ལྟའི་ཆ་ལ་གཞི་བཙུགས་ནས་ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྲད་པའི་གཏིང་རིམ་ཟབ་མོའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྒྱང་རིང་ལ་དམིགས་ཏེ་ཁྲིམས་སྐྱོང་གི་རྨང་གཞི་འཛུགས་པ་དང་། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤྱོད་པ། ཁྲིམས་སྐྱོང་གི་སྟོབས་ཤུགས་སྤེལ་བ་བཅས་བྱས་ནས་ཕྱོགས་སོ་སོའི་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་སྔར་བས་ངེས་གཏན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་གཏོང་བར་ཡུན་རིང་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་བྱེད་དགོས། 

གནའ་ནས་བཟུང་། རང་རྒྱལ་དུ་འཛམ་གླིང་གི་ཁྲིམས་ལུགས་ལོ་རྒྱུས་ཐོག་ཐུན་མོང་མ་ཡིན་པའི་ཀྲུང་ཧྭའི་ཁྲིམས་རྒྱུད་གྲུབ་ཡོད་པ་དང་། བཅའ་ཁྲིམས་ཀྱི་རིག་གནས་གཏིང་ཟབ་མོ་ཆགས་ཡོད། ཀྲུང་ཧྭའི་ཁྲིམས་རྒྱུད་ནི་ཆིན་རྒྱལ་རབས་སུ་བྱུང་བ་དང་། སུའེ་དང་ཐང་རྒྱལ་རབས་དུས་སུ་རིམ་བཞིན་འཐུས་ཚང་བྱུང་། 《ཐང་རྒྱལ་རབས་ཀྱི་ཁྲིམས་གཞུང་རྩ་འགྲེལ་》ནི་དཔེ་མཚོན་རང་བཞིན་ལྡན་པའི་ཁྲིམས་གཞུང་ཞིག་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཀྲུང་ཧྭའི་ཁྲིམས་རྒྱུད་ཀྱི་སྟོབས་ཤུགས་ཉིན་བཞིན་ཉམས་རྒུད་དུ་སོང་བ་རེད། སྐམ་ས་ཆེན་མོའི་ཁྲིམས་རྒྱུད་དང་། དབྱིན་ཇི་དང་ཨ་རིའི་ཁྲིམས་རྒྱུད། དབྱི་སི་ལན་གྱི་ཁྲིམས་རྒྱུད་སོགས་དང་མི་འདྲ་བར་ཀྲུང་ཧྭའི་ཁྲིམས་རྒྱུད་ནི་རང་རྒྱལ་གྱི་དམིགས་བསལ་གྱི་ལོ་རྒྱུས་ཆ་རྐྱེན་འོག་ཏུ་གྲུབ་པ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་གསར་གཏོད་ནུས་ཤུགས་རླབས་པོ་ཆེ་དང་ཀྲུང་ཧྭའི་ཁྲིམས་ལུགས་ཤེས་དཔལ་གྱི་ནང་དོན་ཟབ་མོ་མཚོན་ཡོད། ཀྲུང་ཧྭའི་ཁྲིམས་རྒྱུད་ནང་དུ་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དང་བློ་གྲོས་འདུས་པ་དང་། ཕུལ་བྱུང་གི་བསམ་བློ་དང་འདུ་ཤེས་མང་པོ་ང་ཚོས་རྒྱུན་འཛིན་བྱེད་འོས་པ་སྟེ། ལུགས་འགལ་ཁྲིམས་གཅོད་དང་ལུགས་གཙོ་ཁྲིམས་བཙན་གྱི་རྒྱལ་སྐྱོང་ཐབས་ཇུས་དང་། དམངས་ནི་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་པ་དང་། དམངས་བདེ་ན་རྒྱལ་ཁབ་བརྟན་པའི་དམངས་རྩ་བར་འཛིན་པའི་འདུ་ཤེས། རྩོད་གཞི་ཞུ་གཏུག་མེད་ཅིང་འཆམ་མཐུན་ཀུན་ལས་རྩ་ཆེ་བའི་རིན་ཐང་གི་ཚད་གཞི། ཀུན་སྤྱོད་གཙོ་བོ་དང་ཉེས་ཆད་ཕལ་བ་དང་། སྤྱོད་བཟང་གསལ་འདོན་དང་ཁྲིམས་གཅོད་གཟབ་ནན་སོགས་ཉེས་ཆད་གཅོད་པར་གཟབ་ནན་བྱེད་པའི་བསམ་བློ། ཁྲིམས་རོགས་ཉེས་གཅོད་དང་ཉེས་པ་ལྟར་ཁྲིམས་ཆད་གཅོད་པའི་འདྲ་མཉམ་གྱི་འདུ་ཤེས། མི་ཧྲེང་དྭ་ཕྲུག་དང་རྒན་བྱིས་བུད་མེད་སྐྱོན་ཅན་ལ་ཁྲིམས་ཆད་ཡང་མོ་གཅོད་པའི་འཇམ་ཁྲིམས་ཀྱི་རྩ་དོན་སོགས་ཚང་མས་ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ཀྱི་བློ་གྲོས་གསལ་པོར་མངོན་ཡོད། ཉེ་རབས་ཀྱི་རྗེས་སུ་མི་མང་པོས་ཀྲུང་གོར་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་བྱེད་ལུགས་འདྲ་སྤོ་བྱེད་རྩིས་བྱས་མོད། འོན་ཀྱང་མཐར་ཐུག་ཚང་མ་ཕམ་པ་རེད། ལོ་རྒྱུས་དང་དོན་དངོས་ཐོག་ནས་ང་ཚོར་ར་འཕྲོད་བྱུང་དོན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་རྒྱུན་འཛིན་དང་། རང་རྒྱལ་གྱི་གསར་བརྗེ་དང་འཛུགས་སྐྲུན་དང་བསྒྱུར་བཅོས་གསུམ་གྱི་ལག་ལེན་ལས་རང་ཉིད་དང་འཚམ་པའི་ཁྲིམས་སྐྱོང་འགྲོ་ལམ་འཚོལ་ཞིབ་བྱེད་པ་དང་། དེ་དང་མཉམ་དུ་ཕྱི་རྒྱལ་ཁྲིམས་སྐྱོང་གི་གྲུབ་འབྲས་བཟང་པོ་དཔེ་ལྟ་བྱས་ན་ད་གཟོད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་འདིང་ཐུབ་པ་རེད། 

གནས་ཚུལ་ཞིག་གསལ་བཤད་བྱེད་དགོས་པ་ནི་ང་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བར་རྒྱལ་ཁབ་གཞན་གྱི་བྱེད་ལུགས་བྱེད་སྟངས་འདྲ་སྤོ་གཏན་ནས་མི་བྱེད་པ་དང་། ནུབ་ཕྱོགས་ཀྱི་“ཁྲིམས་སྲིད་”ཟེར་བ་དང་། “དབང་གསུམ་མཉམ་གནས་”དང་། “ཁྲིམས་འཛིན་རང་ཚུགས་”ཞེས་པའི་ལམ་བུར་གཏན་ནས་འགྲོ་མི་རུང་། རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་ཁྲིམས་སྐྱོང་མ་ལག་ནི་རང་རྒྱལ་གྱི་གནས་ཚུལ་དང་དོན་དངོས་ལ་མཐུན་པའི་ལམ་ལུགས་ཤིག་ཡིན་པ་དང་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད། གནད་དོན་དེའི་ཐད་དུ་ང་ཚོར་རང་རྟོན་དང་། བློ་གདེང་། ངེས་ཤུགས་བཅས་ཡོད་དགོས། དོན་དངོས་ཐོག་ནས་ང་ཚོའི་མི་དམངས་མང་ཚོགས་ལ་སློབ་གསོ་ཐེབས་ཡོད་པས་མི་དམངས་མང་ཚོགས་ཀྱིས་རང་རྟོན་བྱེད་ཚད་ཇེ་ཆེར་འཕེལ་ཡོད། 

གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ་ང་ཚོས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པར་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ཡོད། ཟླ་2ཚེས་5ཉིན། ངས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་བྱེད་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ཆེད་དུ་བཀོད་སྒྲིག་བྱས་པ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ཅི་ཙམ་གྱིས་དཀའ་ངལ་ཆེ་བར་གྱུར་ན། དེ་ཙམ་གྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྔོན་འགོག་ཚོད་འཛིན་ལས་དོན་ཁག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས་ཞེས་ངས་ཆེད་མངག་ནན་བཤད་བྱས་པ་ཡིན། ས་གནས་ཁག་དང་སྡེ་ཁག་ཁག་གིས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ། ཁྲིམས་བཀོད་དབང་མཚམས་དང་ལས་རིམ་ནན་པོ་གཞིར་བཟུང་ནས་ས་ཁོངས་བཀག་སྡོམ་དང་། ནད་པ་ཟུར་བཀར། འགྲིམ་འགྲུལ་དོ་དམ། བེམ་པོ་ཞུགས་འབུལ་སོགས་ཀྱི་བྱེད་ཐབས་སྤྱོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། རིམས་ནད་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་ཁྲིམས་ལྟར་སེལ་བ་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་འཐོབ་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། 

བཞི་པ། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དོན་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ཡིན་ཞིང་བཅའ་ཁྲིམས་ཀྱི་ནུས་པ་ཆེ་ཤོས་ལྡན་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་། མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་དགོས་ཤིང་། ཏང་རང་ངོས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་པོའི་སྟོབས་ཤུགས་མཐའ་དག །སྲིད་ཏང་ཁག་དང་སྤྱི་ཚོགས་ཀྱི་ཚོགས་པ་ཁག །ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་དེ་བྱེད་སྒོ་སྤེལ་བའི་རྩ་བའི་ཚད་གཞིར་འཛིན་པ་དང་། ཚང་མས་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་དང་རྩ་ཁྲིམས་ལག་བསྟར་འགན་ལེན་བྱེད་པའི་འགན་འཁྲི་འཁུར་དགོས། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ཚང་མར་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག་ཅིང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་བདའ་འདེད་བྱེད་དགོས། 

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག །ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་དོན་སྐྱོང་བ་རྒྱུན་འཁྱོངས་བྱེད་པར་ཐོག་མར་རྩ་ཁྲིམས་ལྟར་སྲིད་དོན་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། ང་ཚོས་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དོན་སྐྱོང་བ་ཞེས་བཤད་པ་དེ་ནུབ་ཕྱོགས་ཀྱི་“ཁྲིམས་སྲིད་”ཟེར་བ་དང་ངོ་བོའི་ཐོག་ཏུ་ཁྱད་པར་ཡོད་པས་དེ་གཉིས་ཉ་ཉུང་མཉམ་བསྲེས་བྱེད་མི་རུང་། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྩ་ཁྲིམས་ལྟར་སྲིད་དོན་སྐྱོང་བ་རྒྱུན་འཁྱོངས་བྱ་རྒྱུའི་ངོས་ནས་བཤད་ན། རྩ་ཁྲིམས་ནང་གཏན་ལ་ཕབ་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་དང་། རྩ་ཁྲིམས་ནང་གཏན་ལ་ཕབ་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་ཀྱི་སྒྲིག་སྲོལ་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་ལུགས་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་གཏོང་བ་བཅས་ཚུད་ཡོད། 

རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ནན་པོ་ཞིག་ཡིན། རང་རྒྱལ་ནི་ལམ་ལུགས་གཅིག་རྐྱང་ཅན་གྱི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། 2015ལོར་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཆུས་བཙུགས་པའི་གྲོང་ཁྱེར་ལ་ས་གནས་ཁྲིམས་འཛུགས་དབང་ཆ་སྤྲད་པས། ས་གནས་ཁྲིམས་འཛུགས་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་སྐྱེད་བྱུང་ཞིང་། སྤྱིའི་གནས་ཚུལ་ཡག་པོ་ཡིན་མོད། འོན་ཀྱང་ས་གནས་ཁ་ཤས་སུ་བཅའ་ཁྲིམས་གོང་མའི་གཏན་འབེབས་དང་འགལ་བ་དང་། ཁྲིམས་འཛུགས་དུས་“ལང་ལ་ཤོར་པ་”སོགས་ཀྱི་གནད་དོན་ཡང་ཡོད་པས། ཤུགས་རྐྱེན་ངན་པ་བཟོས་ཡོད། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་རྒྱག་པ་དང་། རྩ་ཁྲིམས་དང་མཐུན་མིན་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་ཁྲིམས་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་མཐའ་དག་ངེས་པར་དུ་ཡོ་བསྲང་དང་ཕྱིར་འཐེན་མཐའ་གཅིག་ཏུ་བྱེད་དགོས། དེ་དང་དུས་མཚུངས་སུ་ས་གནས་ཁྲིམས་འཛུགས་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་དགོས་ཤིང་། དོན་ཚན་ཅི་ཙམ་མཁོ་ན་དེ་ཙམ་གཏན་འཁེལ་བྱེད་པ་དང་། དོན་ཚན་གསུམ་བཞི་ཙམ་གྱིས་གནད་དོན་ཐག་གཅོད་ཐུབ་ན་“ཡིག་ཚོགས་ཆེན་པོ་”མ་སྤུངས་པས་འཐུས་ལ། གཙོ་བོར་ཏང་ཀྲུང་དབྱང་གི་དགོངས་དོན་ལ་གོ་བ་ཟབ་ལེན་དང་། ས་གནས་ཀྱི་དོན་དངོས་དང་བསྟུན་ནས་མངོན་གསལ་གྱི་གནད་དོན་ཐག་གཅོད་བྱེད་དགོས། 

ལྔ་པ། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བསྐྱངས་ན་གཞི་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མ་ལག་རང་བཞིན་དང་། ཚད་ལྡན་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་འགན་སྲུང་ནུས་ལྡན་བྱེད་ཐུབ་པ་དང་། གཞི་ནས་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་ཤོས་ཡོང་ཐུབ། 

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70ལྷག་སོང་བའི་རིང་། རང་རྒྱལ་གྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡིན་པའི་“ངོ་མཚར་བྱས་རྗེས་གཉིས་”བཏོད་པ་དེ་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་འབྲེལ་བ་དམ་པོ་ཡོད། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་དུས། ང་ཚོས་ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་བར་ཁྲིམས་ལྟར་སྲུང་སྐྱོང་བྱས་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བཏང་ལ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཅིང་། རང་རྒྱལ་ནི་ད་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་དངོས་མ་སླར་གསོ་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་གཅིག་པུར་འགྱུར་རྒྱུ་རེད། འཐབ་རྩོད་རླབས་པོ་ཆེ་དང་། ལས་གཞི་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་ལག་ལེན་ནང་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་གསར་པའི་ཐོག་ཏུ། ང་ཚོས་སྔར་ལས་ལྷག་པར་ཁྲིམས་སྐྱོང་ལ་མཐོང་ཆེན་དང་ཁྲིམས་སྐྱོང་ལག་ལེན་ནན་ཏན་བྱས་ཏེ། ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ཁྲིམས་ལྟར་འགྲན་སློང་དྲག་པོར་ཁ་གཏད་འཇལ་བ་དང་། ཉེན་ཁ་ཚབས་ཆེན་འགོག་པ། འགོག་རྐྱེན་ཆེན་པོ་ཁྱད་གསོད། འགལ་བ་ཆེན་པོ་ཐག་གཅོད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། 

དྲུག་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་འཛིན་བྱེད་ཡིན། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་ཚད་གཞིའི་མ་ལག་དང་། ལས་ཕྱོད་ཆེ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག །དམ་ནན་གྱི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག །ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་གང་མགྱོགས་ཀྱིས་ཆགས་པར་བྱེད་པ་དང་། ཏང་ནང་གི་ཁྲིམས་སྲོལ་མ་ལག་འཐུས་ཚང་ཆགས་པར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་དང་སྤྱོད་སྐྱོང་གཉིས་གཅིག་ཕན་གཅིག་གྲོགས་དང་ཆར་པ་ཆུ་གྲོགས་ཡོང་བ་བྱེད་དགོས། 

“རྒྱལ་ཁབ་ཁྲིམས་ཀྱིས་མ་བསྐྱངས་ན་འཁྲུག་པར་འགྱུར། ཁྲིམས་མཁྲེགས་བསྲུང་བྱས་ཏེ་མ་བསྒྱུར་ན་རྒུད་པར་འགྱུར།”[2] ཞེས་གྲགས་པ་ལྟར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་གང་མགྱོགས་ཀྱིས་འཐུས་ཚང་དུ་བཏང་ནས་དེ་ཉིད་སྔར་བས་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བ་དང་གཅིག་གྱུར་དབང་གྲགས་ལྡན་པར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དག་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ངོ་གྲངས་48གཏན་འབེབས་བྱས། བཅའ་ཁྲིམས་བཟོ་བཅོས་ཐེངས་གྲངས་203བརྒྱབ། བཅའ་ཁྲིམས་འགྲེལ་བཤད་ངོ་གྲངས་9བྱས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་སྐོར་གྱི་ཆོད་དོན་ཐེངས་79ལ་གྲོས་འཆམ་བྱུང་ཡོད། ད་ལྟའི་བར། ད་ལྟ་སྤྱོད་བཞིན་པའི་རྩིས་འགྲོ་ཡོད་པའི་བཅའ་ཁྲིམས་ངོ་གྲངས་282དང་། སྲིད་འཛིན་ཁྲིམས་སྲོལ་ངོ་གྲངས་608དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ངོ་གྲངས་12000ལྷག་ཡོད། དམངས་དོན་ཁྲིམས་གཞུང་གིས་ཁྱབ་ཁོངས་གཞན་དག་གི་ཁྲིམས་འཛུགས་ཁྲིམས་གཞུང་ཅན་དུ་འགྱུར་བར་མིག་དཔེ་ཡག་པོ་ཞིག་བསྟན་ཡོད། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་ཆ་རྐྱེན་འཛོམས་པའི་ཁྲིམས་འཛུགས་ཁྱབ་ཁོངས་སུ་ཁྲིམས་གཞུང་རྩོམ་སྒྲིག་ལས་ཀར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཞིབ་འཇུག་བྱས་ཏེ། “གཟུགས་བོངས་ཆེན་པོ་”ཁ་ཤས་སྤེལ་ཆོག་ལ།“ཆུང་མྱུར་སྟབས་བདེ་”ཁ་ཤས་ཀྱང་སྤེལ་ཆོག་པ་དང་། ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་། སྤྱད་འཐུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་གཏོང་དགོས། 

རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། ཉེན་ཁ་འགོག་ཟོན། ཕྱིར་འབྲེལ་ཁྲིམས་སྐྱོང་སོགས་ཁྱབ་ཁོངས་གལ་ཆེན་ཁག་གི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་ལ་འཕྲལ་དུ་མཁོ་བའི་བཅའ་ཁྲིམས་ལམ་ལུགས་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་ཉེ་བར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྟོང་ཆ་ཁ་སྐོང་དང་ཞན་ཆ་ཁ་གསབ་བྱེད་དགོས། གྲངས་ཀའི་དཔལ་འབྱོར་དང་། དྲ་རྒྱའི་དངུལ་རྩ། མིས་བཟོས་རིག་ནུས། གཞི་གྲངས་ཆེན་པོ། སྤྲིན་རྩིས་སོགས་ལག་རྩལ་གསར་པ་དང་ཉེར་སྤྱོད་གསར་པ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་རྐྱེན་གྱིས་ལས་རྣམ་གསར་པ་དང་དཔེ་སྲོལ་གསར་པ་རབ་དང་རིམ་པ་བསྐྱེད་ཡོད་མོད། འོན་ཀྱང་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ཐད་ད་དུང་དུས་ཚོད་ཀྱི་སྔ་གཞུག་དང་སྟོང་ཆ་གནས་ཡོད། དྲ་རྒྱའི་ཉེས་གསོག་ནི་རང་རྒྱལ་གྱི་ཆབ་སྲིད་ཀྱི་བདེ་འཇགས་དང་། དྲ་རྒྱའི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། དཔལ་འབྱོར་གྱི་བདེ་འཇགས་སོགས་ལ་གནོད་འཚེ་གཏོང་བའི་ཉེན་ཁ་གནད་ཆེན་གྲས་ཤིག་ཆགས་ཡོད། 

བདུན་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དོན་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་བྱེད་པ་བཅས་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་མ་ལག་ལྡན་པའི་ལས་གྲྭ་ཞིག་ཡིན་པས། སྤྱིའི་ཆ་ནས་ཇུས་འགོད་བྱེད་དགོས་པ་དང་། མ་ལག་རང་བཞིན་དང་། སྤྱི་ཆའི་རང་བཞིན། རོགས་འདེགས་རང་བཞིན་བཅས་ལ་མཐོང་ཆེན་སྔར་ལས་ལྷག་པར་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དོན་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་བྱེད་པ་བཅས་ནི་དཀྱུས་གཅིག་ཏུ་འབྲེལ་བའི་ཆ་ཅན་ཞིག་ཡིན། དེའི་གནད་འགག་ནི་ཏང་གིས་ཁྲིམས་ལྟར་སྲིད་དོན་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། སྲིད་གཞུང་རིམ་པ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཅིག་རམ་གཅིག་འདེགས་ཅན་ཡིན། ཁྲིམས་སྐྱོང་རྒྱལ་ཁབ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཡིན་པ་དང་། ཁྲིམས་སྐྱོང་སྲིད་གཞུང་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཡིན་ཞིང་། ཁྲིམས་སྐྱོང་སྤྱི་ཚོགས་ནི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན། 

ངས་ཐེངས་མང་པོར་འདི་ལྟར་ནན་བཤད་བྱས་པ་སྟེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་ཚེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱ་རྒྱུ་ནི་ལས་འགན་གཙོ་བོ་དང་ལས་གཞི་གཙོ་བོ་ཡིན་ཞིང་། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པས་སྔོན་ལ་འགག་གནད་སྒྲོལ་དགོས། ད་ལྟ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཐད་ད་དུང་ཧ་ཅང་དཀའ་ངལ་ཆེ་བའི་གནད་དོན་རེ་འགའ་ཡོད་དེ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་འདུ་ཤེས་བརྟན་པོ་མེད་པ་དང་། སྲིད་འཛིན་གྱི་ཇུས་གཅོད་ཁྲིམས་མཐུན་ཡིན་མིན་ཞིབ་བཤེར་བྱེད་པར་ཁྲལ་མངོན་སླ་བཅོས་བྱེད་པ་སོགས་ཀྱི་གནད་དོན་ད་དུང་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་མེད། ཁྲིམས་སྐྱོང་ལ་བརྟེན་ནས་སྲིད་འཛིན་གྱི་དབང་ཆར་ངེས་སྲོལ་བཟོ་བ་དང་། དབྱེ་མཚམས་འབྱེད་པ། སྲིད་འཛིན་གྱི་ཇུས་གཅོད་ལས་རིམ་ཚད་ལྡན་དུ་གཏོང་བ། སྲིད་གཞུང་གིས་ཁ་དན་ཚིག་གནས་དང་ཁས་ལེན་ལས་སྒྲུབ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་ལྟར་སྲིད་འཛིན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ཁྱད་ཆོས་ལ་གཞིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པར་དམིགས་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གང་མགྱོགས་སྐྲུན་པ། ལས་རིགས་སྒེར་སྡེམ་དང་ས་གནས་སྲུང་སྐྱོང་མེད་པར་བཟོས་ནས་དཔལ་འབྱོར་འཁོར་རྒྱུག་གི་འགག་གནད་བསལ་ཞིང་རྒྱལ་ཡོངས་གཅིག་གྱུར་དང་། དྲང་སྙོམས་འགྲན་རྩོད། ཚད་ལྡན་དང་སྒྲིག་ལམ་ལྡན་པའི་ཚོང་རའི་མ་ལག་ཆགས་པར་སྐུལ་འདེད་གཏོང་དགོས། 

སྲིད་འཛིན་ཁྲིམས་བསྟར་ལས་དོན་ནི་རྣམ་གྲངས་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། ཕྱོགས་གཅིག་ནས་སྲིད་གཞུང་དང་འབྲེལ་ལ་ཕྱོགས་གཞན་ཞིག་ནས་མང་ཚོགས་དང་འབྲེལ་བས། མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་རྟོན་དང་ཁྲིམས་སྐྱོང་ལ་ཡིད་ཆེས་བྱེད་པ་དང་ཐད་ཀར་འབྲེལ་བ་ཡོད། ཁྲིམས་བསྟར་ནན་པོ་དང་ཚད་ལྡན། དྲང་གཞག །ཚུལ་ལྡན་བཅས་ཡོང་བར་སྐུལ་འདེད་བཏང་སྟེ་ཁྲིམས་འཛིན་གྱི་སྤྱི་པའི་ཡིད་རྟོན་མཐོ་རུ་གཏོང་དགོས། ཉེ་བའི་ལོ་ཤས་རིང་། ང་ཚོས་ཁྲིམས་བསྟར་ཚད་ལྡན་མིན་པ་དང་བྱ་སྤྱོད་གང་བྱུང་དུ་སྤེལ་བ་སོགས་ཀྱི་གནད་དོན་ལེགས་བཅོས་བྱེད་པར་ཕན་འབྲས་ཆེན་པོ་ཐོབ་ཡོད། དེ་དང་དུས་མཚུངས་སུ་ས་གནས་ལ་ལར་ལས་འགུལ་རྣམ་པ་དང་“གཅིག་དཔེ་བརྒྱ་འགེབས་”ཀྱི་ཁྲིམས་བསྟར་གནད་དོན་སྔར་བཞིན་ཐོན་པ་དང་། ཁྲིམས་བསྟར་ཐད་ལས་དོན་མི་སྒྲུབ་པའི་གནད་དོན་མངོན་གསལ་དོད་པོ་ཡོད། ཁྲིམས་བསྟར་ནན་པོ་བྱས་ནས་ཁྲིམས་དང་འགལ་མཁན་ལ་བཅའ་ཁྲིམས་ལ་གུས་ཞུམ་བྱེད་དུ་འཇུག་དགོས་ཞེས་ནན་བཤད་བྱས་པ་དེ་ནི་གཏུམ་སྤྱོད་ཀྱིས་ཁྲིམས་བསྟར་དང་ཁྲིམས་བསྟར་ཐལ་དྲགས་པར་བྱེད་པ་གཏན་ནས་མིན་པར་ཁྲིམས་བསྟར་ལ་ནུས་ཤུགས་ལྡན་ཞིང་དྲོད་ཁོལ་ཀྱང་ལྡན་པར་བྱེད་དགོས་པ་དེ་ཡིན། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་རིམ་པ་བཞི་པོ་ཡོངས་ལ་ཁྱབ་པའི་སྲིད་འཛིན་ཁྲིམས་བསྟར་མཐུན་སྦྱོར་ལྟ་སྐུལ་ལས་དོན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་བསྟར་སྤུས་ཚད་མཐོ་རུ་གཏོང་དགོས། 

དམངས་ཡོངས་ཀྱིས་བཅའ་ཁྲིམས་བརྩི་སྲུང་བྱ་རྒྱུ་ནི་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞིའི་ལས་གྲྭ་ཡིན། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་དེ་དུས་རབས་ཀྱི་རྗེས་སུ་འབྲངས་ནས་དམིགས་གཏད་རང་བཞིན་དང་དོན་འབྲས་རང་བཞིན་ཐད་ལ་ཤུགས་རྒྱག་དགོས། “སུས་ཁྲིམས་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བ་”ཞེས་པའི་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ལྷག་པར་དུ་ན་གཞོན་ལོ་ཆུང་ལ་ཁྲིམས་སྐྱོང་གི་སློབ་གསོ་གཏོང་བར་ཤུགས་རྒྱག་པ་དང་། སྤྱི་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཁྲིམས་སྐྱོང་དེ་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དང་གཞི་རྩའི་ཚད་གཞིར་འགྱུར་བར་བྱེད་དགོས། ཁྲིམས་ལྟར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་ལས་དོན་སྒྲུབ་པ་དང་། དོན་དག་ལ་འཕྲད་སྐབས་ཁྲིམས་འཚོལ་བ། ཁྲིམས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་ལ་བརྟེན་ནས་འགལ་བ་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་སྐྲུན་དགོས། 

གནའ་མིའི་གཏམ་ལ་“ཉེན་མ་བྱུང་སྔོན་ལ་སེལ། ནད་མ་བྱུང་སྔོན་ལ་བཅོས། རྐྱེན་མ་བྱུང་སྔོན་ལ་བཟློག་”[3]ཟེར་བ་ལྟར། ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་མཇུག་སྣེ་འཛིན་ཞིང་ནད་གཞི་གསོ་བཅོས་བྱེད་དགོས་པར་མ་ཟད། མདུན་སྣེ་འཛིན་ཞིང་ན་ཚ་སྔོན་འགོག་ཀྱང་བྱེད་དགོས། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་གྱིས་ང་རང་ཚོ་“གཏུག་བཤེར་རྒྱལ་ཁབ་ཆེན་པོ་”ཞིག་ཏུ་འགྱུར་མི་རུང་བ་ཐག་གཅོད་བྱས་ཡོད། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ཡོད་ཅིང་བྱ་བ་ཆེ་ཆུང་ཚང་མ་ཞུ་གཏུག་བྱས་ན་ཁུར་པོ་ལྗིད་པོ་དེ་འདྲ་འཁྱོགས་ཐབས་ག་ལ་ཡོད། ཁྲིམས་སྐྱོང་གི་སྟོབས་ཤུགས་སྔར་ལས་མང་བ་ཁྲིད་སྟོན་དང་འདུམ་སྒྲིག་ལས་དོན་ཐད་ལ་གཏོང་བ་དང་། སྔོན་འགོག་རང་བཞིན་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དུས་རབས་གསར་པའི་“ཧྥེང་ཆའོ་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་སྔོན་འགོག་འདུམ་སེལ་ཐག་གཅོད་བཅས་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་སྣ་མང་ཅན་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་མཐོང་ཆེན་སྔར་ལས་ལྷག་པར་བྱེད་པ། གཞི་རིམ་དུ་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས། 

བརྒྱད་པ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག །དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། 

དྲང་སྙོམས་དྲང་བདེན་ནི་ཁྲིམས་འཛིན་གྱི་བླ་སྲོག་དང་ཚེ་སྲོག་ལྟ་བུ་ཡིན། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་བསྡུས་ཆ་འགྲིག་གི་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་གྱི་གཅུན་སྡོམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་ཁག་བགོས་དོ་དམ་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་ལས་རིགས་ཀྱི་འགན་སྲུང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་དབང་ཆ་སྤྱོད་པ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་ཁྲིམས་འཛིན་གྱི་གྱོད་གཞི་སྒྲུབ་པའི་སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ལས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་གང་ཐུབ་བྱེད་དགོས། སྤྱི་ཕན་གཏུག་བཤེར་ལམ་ལུགས་མུ་མཐུད་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བསྒྱུར་བཅོས་ཀྱི་ལས་དོན་གལ་ཆེན་ཁག་ལ་ཆ་མཚོན་ན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་དང་། མྱུལ་ཞིབ་བྱེད་དབང་དང་། ཞིབ་དཔྱོད་བྱེད་དབང་། འདྲི་གཅོད་བྱེད་དབང་། ལག་བསྟར་བྱེད་དབང་བཅས་ཕན་ཚུན་གཞོགས་འདེགས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྷོད་གཡེང་མི་བྱེད་ཅིང་མཐར་མ་ཐུག་བར་དུ་དམ་འཛིན་བྱས་ནས་དོན་འབྲས་འཐོབ་པར་བྱེད་དགོས། 

ཉེ་བའི་ལོ་ཤས་རིང་། ཁྲིམས་འཛིན་གྱི་རུལ་སུངས་གྱོད་གཞིའི་སྟེང་ནས་དབང་ཆར་གཅུན་སྡོམ་དང་ལྟ་སྐུལ་གནད་འཁེལ་མ་བྱུང་བའི་གནད་དོན་གཅིག་བསྡུས་ཀྱིས་ཕྱིར་མངོན་བཞིན་ཡོད། མི་འགའ་ཞིག་གིས་རྒྱུ་ནོར་ལ་བརྟེན་ནས་ལྟག་སྒོར་འགྲོ་བ་དང་ཧ་ལམ་ཁྲིམས་རྒྱར་མ་ཚུད་པའི་མི་རུ་གྱུར་འདུག །དེ་དག་གི་རྒྱབ་ཏུ་སྲིད་ཁྲིམས་ཁོངས་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་བཅུ་ཕྲག་ཁ་ཤས་ཀྱིས་ཁོ་པ་ཚོར་“སྐད་ཆ་བཤད་རོགས་”དང་“ལམ་སྣ་ཁྲིད་རོགས་”བྱས་ཡོད་ལ། ལྟ་སྐུལ་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད། ཚད་ལྡན་དང་ལས་ཕྱོད་ཆེ་བའི་གཅུན་སྡོམ་ལྟ་སྐུལ་མ་ལག་འཛུགས་སྐྲུན་གང་མགྱོགས་དང་། “འབྲེལ་བའི་དྲ་བ་”དང་“ཁེ་ཕན་གྱི་འབྲེལ་ཐག་”མཐའ་གཅིག་ཏུ་བཅད་དེ། “ལྐོག་ལས་”དང་“གསང་སྒོ་”དེ་རིགས་སྦས་ས་སྐུང་ས་མེད་པར་བཟོ་དགོས། 

2018ལོའི་ཟླ་1པོ་ནས་བཟུང་ལོ་3རིང་ལ་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་རྒྱལ་ཡོངས་སུ་སྤེལ་བ་རེད། ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་དེས་ནག་སྤྱོད་སྟོབས་ཤུགས་ལ་རྡུང་རྡེག་དང་“གདུགས་འཇོམས་དྲ་གཏོར་”གཞི་གཅིག་ཏུ་སྤེལ་ནས་ཕུང་འདྲེ་ཁག་ཅིག་ཕྱིར་འབུད་བཏང་བ་རེད། ལོ་3ལ་ཉེ་བའི་རིང་གཏོར་བའི་ནག་འབྲེལ་རྩ་འཛུགས་ཀྱི་ཁ་གྲངས་ནི་དེ་སྔའི་ལོ་10ཡི་བསྡོམས་འབོར་དང་མཚུངས་པས་ནག་སྤྱོད་སྟོབས་ཤུགས་ལ་ཟིལ་གནོན་ཆེན་པོ་ཐེབས་ཡོད། སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་མུ་མཐུད་རྡུང་རྡེག་གཏོང་བ་དང་། ལྷག་པར་དུ་ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་དང་བློ་བརྟན་འགྱུར་མེད་ཀྱིས་ནག་སྤྱོད་སྟོབས་ཤུགས་དང་དེའི་སྲུང་གདུགས་ལ་རྡུང་རྡེག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་སྔར་བས་ཞོད་འཇགས་དང་མང་ཚོགས་སྔར་བས་དགའ་སྐྱིད་ལྡན་པར་བྱེད་དགོས། 

དགུ་པ། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱིར་འབྲེལ་ཁྲིམས་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་པའི་ནང་དོན་གལ་ཆེན་ཞིག་ཡིན། མིག་སྔར། འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་མོད། འོན་ཀྱང་རྒྱལ་སྤྱིའི་ཁོར་ཡུག་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་རེད། རང་རྒྱལ་བསྟུད་མར་དར་རྒྱས་བྱུང་ནས་ཉིན་རེ་བཞིན་འཛམ་གླིང་གར་སྟེགས་ཀྱི་དཀྱིལ་དབུས་སུ་སྐྱོད་བཞིན་ཡོད། ཕྱིར་འབྲེལ་ཁྲིམས་སྐྱོང་ལས་དོན་གྱི་འཐབ་ཇུས་ཀྱི་བཀོད་པ་མགྱོགས་སུ་གཤོམ་པ་དང་། རྒྱལ་ནང་བཅོས་སྐྱོང་དང་རྒྱལ་སྤྱིའི་བཅོས་སྐྱོང་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྒོ་ཀུན་ནས་སྲུང་སྐྱོང་བྱེད་དགོས། རྩ་ལག་ཚང་བའི་ཕྱིར་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གང་མགྱོགས་ཆགས་པར་བྱེད་དགོས་པ་དང་། ཕྱིར་འབྲེལ་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཁེ་ལས་དང་སྤྱི་དམངས་ཕྱི་རུ་སྐྱོད་པའི་བརྒྱུད་རིམ་ནང་དུ་ས་གནས་དེ་གའི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཡུལ་སྲོལ་གོམས་གཤིས་ལ་དེ་བས་རང་རྟོགས་ཀྱིས་བརྩི་སྲུང་ཞུ་བ་དང་། ཁྲིམས་སྐྱོང་དང་སྒྲིག་སྲོལ་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པར་ཁྲིད་སྟོན་བྱེད་དགོས། རྒྱལ་སྤྱིའི་རྩེར་སོན་གྱི་འདུམ་གཅོད་སྒྲིག་གཞི་དང་ཁྲིམས་རྩོད་པའི་ལས་དོན་ཁང་ཁག་ཅིག་སྐྱེད་སྲིང་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཕྱིར་འབྲེལ་ཁྲིམས་སྐྱོང་འགན་སྲུང་དང་ཞབས་ཞུའི་ལས་དོན་ལ་ཕན་འབྲས་སྔར་ལས་ཆེ་བ་འཐོན་པར་བྱེད་དགོས། 

ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་གྱུར་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དྲང་གཞག་མིན་པ་དང་ལུགས་མཐུན་མིན་པ། རྒྱལ་སྤྱིའི་གནས་སྟངས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མི་མཐུན་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་ལམ་སྲོལ་ལ་བསྒྱུར་བཅོས་ཇུས་གཞི་བཏོན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། 

བཅུ་པ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ན་ཐོག་མར་ཆེད་ལས་དཔུང་ཁག་འཛུགས་སྐྲུན་ཡག་པོ་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོར་ཤུགས་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཀྱི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཏང་དང་། རྒྱལ་ཁབ། མི་དམངས། བཅའ་ཁྲིམས་བཅས་ལ་བློ་དཀར་སེམས་དཀར་བྱེད་པ་འགན་ལེན་ཏན་ཏིག་བྱེད་དགོས། 

ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་གི་དོ་དམ་ཐད་ངེས་པར་དུ་ཚད་གཞི་སྔར་བས་ནན་པོ་དང་བླང་བྱ་སྔར་བས་མཐོན་པོ་རྒྱུན་འཁྱོངས་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་མི་སྣ་འགའ་ཞིག་གིས་དབང་ཆ་ཆེན་པོ་ལག་ཏུ་བཟུང་ཡོད་རུང་རང་གཅུན་མི་བྱེད་པ་དང་། རྒྱུ་ཟ་ཁྲིམས་འགལ་དང་ཉེར་ཕྱོགས་ཁྲིམས་འགལ་གྱིས་“རྒྱུ་དངུལ་གྱི་གྱོད་གཞི་”དང་། “དབང་ཆའི་གྱོད་གཞི།” “ངོ་སོའི་གྱོད་གཞི་”བཅས་བསྒྲུབས་ནས་ཁྲིམས་སྐྱོང་གི་དབང་གྲགས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད། བཀའ་རྒྱ་བཙན་པོ་དང་སྒྲིག་ཁྲིམས་ནན་པོ་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས་ལམ་ལུགས་ལ་བརྟེན་ནས་གཙོ་གནད་མི་སྣ་དོ་དམ་ཡག་པོ་དང་། གཙོ་གནད་ཆེ་ས་དོ་དམ་ཐུབ་པ། གཙོ་གནད་བྱ་བ་དོ་དམ་མཐར་ཕྱིན་བཅས་བྱེད་དགོས། རྒྱུ་ཟ་ཁྲིམས་འགལ་དང་། ཏང་ལ་བློ་མི་དཀར་ཞིང་དྲང་པོ་མི་བྱེད་པའི་མི་སྣ་མཐའ་གཅིག་ཏུ་གཙང་བཤེར་བྱེད་དགོས་པ་དང་། ཁྲིམས་བསྟར་ཁྲིམས་འཛིན་ཐད་ཀྱི་རུལ་སུངས་རྩད་གཅོད་གཏིང་ཟབ་བྱེད་དགོས། ཉེ་ཆར། སྲིད་ཁྲིམས་ཁོངས་གཏོགས་ལས་ཁུངས་སུ་དཔུང་ཁག་ལ་སློབ་གསོ་དང་དག་ཐེར་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བ་དང་། ཕུང་འདྲེ་ཁག་ཅིག་ཞིབ་བཤེར་ཐག་གཅོད་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། ཚོད་ལྟའི་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་དང་། རྒྱ་ཡན་དུ་གཏན་ནས་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་གྲི་ཁ་ནང་ཕྱོགས་སུ་གཏོད་ཕོད་པ་དང་རུས་འབྲད་དུག་སེལ་ཕོད་པ་བྱེད་དགོས། 

བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། སྤྱིའི་ཆ་ནས་བཤད་ན། དཔུང་ཁག་འདི་ཡག་པོ་ཡོད་མོད་ཀྱང་གནད་དོན་ཡང་མི་ཉུང་བ་ཞིག་གནས་ཡོད། མི་འགའ་རེས་“ཁེ་གྲགས་དོན་གཉེར་”ལ་དགའ་པོ་བྱས་ནས་སྤྱོད་ཚུལ་མི་བཟང་བ་དང་། ཡིད་རྟོན་མེད་པ། སྣང་བརྙན་མི་བཟང་བར་གྱུར་པ་དང་། ད་དུང་བཅའ་ཁྲིམས་ལས་གཉེར་མི་སྣ་རེ་འགའི་ཆབ་སྲིད་ཀྱི་འདུ་ཤེས་ཞན་པ་དང་ཐ་ན་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་ཁྲིམས་སྐྱོང་ལམ་ལུགས་ལ་དམོད་མོ་འདེབས་ཀྱི་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་གོང་བཀུར་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་གོང་བཀུར་ཞུ་རྒྱུ་དེ་བཅའ་ཁྲིམས་ཞབས་ཞུའི་མི་སྣའི་ལས་གཉེར་བྱེད་པའི་གཞི་རྩའི་བླང་བྱར་འཛིན་དགོས་པ་དང་། སློབ་གསོ་དང་། དོ་དམ། ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། བཅའ་ཁྲིམས་ཞབས་ཞུའི་ལས་དོན་པར་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་གཉེར་ཁ་དན་ཚིག་གནས་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ནན་པོར་བསྒྲུབས་ཏེ་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་ལ་གཞོལ་བར་ཁྲིད་སྟོན་བྱེད་དགོས། ཁྲིམས་རིག་པའི་སློབ་གྲྭའི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས། ཕྱིར་འབྲེལ་ཁྲིམས་རིག་པའི་སློབ་གསོར་ཤུགས་སྣོན་བྱེད་པ་དང་། ཕྱིར་འབྲེལ་ཁྲིམས་བསྟར་ཁྲིམས་འཛིན་དང་བཅའ་ཁྲིམས་ཞབས་ཞུའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་མངག་གཏོང་བཅས་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབས་ཏེ། ཕྱིར་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་ཞུ་སྔར་བས་ལེགས་པར་སྒྲུབ་དགོས། 

བཅུ་གཅིག་པ། འགོ་ཁྲིད་ལས་བྱེད་པ་ཞེས་པའི་“འགག་རྩའི་ཉུང་ཤས་”འཛིན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་ཚོས་ཏང་གི་སྲིད་སྐྱོང་དབང་ཆ་དང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་དབང་ཆ། སྲིད་འཛིན་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་དངོས་སུ་སྤྱོད་ཀྱི་ཡོད་པས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གནད་འགག་ཡིན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྣེ་ཁྲིད་དེ་ཁྲིམས་སྐྱོང་ལ་གོང་བཀུར་དང་བཅའ་ཁྲིམས་ལ་གུས་ཞུམ་བྱེད་པ། བཅའ་ཁྲིམས་ལ་རྒྱུས་ཡོད་པ་དང་བཅའ་ཁྲིམས་ལ་ངེས་ཤེས་འདྲོངས་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བསྒྱུར་བཅོས་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་འདུམ་སེལ། བརྟན་བརླིང་སྲུང་སྐྱོང་། ཉེན་ཁ་འགོག་ཟོན་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་མིག་དཔེ་བྱེད་དགོས། ཁྲིམས་སྐྱོང་གི་བྱང་ཚད་དང་ཁྲིམས་ལྟར་འགན་སྒྲུབ་ཀྱི་གནས་ཚུལ་དེ་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ནང་དོན་གཙོ་བོ་བྱེད་པ་དང་། ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དང་དགོས་ངེས་ཀྱི་བྱང་ཚད་ཅིག་ཏུ་འགྱུར་བར་བྱེད་དགོས།

བློ་མཐུན་རྣམ་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ་ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་རྒྱག་པ། བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། ལས་དོན་གཙོ་གནད་བཅས་དམ་འཛིན་བྱས་ནས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཁྲིམས་སྐྱོང་འཛུགས་སྐྲུན་དུས་མཉམ་དུ་ཇུས་འགོད་དང་། དུས་མཉམ་དུ་བཀོད་སྒྲིག །དུས་མཉམ་དུ་སྐུལ་འདེད་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་འཆར་འགོད་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལག་བསྟར་རྩ་གནད་པར་འགྲེམས་བྱེད་གྲབས་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ལག་བསྟར་རྩ་གནད་གསར་པ་ཡང་མགྱོགས་མྱུར་ངང་འདོན་རྒྱུ་ཡིན་པས། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་དམ་འཛིན་ཏན་ཏིག་དང་ཡག་པོར་སྒྲུབ་དགོས། འཐབ་ཕྱོགས་ཁག་དང་སྡེ་ཁག་ཁག་གིས་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་ཆེར་གཏོང་བ་དང་། ཁྲིམས་ལྟར་ལས་དོན་ནན་པོར་བསྒྲུབས་ནས་ཁྱབ་ཁོངས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྲིམས་སྐྱོང་ལས་དོན་སྡེ་ཁག་གིས་ཕྱོགས་ཡོངས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་གིས་གཅིག་གྱུར་གྱིས་མཐུན་སྦྱོར་དང་། ལྟ་སྐུལ་ཞིབ་བཤེར། དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་སྒྲུབ་དགོས་པ་དང་། དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་གང་ཐུབ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་འགན་ཁག་དངོས་གནས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། 

ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་འཛིན་པ་དང་། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་པའི་གཞུང་ལུགས་ཐོག་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་དགོས་དོན་ཅི་ཞིག་ཡིན་པ་དང་། ཇི་ལྟར་བྱས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ལན་བཏབ་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་པ་དང་། དུས་རབས་གསར་པར་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཕྱོགས་བསྡོམས་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཁག་ལ་མཛུབ་སྟོན་སྔར་ལས་ལེགས་པ་བྱེད་དགོས། 

མཆན་འགྲེལ། 

[1] ཏེང་ཞའོ་ཕིན་གྱི་《བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་བསྒྲིལ་གྱིས་མདུན་ལ་བལྟ་བ་བཅས་བྱེད་དགོས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་2པ། མི་རིགས་དཔེ་སྐྲུན་ཁང་གི་1995ལོའི་བོད་ཡིག་པར་གཞི། ཤོག་ངོས་260པ།)ཞེས་པར་གསལ།

[2] 《ཧྲེན་ཙི་•ཐོར་རྩོམ་》ཞེས་པར་གསལ།

[3] ཅིན་ཤར་མའི་ཀེ་ཧུང་གི་《པའོ་ཕུའུ་ཙི་•དངོས་གཞི་•ཏི་ཀྲེན་》ཞེས་པར་གསལ།

༄༅། །ཕྱོགས་ཡོངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(2021ལོའི་ཟླ་12ཚེས་6ཉིན།) 

ངས་ཁྲིམས་སྐྱོང་དར་རྒྱས་བྱུང་ན་མི་རིགས་དར་རྒྱས་འབྱུང་། ཁྲིམས་སྐྱོང་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་ཞེས་ཐེངས་མང་ནན་བཤད་བྱས་མྱོང་ཡོད། མིག་སྔར། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་པ་དང་། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་འབྱུང་བཞིན་ཡོད་པ། བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ། ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་སྤེལ་གཏིང་ཟབ་གཏོང་བ་བཅས་ཀྱི་ཚེ་ན། ཁྲིམས་སྐྱོང་ལ་ལྡན་པའི་གཞི་རྐང་སྲ་བརྟན་གཏོང་བ་དང་། སྔོན་ཚོད་བརྟན་བརླིང་བཟོ་བ། ཕུགས་ལ་ཕན་ཐོགས་པ་བཅས་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས། 

རྒྱལ་ནང་གི་ཆ་ནས་བལྟས་ན། ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་ཟིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་གཙོ་དང་། ཁྲིམས་སྐྱོང་། དྲང་སྙོམས། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་ཐད་དུ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཚང་མས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས། 

རྒྱལ་སྤྱིའི་ཆ་ནས་བལྟས་ན། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་འགྲོ་བའི་དུས་སྐབས་སུ་སླེབས་པ་དང་། རྒྱལ་སྤྱིའི་འགྲན་རྩོད་དེ་ལམ་ལུགས་དང་། སྒྲིག་སྲོལ། བཅའ་ཁྲིམས་བཅས་ཀྱི་རྩོད་པ་ལས་མངོན་བཞིན་ཡོད། ང་ཚོས་ངེས་པར་དུ་ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། 

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས་མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། ད་ལྟ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་ལ་གཤམ་གསལ་ཕྱོགས་འགའི་ལས་དོན་ལ་ཤུགས་བརྒྱབ་ནས་དམ་འཛིན་བྱེད་དགོས། 

དང་པོ། ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ངས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་དོན་ཆེན་འདི་ཡག་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ཚ་ཤོས་ནི་ཁ་ཕྱོགས་ཡང་དག་པ་ཡིན་མིན་དང་། ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ནུས་ལྡན་ཡིན་མིན་ལ་ཐུག་ཡོད་ཅིང་། ཞིབ་ཏུ་བཤད་ན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་དེ་རེད་ཅེས་བཤད་མྱོང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པའི་ངེས་དོན་འདི་སྟངས་འཛིན་ནན་པོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་ནས་ཆབ་སྲིད་དང་ཁྲིམས་སྐྱོང་། བསྒྱུར་བཅོས་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ། དེ་བཞིན་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་འགན་ལེན་སོགས་ཀྱི་གནད་དོན་གལ་ཆེན་གྱི་ཐད་དུ་རིག་པ་ཧ་ཅང་དྭངས་གསལ་དང་ལངས་ཕྱོགས་ལྷག་པར་བརྟན་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ནི་མི་དམངས་ཀྱི་དོན་དུ་ཡིན་པ་དང་། མི་དམངས་ལ་རྒྱབ་བརྟེན་བྱེད་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་། མི་དམངས་ཀྱི་བསོད་བདེ་ཆེ་རུ་གཏོང་བ་བཅས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། ང་ཚོས་འཛུགས་སྐྲུན་བྱ་རྒྱུའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ངེས་པར་དུ་ཀྲུང་གོའི་རིག་གནས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་ལ་གཞི་ཚུགས་པ། ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་ཡིན་དགོས་པས། ནུབ་ཕྱོགས་ཀྱི་ནོར་འཁྲུལ་གྱི་བསམ་པའི་འཁྱེར་སོས་གོ་བ་ལོག་ཏུ་འཇུག་མི་རུང་། 

གཉིས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མགྱོགས་སུ་གཏོང་དགོས། གནའ་མིའི་གཏམ་ལ། “གང་དུ་དགེ་བའི་ཁྲིམས་བཙུགས་པའི། །ཞིང་ཁམས་དེ་ནི་བདེ་བར་འགྱུར། །གང་དུ་དགེ་བའི་ཁྲིམས་བཙུགས་པའི། །རྒྱལ་ཁམས་དེ་ནི་བདེ་བར་འགྱུར། །”[1]ཞེས་ཟེར་བ་ལྟར། རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། ཉེན་ཁ་འགོག་ཟོན་སོགས་གནད་ཆེའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་པ་དང་། གྲངས་ཀའི་དཔལ་འབྱོར་དང་། དྲ་རྒྱའི་དངུལ་རྩ། མིས་བཟོས་རིག་ནུས། གཞི་གྲངས་ཆེན་པོ། སྤྲིན་རྩིས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་བཅོས་སྐྱོང་གི་འཕྲལ་མཁོ་དང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་ཉེ་བར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་ཧུར་བརྩོན་གྱིས་ཆ་ཚང་བཟོ་དགོས། སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོན་པའི་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཕན་ཚུན་གཞོགས་འདེགས་བྱེད་པའི་རྣམ་པ་ཆགས་པར་བྱེད་དགོས། མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཚ་པོར་དམིགས་ཏེ་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་དགོས། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་དང་། དུག་རྫས་ཀྱི་ཉེས་གསོག་གསར་གྲས། “ལོག་ཆོས་རྣམ་པའི་”གྲགས་ཅན་རྗེས་སྙེག །“ཧྥིན་ཚོམས་”ཀྱི་བྱུང་རྒྱལ་སྣང་ཚུལ། “མངོན་ལྐོག་གན་རྒྱ་”སོགས་རོལ་རྩེད་ལས་རིགས་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅའ་ཁྲིམས་འཐུས་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ་སྒྲིག་ལམ་དུ་འཇུག་དགོས་པ་དང་། ལྟ་སྡོམ་གྱི་སྟོང་ཆ་དང་ཆད་སྐྱོན་གསབ་དགོས་པ་ལས། རྒྱ་ཡན་དུ་བཏང་ནས་དོ་དམ་མི་བྱེད་པ་གཏན་ནས་མི་རུང་། ལོ་འདི་དག་གི་རིང་ལ། མ་རྩ་སྒྲིག་མེད་དུ་རྒྱ་སྐྱེད་གཏོང་བའི་གནད་དོན་ཅུང་མངོན་གསལ་ཡིན་པ་དང་། ལས་སྟེགས་དཔལ་འབྱོར་དང་གྲངས་ཀའི་དཔལ་འབྱོར་ལ་ལ་བག་མེད་དུ་སྐྱེ་འཕེལ་བྱུང་བ་དང་། ལྟ་སྡོམ་མི་འདང་བ་བཅས་ལས་གནད་དོན་མང་པོ་ཐོན་ཡོད། སྒེར་སྡེམ་ལ་རྒོལ་བའི་བཅའ་ཁྲིམས་དང་ཚུལ་མིན་གྱི་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས་སོགས་ལ་བཟོ་བཅོས་རྒྱག་པའི་ལས་ཀར་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་དགོས། 

བློ་མཐུན་མའོ་ཙེ་ཏུང་གིས་“རྩ་ཁྲིམས་བཟོ་བ་ནི་ཚན་རིག་གི་བྱ་བ་སྒྲུབ་པ་ཞིག་རེད།”[2] ཅེས་གསུངས་མྱོང་། ཁྲིམས་འཛུགས་སྤུས་ཚད་ཅེས་པའི་འགག་རྩ་འདི་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་ཕྱོགས་ལྔ་གཅིག་འདོམས་བྱས་ནས་ཁྲིམས་འཛུགས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གཞོགས་འདེགས་རང་བཞིན་བཅས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་ནན་པོ་ཞིག་རེད། རིམ་པ་ཁག་གི་ཁྲིམས་འཛུགས་སྒྲིག་གཞི་དང་ལས་དོན་སྡེ་ཁག་གིས་ཁྲིམས་འཛུགས་ཀྱི་ལས་རིམ་བརྩི་སྲུང་དང་ཁྲིམས་འཛུགས་ཀྱི་དབང་ཚད་ནན་སྲུང་བྱས་ནས་དབང་ཚད་ལས་བརྒལ་ནས་ཁྲིམས་འཛུགས་དང་། བསྐྱར་ཟློས་སུ་ཁྲིམས་འཛུགས། གང་བྱུང་དུ་ཁྲིམས་འཛུགས་བཅས་བྱེད་པ་སྔོན་འགོག་ཏན་ཏིག་བྱེད་དགོས་པ་དང་། སྡེ་ཁག་གི་ཁེ་ཕན་དང་ས་གནས་སྲུང་སྐྱོབ་རིང་ལུགས་ཀྱི་ཤུགས་རྐྱེན་བཀག་འགོག་ནུས་ལྡན་བྱེད་དགོས། 

“རྒྱལ་ཁམས་སྐྱོང་བའི་ལུགས་ལ། ཁྲིམས་བཅའ་བ་མི་དཀའ། ཁྲིམས་ལག་བསྟར་བྱ་བ་དཀའོ། །”[3] ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ན། གཙོ་གནད་དང་དཀའ་གནད་ནི་ཁྲིམས་བསྟར་ནན་པོ་དང་། ཁྲིམས་འཛིན་དྲང་གཞག །དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱས་པ་བརྒྱུད་དེ་བཅའ་ཁྲིམས་ལག་བསྟར་ཡང་དག་པ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ། “ཤོག་བུའི་ཐོག་གི་བཅའ་ཁྲིམས་”དེ་“བྱ་སྤྱོད་ཐོག་གི་བཅའ་ཁྲིམས་”སུ་བསྒྱུར་དགོས། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་སྲོལ་ཆ་ཚང་བཟོ་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་རྩད་གཅོད་ནན་པོ་བྱེད་དགོས། ཏང་རྩ་འཛུགས་རིམ་པ་ཁག་དང་འགོ་ཁྲིད་ལས་བྱེད་པ་ཚོས་ལྟ་བ་གསལ་སྟོན་ངང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་ངང་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་དགོས་པ་ལས་འགན་དབང་ལ་བརྟེན་ནས་ཁྲིམས་འཛིན་དང་གྱོད་གཞིར་ཐེ་ཇུས་གཏན་ནས་བྱེད་མི་ཆོག །

གསུམ་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མིག་སྔར། ཁྲིམས་སྐྱོང་ཁྱབ་ཁོངས་སུ་འགལ་བ་དང་གནད་དོན་མངོན་གསལ་ཅན་ཁ་ཤས་གནས་པའི་རྒྱུ་མཚན་ནི་བསྒྱུར་བཅོས་ད་དུང་ཡོངས་སུ་དོན་ཐོག་ཏུ་འཁྱོལ་མེད་པས་རེད། བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་ཐག་བཅད་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ལས་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་དུ་འཇུག་པའི་དམིགས་འབེན་འདིར་དམིགས་ཏེ། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་འགྲིག་གི་བསྒྱུར་བཅོས་ཟབ་སྤེལ་བྱས་ནས་དྲང་གཞག་དང་ཆོད་ཆེ་དང་དབང་གྲགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་ཆ་ཚང་བཟོ་བ་དང་། སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་བཟོ་བ། ཁྲིམས་བསྟར་དབང་ཆ་དང་། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་ཆ་ཚང་བཟོ་བ་བཅས་ཀྱི་ཐོག་ནས་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། མ་ལག་ཆ་ཚང་ཞིང་ཚད་ལྡན་དང་ཆོད་ཆེའི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཚོད་འཛིན་ལྟ་སྐུལ་མ་ལག་གང་མགྱོགས་འཛུགས་པ་དང་། ཁྲིམས་འཛུགས་དབང་ཆ་དང་། ཁྲིམས་བསྟར་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་བྱེད་པ་དང་། མྱུལ་ཞིབ་དབང་ཆ་དང་། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་བཟོ་བ་བཅས་ཀྱི་ཐོག་ནས་ཁྲིམས་བསྟར་ཁྲིམས་འཛིན་གྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོ་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཐེབས་པའི་འོག་ཏུ་སྤེལ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། གཅིག་འདོམས་ཀྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། འདུམ་གཅོད། སྡུམ་ཐབས་སོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་གང་མགྱོགས་གཏོང་བ་བཅས་ཀྱི་ཐོག་ནས་ཏང་ལ་བློ་དཀར་བ་དང་། རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་འཛུགས་སྐྲུན་གང་ཐུབ་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་མི་སྣའི་དོ་དམ་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་གི་དོ་དམ་སློབ་གསོ་དང་གསོ་སྐྱོང་ལ་ཤུགས་རྒྱག་དགོས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ཟབ་སྤེལ་བྱས་ཏེ། ཁྲིམས་བསྟར་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རུལ་སུངས་བྱ་སྤྱོད་ལ་ཁྲིམས་ལྟར་མུ་མཐུད་དུ་རྡུང་རྡེག་གཏོང་དགོས་པ་དང་། ནག་སེལ་གཤེད་འཇོམས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། 

ནན་བཤད་བྱེད་དགོས་པ་ཞིག་ནི། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེན་པོ་ལྡན་པས། ངེས་པར་དུ་རྩ་དོན་ངེས་ཤེས་དང་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་ལས། བསྒྱུར་བཅོས་དེ་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་མ་ལག་ལ་“ཚད་བསྡུར་”བྱེད་པ་དང་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་ལག་ལེན་“རྗེས་སྙེག་”བྱེད་པར་གཏན་ནས་སྒྱུར་མི་རུང་། 

བཞི་པ། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་འཐབ་རྩོད་སྤེལ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕྲལ་མཁོ་སྔོན་མ་བྱེད་པའི་རྩ་དོན་ལྟར་ཕྱི་ཕྱོགས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་པ་དང་། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་ཇུས་ལ་ངོ་རྒོལ། “དཔུང་རིང་ཇུས་གཏོགས་”ལ་ཕྱིར་རྒོལ་བཅས་ཀྱི་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། རང་རྒྱལ་གྱི་བཅའ་ཁྲིམས་མངའ་ཁོངས་ཕྱི་རོལ་དུ་སྤྱད་འཐུས་པའི་བཅའ་ཁྲིམས་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཕྱོགས་གཉིས་དང་ཕྱོགས་མང་གི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་གྲོས་གཞི་གལ་ཆེན་ནང་དུ་བཅུག་ནས་རང་རྒྱལ་གྱི་རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་བདེ་འཇགས་མུ་ཕྲེང་རྒྱུན་སྲིང་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། 

ལྔ་པ། ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལག་ལེན་གྱི་ཆོས་ཉིད་ཕྱོགས་བསྡོམས་དང་། ཀྲུང་ཧྭའི་བཅའ་ཁྲིམས་རིག་གནས་ཀྱི་ཉིང་བཅུད་རྒྱུན་འཛིན། འཛམ་གླིང་གི་ཁྲིམས་སྐྱོང་ཤེས་དཔལ་གྱི་ཕན་ལྡན་གྲུབ་འབྲས་བསྡུ་ལེན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་ཐབས་བཀོད་གསར་པ་ཆགས་ཡོད། ངས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཚོགས་འདུའི་ཐོག་“རྒྱུན་འཁྱོངས་བཅུ་གཅིག་”[4]ཅེས་པར་སྙིང་བསྡུས་བྱས་ཡོད། རང་རྒྱལ་གྱི་ཁྲིམས་སྐྱོང་གི་ཐོག་མའི་གསར་གཏོད་རང་བཞིན་གྱི་དོན་སྤྱི་དང་། བརྡར་གཅོད། ཁྱབ་ཁོངས། རིགས་པའི་གཞུང་ལུགས་བཅས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་རིག་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག །སྐད་བརྡའི་མ་ལག་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་དེ་ཁྲིམས་རིག་པའི་རིག་ཚན་ཁག་གི་སློབ་དེབ་རྩོམ་སྒྲིག་དང་སློབ་ཁྲིད་ལས་དོན་ནང་དུ་དོན་འཁྱོལ་བྱས་ཏེ། སློབ་དེབ་ཏུ་འཇུག་པ་དང་། སློབ་ཁང་དུ་འཇུག་པ། སེམས་ནང་དུ་འཇུག་པ་བཅས་ལ་སྐུལ་འདེད་བཏང་ནས་ཕུགས་བསམ་དང་དད་སེམས་བརྟན་པ་དང་། རྒྱལ་ཁབ་ལ་དུང་ཞེན་ཆེ་བ། ཁྲིམས་རིག་པའི་སྦྱངས་པ་ཟབ་པ་བཅས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཁྲིམས་རྩོད་པའི་དཔུང་ཁག་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཁྲིམས་རྩོད་པར་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་བཀུར་ཞུ་བ་སོགས་ལས་ཞུགས་ཀྱི་གཞི་རྩའི་བླང་བྱ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཏང་དང་མི་དམངས་ཀྱི་བློ་ལ་འབབ་པའི་ཁྲིམས་རྩོད་པ་ཡག་པོ་ཞིག་བྱེད་དུ་འཇུག་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བར་སྐུལ་འདེད་གཏོང་རྒྱུ་དེ་རྨང་གཞིའི་ལས་གྲྭ་ཞིག་ཏུ་བརྩིས་ནས་“སུས་ཁྲིམས་བསྟར་བྱེད་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་དགོས་པའི་”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་སྣེ་ཁྲིད་དེ་ཁྲིམས་བརྩི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་སྲུང་བ་དང་། དོན་རྐྱེན་ལ་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་ཁྲིམས་སྐྱོང་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་དགོས་པ་དང་། རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་ཁྲིམས་སྐྱོང་རིག་གནས་རྒྱས་བཤད་དང་། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོར་བཤད་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་དང་གཏམ་དབང་ཆེ་རུ་གཏོང་དགོས། 

མཆན་འགྲེལ། 

[1] དེབ་འདིའི་《མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་འཐུས་ཚང་གཏོང་དགོས་》ཞེས་པའི་མཆན་[2]ལ་གསལ། 

[2] མའོ་ཙེ་ཏུང་གི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་འཆར་ཟིན་སྐོར་》(《མའོ་ཙེ་ཏུང་གི་གསུང་རྩོམ་ཕྱོགས་བསྒྲིགས་》དེབ་6པ། མི་དམངས་དཔེ་སྐྲུན་ཁང་གི་1999ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་330པ།)ཞེས་པར་གསལ། 

[3] མིང་རྒྱལ་རབས་ཀྱི་ཀྲང་ཅུས་ཀྲེང་གི་《སྙན་སྒྲོན་ཞུ་ཡིག་ལ་ཞིབ་བཤེར་དང་སྲིད་འབྲས་ལ་ཉམས་ཞིབ་ཀྱིས་སྲིད་དོན་འབྱོངས་པའི་སྐོར་གྱི་ཞུ་ཡིག་》ཅེས་པར་གསལ། 

[4] དེབ་འདིའི་《ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་》ཞེས་པར་གསལ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།