༄༅། །ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་གཙོ་ཐིག་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
(2021ལོའི་ཟླ་8ཚེས་27ཉིན།)
མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་ང་ཚོའི་ཏང་གི་དགོངས་པ་གལ་ཆེན་ཡང་དག་པའི་སྒོ་ནས་ངེས་ཤེས་དང་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་གཙོ་ཐིག་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པའི་ཐོག་བསྐྱོད་དེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། མི་རིགས་ཁག་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགལ་རྐྱེན་འགོག་ཟོན་དང་སེལ་ཐབས་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བར་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཏང་གི་ལོ་བརྒྱའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱི་མིག་བལྟས་ན། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་པ་ཞིག་བཏོད་པ་དེ་རེད། བསྒྱུར་བཅོས་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་ཏེ། གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་ཀྱང་གཏོང་བའི་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྐོར་གྱི་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་པ་དང་། མི་རིགས་གནད་དོན་ཁོང་དུ་ཆུད་པ་དང་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་ཉམས་མྱོང་རྩ་ཆེན་གསོག་འཇོག་བྱས་ཤིང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་ཡོད། མདོར་བསྡུས་ན་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ། གཅིག་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་གནས་ཕྱོགས་ངེས་ཤེས་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཀུན་སློང་དང་དམིགས་ཡུལ་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་གཅིག་འདོམས་ཀྱིས་འཆར་འགོད་དང་སྐུལ་འདེད་གཏོང་དགོས། གཉིས་ནི་ངེས་པར་དུ་མི་རིགས་ཁག་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཉམ་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་དུ་བརྩིས་ནས་མི་རིགས་ཁག་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ཤིང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། གསུམ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་བཟུང་སྟེ། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ངོས་འཛིན་གཅིག་མཐུན་བརྟན་པོ་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། བཞི་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་ཆེ་རུ་གཏོང་དགོས། ལྔ་ནི་ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གིས་མཉམ་དུ་རང་ཁྱིམ་རང་བདག་བྱེད་པ་དང་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་རྒྱུ་ཁག་ཐེག་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། དྲུག་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་དུ་མི་རིགས་ཁག་སེ་འབྲུའི་འབྲུ་རྡོག་བཞིན་གོང་བུ་གཅིག་ཏུ་དམ་པོར་འགྲིལ་བར་སྐུལ་སྤེལ་གཏོང་དགོས། བདུན་ནི་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། ཏང་ཀྲུང་དབྱང་གི་སྲིད་བཀའ་ཐོགས་མེད་ཡོང་རྒྱུ་འགན་ལེན་ཏན་ཏིག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། མི་རིགས་ཁག་གིས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་མཉམ་དུ་ཕྱུག་འགྱུར་ཡོང་བར་བྱེད་དགོས། བརྒྱད་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཏེ། མི་རིགས་ཁག་ཞེ་སེམས་གཅིག་འདྲེས་དང་བསམ་པ་གཏོད་རེས་བྱེད་དུ་འཇུག་པ་དང་། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་བྱེད་པའི་བསམ་པའི་འབྲེལ་ཐག་སྟོབས་ཆེན་ཆགས་པར་བྱེད་དགོས། དགུ་ནི་ངེས་པར་དུ་མི་རིགས་ཁག་རྒྱ་ཁྱབ་ཏུ་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་ཁག་ཕུགས་བསམ་དང་། དད་སེམས། བརྩེ་སེམས། རིག་གནས་བཅས་ཀྱི་ཐད་དུ་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་བ་དང་། འགྲོ་གྲོགས་སྡོད་གྲོགས་དང་སྤུན་ཟླའི་ཤ་ཞེན་ཟབ་ཏུ་གཏོང་དགོས། བཅུ་ནི་ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། བཅུ་གཅིག་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། མི་རིགས་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་བཅས་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས། བཅུ་གཉིས་ནི་ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་གནད་དོན་ཐག་གཅོད་དང་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་ང་ཚོའི་ཏང་གི་དགོངས་པ་གལ་ཆེན་ནི། ཏང་གི་མི་རིགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་ལ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་བསྲུང་བྱའང་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་དགོས་པ་དང་ལག་ལེན་མཐར་ཕྱིན་བྱེད་དགོས།
དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོར་སྒྲུབ་པ་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་ཐིག་ཏུ་འཛིན་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི། མི་རིགས་ཁག་གི་མི་དམངས་ལ་བདེ་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་གཅིག་འབྲེལ་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པར་ཁྲིད་སྟོན་བྱ་རྒྱུ་དེ་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ནས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་རིང་པོ་བརྟན་པོ་ཞིག་བསྐྲུན་པ་དང་། མི་རིགས་ཁག་གིས་མཉམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་ཡག་པོ་ཞིག་བྱས་ན་ད་གཟོད་ཐལ་སྐྱོད་དང་ཁ་བྲལ་གྱི་བསམ་བློ་སྣ་ཚོགས་ཀྱིས་སིམ་འཛུལ་དང་རྩ་སློག་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་ལ། མི་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དགོས་དབང་གི་བླང་བྱ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ན་ད་གཟོད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནང་དུ་མི་རིགས་ཁྱབ་ཁོངས་སུ་འབྱུང་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་འཇལ་ཐུབ་པ་དང་། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་བསམ་བློའི་འགན་ལེན་གལ་ཆེན་འདོན་སྤྲོད་བྱེད་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་དགོས་དབང་གི་བླང་བྱ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་ན་ད་གཟོད་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་རང་རྟོགས་ངང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ་ལ། ཀྲུང་ཧྭ་མི་རིགས་ཁས་ལེན་བྱེད་ཚད་སྔར་ལས་མཐོ་བ་དང་གོང་བུར་འགྲིལ་ཤུགས་སྔར་ལས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཆགས་པར་སྐུལ་འདེད་གཏོང་ཐུབ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི་ཏང་གི་མི་རིགས་ལས་དོན་ལ་རྣམ་པ་གསར་པ་གཏོད་པའི་དགོས་དབང་གི་བླང་བྱ་ཡིན་པས། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་། ཐུན་མོང་རང་བཞིན་ཇེ་ཆེར་གཏོང་བའི་ཁ་ཕྱོགས་ལྟར་མི་རིགས་ལས་དོན་ལེགས་སྒྱུར་བྱེད་ཅིང་། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་རྩོད་སྒྲུབ་ཐོག་གཅིག་གྱུར་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཚགས་བྱས་ན་ད་གཟོད་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་དང་ཞིབ་ཚགས་དང་ཏན་ཏིག་བཅས་ཀྱི་སྒོ་ནས་བསྒྲུབ་ཐུབ།
ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བར། ཡང་དག་པ་གང་ཡོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། དུས་ལས་ཡོལ་ཟིན་པ་རྣམས་ལེགས་སྒྲིག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྔར་ལས་ལེགས་པར་འགན་སྲུང་བྱེད་དགོས། ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་བར་གྱི་འབྲེལ་བ་ཡང་དག་པར་ངེས་ཤེས་བྱས་ཏེ། ཐུན་མོང་རང་བཞིན་ཆེར་སྐྱེད་དང་ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་ཁོང་ཡངས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་བར་གྱི་འབྲེལ་བ་ཡང་དག་པར་ངེས་ཤེས་བྱས་ཏེ། མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པར་ཁྲིད་སྟོན་བྱེད་དགོས་པ་དང་། རང་མི་རིགས་ཀྱི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་དགོས་པ་དང་། དེ་དང་ཆབས་ཅིག་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སྤྱི་ཡོངས་ཀྱི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པའི་བརྒྱུད་རིམ་ནང་དུ་མི་རིགས་ཁག་གི་བྱེ་བྲག་གི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་དགོས་ལ། རྒྱ་རིགས་ཆེན་མོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་གནོད་པ་ཡོད་པ་རེད། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་བར་གྱི་འབྲེལ་བ་ཡང་དག་པར་ངེས་ཤེས་བྱས་ཏེ། མི་རིགས་ཁག་གི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་རྩ་བ་དང་མི་རིགས་ཁག་གི་རིག་གནས་ནི་ཡན་ལག་ཡིན་ལ། རྩ་བ་ཟབ་ཅིང་གཞུང་རྐང་རྒྱས་ན་ད་གཟོད་ཡལ་ག་སྟུག་ཅིང་ལོ་འདབ་རྒྱས་ཀྱི་རེད། དངོས་པོ་དང་བསམ་པའི་བར་གྱི་འབྲེལ་བ་ཡང་དག་པར་ངེས་ཤེས་བྱས་ཏེ། བསྒྱུར་བཅོས་དང་འཕེལ་རྒྱས་ཡོད་ཚད་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དོན་སྙིང་དང་། གཅིག་གྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་དོན་སྙིང་བཅས་ལྡན་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་སྲ་བརྟན་གཞོམ་གཞིག་མེད་པར་གཏོང་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་“རྩ་གནད་”ཡིན་པས། ལས་དོན་མཐའ་དག་དེའི་ཕྱོགས་སུ་དམིགས་དགོས། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་སྦྱོང་དང་སློབ་གསོ་ལས་ང་ཚོའི་ཏང་གི་ལོ་བརྒྱའི་མི་རིགས་ལས་དོན་གྱི་རྒྱལ་ཁའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱེད་དགོས་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་ང་ཚོའི་ཏང་གི་དགོངས་པ་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཤིང་། དེང་རབས་ཀྱི་ཤེས་དཔལ་སློབ་གསོར་ཤུགས་རྒྱག་པ་དང་། ཤེས་དཔལ་གསར་སྐྲུན་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན། དུས་རབས་ཀྱི་མི་གསར་སྐྱེད་སྲིང་སོགས་ཀྱི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། བསམ་པའི་འཁྱེར་སོ། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་ཁྲིད་སྟོན་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དུ་གཏོང་དགོས་པ་དང་། མི་རིགས་ཁག་གི་སྐད་ཡིག་ཚན་རིག་དང་མཐུན་པར་སྲུང་སྐྱོབ་བྱེད་དགོས་ལ། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྩི་འཇོག་དང་འགན་སྲུང་བྱེད་དགོས།
མི་རིགས་ཁག་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་དགོས། ཁྱད་པར་ཡོད་པའི་ས་ཁོངས་རྒྱབ་སྐྱོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་དང་། མི་རིགས་ས་ཁུལ་གྱིས་བསྒྱུར་བཅོས་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་བསྐོས་ཐང་དང་། འཕེལ་རྒྱས་ཆ་རྐྱེན། བལྟོས་པའི་བཟང་ཆ་སོགས་ཀྱི་དོན་དངོས་གཞིར་བཟུང་སྟེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་དུ་འདྲེས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཅས་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་འཕྲུལ་མེད་དུ་རྙེད་པར་བྱེད་དགོས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་བཀོད་པ་ལེགས་སྒྱུར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱིས་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་རྒྱབ་སྐྱོར་བྱས་ནས་ཞིང་འབྲོག་ལས་རིགས་སྤུས་མཐོ་ནུས་ཆེ་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ། ཞིང་འབྲོག་པ་ཕྱུག་པོ་འབྱོར་པོ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། མཐའ་རྒྱུད་གསར་སྤེལ་སྒོ་འབྱེད་ཀྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་དགོས།
མི་རིགས་ཁག་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་བློ་གང་ལེགས་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་པ་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བགོ་སྒྲིག་ལ་གཅིག་འདོམས་བྱེད་པ་དང་། སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ཁོར་ཡུག་ཡག་པོ་སྐྲུན་པ་བཅས་ཀྱི་ཐོག་ནས་བར་སྟོང་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ཅིའི་ཐད་ནས་མི་རིགས་ཁག་རིམ་བཞིན་ཕྱོགས་མཐའ་ཡོངས་ནས་འདུས་འདྲེས་ཡོང་བར་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་ནང་དོན་ཇེ་ཟབ་ཏུ་གཏོང་བ་དང་། རྣམ་པ་ཇེ་རྒྱས་སུ་གཏོང་བ། ཐབས་ལམ་གསར་གཏོད་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་དྲིལ་བསྒྲགས་སློབ་གསོ་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་འཛུགས་རྒྱུ་དེ་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་ཀྱི་སློབ་གསོ་བཅས་ཀྱི་མ་ལག་ནང་བཅུག་ནས་སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོར་སྒྲུབ་དགོས།
མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ཏེ། དྲང་གཞག་དང་དྲང་བདེན་རྩ་དོན་དུ་འཛིན་པ་དང་། ས་ཁོངས་ཅན་དང་གནད་འཁེལ་རང་བཞིན་འབུར་དུ་བཏོན་ནས་དམིགས་བཙུགས་ས་ཁུལ་དང་། དམིགས་བསལ་གནད་དོན། དམིགས་བསལ་དོན་དག་བཅས་ལ་དམིགས་ཏེ་ཁྱད་པར་ཡོད་པའི་ས་ཁོངས་རྒྱབ་སྐྱོར་གྱི་སྲིད་ཇུས་སྔར་ལས་མང་པོ་གཏན་ལ་འབེབས་པ་དང་ལག་བསྟར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་གྱོད་གཞི་དང་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འཚམ་པོ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོད་པ་བྱེད་དགོས།
མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགལ་རྐྱེན་ཚབས་ཆེན་འགོག་ཟོན་མཐའ་གཅིག་ཏུ་བྱེད་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་བྱས་ནས་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་འོས་ཤིང་འཚམ་པར་ཐག་གཅོད་ཧུར་ཐག་བྱེད་དགོས་པ་དང་། མི་རིགས་ཁ་ཕྲལ་དང་ཆོས་ལུགས་ཐལ་སྐྱོད་ཀྱི་བསམ་བློའི་དུག་རྒྱུན་རྒྱུན་མཐུད་ངང་གཙང་སེལ་བྱེད་དགོས། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་རྒྱག་དགོས་པ་དང་། གཙོ་གནད་རྒྱལ་ཁབ་དང་ས་ཁུལ་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མི་ཚོགས་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་དགོས།
ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོར་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན། ཏང་ཨུ་རིམ་པ་ཁག་གིས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་བརྟན་པོར་འཛིན་པ། བྱེད་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་ཉིད་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་ནས་ཏང་ཨུས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ་བྱེད་ཅིང་། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར་བྱེད་པ། མི་རིགས་ལས་དོན་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ། སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཐེ་ཞུགས་བྱེད་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བཀོད་པ་ཆགས་པར་བྱེད་དགོས། གཞི་རིམ་གྱི་མི་རིགས་ལས་དོན་སྒྲིག་གཞི་འཛུགས་སྐྲུན་དང་མི་རིགས་ལས་དོན་གྱི་སྟོབས་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་མི་རིགས་ལས་དོན་ནུས་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པ་དང་། ཡིན་མིན་བླང་དོར་ཆེན་པོའི་ལངས་ཕྱོགས་ཤན་འབྱེད་བྱེད་པའི་རིག་པ་ཧ་ཅང་གསལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ཆོད་སེམས་ཧ་ཅང་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་བཅངས་པའི་བརྩེ་དུང་ཧ་ཅང་རྣམ་དག་བཅས་ཡིན་པའི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྲུན་ཧུར་ཐག་བྱས་ནས་རིམ་པ་ཁག་གི་འགོ་ཁྲིད་དབང་ཆ་བློ་དཀར་སྤྱོད་གཙང་འཁུར་ལེན་བཅས་ཀྱི་ལས་བྱེད་པའི་ལག་ཏུ་འཛིན་པ་འགན་ལེན་ཏན་ཏིག་བྱེད་དགོས། ཆ་རྐྱེན་ཞན་པའི་ས་ཁུལ་དུ་ལས་ཀ་བྱེད་པའི་ལས་གནས་དང་པོའི་ལས་བྱེད་པར་སྔར་བས་མཐོང་ཆེན་དང་། སེམས་ཁུར། བདག་གཅེས་བཅས་བྱེད་དགོས་པ་དང་། ཤེས་ལྡན་མི་སྣ་ཕུལ་བྱུང་ཅན་སྔར་ལས་མང་པོ་བློ་འགུག་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་ཡག་པོ་བྱ་རྒྱུར་མཐོང་ཆེན་བྱས་ནས་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་འགན་འཁྲི་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་ཕུལ་བྱུང་ཅན་ལ་སྒོ་ཀུན་ནས་ཡིད་ཆེས་བྱེད་པ་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ཏང་གི་མི་རིགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྐོར་གྱི་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་། མི་རིགས་ལས་དོན་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པར་འགན་ལེན་ཏན་ཏིག་བྱེད་དགོས།
༄༅། །མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་འཐུས་ཚང་གཏོང་དགོས།
(2021ལོའི་ཟླ་10ཚེས་13ཉིན།)
མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སིའི་རིང་ལུགས་ཀྱི་རྒྱལ་ཁབ་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་འཚམ་མཐུན་བཅས་བྱས་ཏེ། རྒྱལ་ཁབ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེད་ནས་མདུན་དུ་བསྐྱོད་པར་འགན་ལེན་ནུས་ལྡན་བྱེད་པ་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས་དང་། ཚད་གང་ཆེའི་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གསུམ་གཞི་མཐུན་པར་གཅིག་གྱུར་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་དེ་འཇགས་ཟིང་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཐར་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་པ་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པའི་གནད་ཆེའི་ཆབ་སྲིད་ཀྱི་འབྲེལ་བ་རབ་དང་རིམ་པ་ཡང་དག་པར་ཐག་གཅོད་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་དང་གོ་འཕེར་ངང་བྱ་གཞག་ཁག་སྒྲིག་འཛུགས་བྱ་རྒྱུ་མངོན་འགྱུར། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་ལ་བརྟན་བརླིང་དང་སྒྲིག་ལམ་ཡང་ལྡན་པ་འགན་ལེན་ནུས་ལྡན་བྱེད་པ་ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་འདོམས་བྱས་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འགོ་བརྩམས་ཏེ། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། འདུ་ཤེས་གསར་པ་དང་བསམ་བློ་གསར་པ་དང་བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད། གཙོ་བོར་གཤམ་གསལ་གྱི་ཕྱོགས་འགའ་ཡོད་དེ།
གཅིག་ནི་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས་སྲིད་ཇུས། ཐབས་ཇུས་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་ལས་དོན་ནང་དུ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཕན་འབྲས་ལྡན་པར་ལག་བསྟར་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཧུར་བརྩོན་རང་འགུལ་དང་། རང་ཚུགས་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་སྒོ་ནས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གི་འདོད་བློ་ཁྲིམས་བཀོད་ཀྱི་ལས་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འདོད་བློ་རུ་སྒྱུར་མཁས་པོ་དང་། ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་འོས་མི་ཁྲིམས་བཀོད་ཀྱི་ལས་རིམ་བརྒྱུད་དེ་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣར་སྒྱུར་མཁས་པོ། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་ལ་བརྟེན་ནས་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱ་རྒྱུ་ལག་བསྟར་བྱེད་མཁས་པོ། ཏང་དང་རྒྱལ་ཁབ་ཀྱི་དབང་གྲགས་སྲུང་སྐྱོང་དང་། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བཅས་བྱེད་དགོས།
གཉིས་ནི་ངེས་པར་དུ་ལམ་ལུགས་ཀྱི་མ་ལག་སྤྱད་དེ་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་བ་རྒྱུན་འཁྱོངས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན། དམངས་གཙོའི་ལམ་ལུགས་ཆ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་གྲ་རྒྱས་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། མི་དམངས་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་ཡོང་བའི་ཁེ་དབང་འགན་ལེན། སྔར་བས་ཁྱབ་རྒྱ་ཆེ་བ་དང་། སྔར་བས་མཐར་ཕྱིན་པ། སྔར་བས་ཆ་ཚང་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།
གསུམ་ནི་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་དོན་དར་སྤེལ། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དང་ལས་དོན་ཁག་སྐུལ་འདེད། སྤྱི་ཚོགས་ཀྱི་དྲང་སྙོམས་དང་དྲང་བདེན་སྲུང་སྐྱོང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ལས་དོན་ཁག་ཁྲིམས་སྐྱོང་ཅན་དུ་འགྱུར་བར་བྱེད་དགོས།
བཞི་ནི་ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་གཅིག་གྱུར་ཐོག་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དམངས་གཙོས་འདེམས་བསྐོ་བྱས་ནས་ཐོན་རྒྱུ་དང་། དེས་མི་དམངས་ལ་འགན་འཁྲི་འཁུར་རྒྱུ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་རིམ་པ་ཁག་ཚང་མ་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་ནས་ཐོན་རྒྱུ་དང་། དེ་དག་གིས་མི་དམངས་འཐུས་ཚོགས་ལ་འགན་འཁྲི་འཁུར་རྒྱུ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ། ཇུས་ཐག་གཅོད་དབང་དང་། ལག་བསྟར་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ལས་བགོས་ལུགས་མཐུན་ཡིན་ལ་ཕན་ཚུན་མཐུན་སྦྱོར་ཡང་ཡིན་པ་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་ཁྲིམས་བཀོད་ཀྱི་དབང་ཚད་དང་ལས་རིམ་ལྟར་འགན་དབང་སྤྱོད་པ་དང་འགན་འཁྲི་བསྒྲུབ་རྒྱུ་འགན་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཐོག་ས་གནས་ཀྱི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱིས་གཅིག་གྱུར་དང་གོ་འཕེར་ངང་བྱ་གཞག་ཁག་སྒྲིག་འཛུགས་དང་སྐུལ་འདེད་གཏོང་རྒྱུ་འགན་ལེན་བྱེད་དགོས།
ལྔ་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་པར་གཅིག་གྱུར་བྱེད་པའི་སྲོག་ཤིང་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཡིན། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཞི་མཐུན་པར་གཅིག་གྱུར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་པ་དང་། དེས་ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པ་འགན་ལེན་བྱེད་པ་ཡིན། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ལ་དཔེ་ལྟ་བྱས་ཆོག་མོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དཔེ་སྲོལ་འདྲ་བཤུ་གཏན་ནས་བྱེད་མི་རུང་།
དྲུག་ནི་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་ཚད་ལྡན་ཅན་དང་ལས་རིམ་ཅན་དུ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་འབྲས་སུ་སྔར་ལས་ལྷག་པར་བསྒྱུར་དགོས།
ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ལམ་ལུགས་ཀྱི་འགྲན་རྩོད་ནི་ཕྱོགས་བསྡུས་རྒྱལ་སྟོབས་འགྲན་རྩོད་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་ལ། ལམ་ལུགས་ཀྱི་དགེ་མཚན་ནི་རྒྱལ་ཁབ་ཅིག་གིས་འཐབ་ཇུས་ཀྱི་རང་དབང་ལག་ཏུ་ཟིན་པའི་དགེ་མཚན་གལ་ཆེན་ཞིག་ཀྱང་ཡིན། ལམ་ལུགས་བརྟན་ན་རྒྱལ་ཁབ་བརྟན་པ་དང་། ལམ་ལུགས་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དེ་ལོ་རྒྱུས་དང་དོན་དངོས་ཀྱིས་གསལ་པོར་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཚོགས་ཆེན་བཅུ་དགུ་པ་གཉིས་ཀས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ལ་ཤུགས་རྒྱག་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་ཀ་ཡག་པོར་སྒྲུབ་དགོས་པའི་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་སྟེང་དུ། ང་ཚོས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱི་སྒོ་ནས་འཐུས་ཚང་གཏོང་དགོས་པ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་ཤུགས་རྒྱག་པ་དང་ལེགས་སྒྱུར་བྱེད་དགོས།
དང་པོ། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་བྱེད་དགོས། གནའ་མིའི་གཏམ་ལ་“ཁྲིམས་ནི་ཅི་ཞེ་ན། རྒྱལ་ཁབ་ཀྱི་གཉའ་ཤིང་། སྤྱི་ཚོགས་ཀྱི་ཚད་གཞིའོ། །”[1]ཞེས་པ་ལྟར། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བར་གྱུར་པའི་ཁྲིམས་ཡིན་པ་དེས་ཏང་དང་མི་དམངས་ཀྱི་འདོད་བློ་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་། དེར་བཅའ་ཁྲིམས་ཀྱི་གོ་གནས་དང་། བཅའ་ཁྲིམས་ཀྱི་དབང་གྲགས། བཅའ་ཁྲིམས་ཀྱི་ནུས་པ་བཅས་མཐོ་ཤོས་ལྡན་ཡོད་པ་རེད། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཐུན་མོང་གི་འདོད་བློའི་དབང་གྲགས་སྲུང་སྐྱོང་བྱེད་པ་རང་ཡིན་པ་དང་། རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་ནི་ཏང་དང་མི་དམངས་ཐུན་མོང་གི་འདོད་བློའི་ལ་རྒྱ་སྲུང་སྐྱོང་བྱེད་པ་རང་ཡིན་ལ། རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡོང་བ་འགན་ལེན་བྱེད་པ་རང་ཡིན་ཞེས་ངས་ཐེངས་མང་ནན་བཤད་བྱས་མྱོང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་དྲག་ཆས་སྟོབས་ཤུགས་ཡོད་ཚད། སྲིད་ཏང་ཁག་དང་སྤྱི་ཚོགས་ཚོགས་པ་ཁག །ཁེ་ལས་དང་བྱ་ལས་ཀྱི་རྩ་འཛུགས་ཁག་བཅས་ཚང་མས་ངེས་པར་དུ་རྩ་ཁྲིམས་ཉིད་རྩ་བའི་བྱ་སྤྱོད་ཚད་གཞིར་འཛིན་དགོས་པར་མ་ཟད། ད་དུང་རྩ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པ་དང་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་བྱེད་པའི་འགན་འཁྲི་འཁུར་དགོས། རྩ་འཛུགས་གང་དང་མི་སྒེར་སུ་ཞིག་ཡིན་རུང་རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་ཁྱད་དབང་ཡོད་མི་ཆོག་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་མཐའ་དག་ངེས་པར་དུ་བདའ་འདེད་དང་ཡོ་བསྲང་བྱེད་དགོས།
ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དང་རྩ་ཁྲིམས་ལྟར་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱི་གོ་གནས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་རྩ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡིན་ལ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོས་དབང་གི་བླང་བྱའང་ཡིན། རྩ་ཁྲིམས་ཉིད་རྩ་བའི་བྱ་སྤྱོད་ཚད་གཞིར་འཛིན་པ་དང་། ཚན་རིག་དང་མཐུན་ཞིང་སྤྱོད་གོ་ཆོད་པ་དང་ལེ་ལག་ཚང་བའི་ལམ་ལུགས་ཀྱི་མ་ལག་སྤྱད་དེ་རྩ་ཁྲིམས་ལག་བསྟར་བྱ་རྒྱུ་འགན་ལེན་དང་། རྩ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་རྒྱག་པ། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ལ་རྒྱ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཏང་གིས་མི་དམངས་ལ་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་དགོས་ན། ཏང་རང་ཉིད་ཀྱིས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་དུ་བྱ་སྤྱོད་སྤེལ་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། ལྟ་ཞིབ་ཨུ་ལྷན། ཁྲིམས་ཁང་། ཞིབ་དཔྱོད་ཁང་བཅས་ཚང་མས་གཟབ་ནན་སྒོས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་ཧུར་བརྩོན་རང་འགུལ་དང་། རང་ཚུགས་སུ་འགན་འཁུར། མཐུན་སྦྱོར་གཅིག་གྱུར་བཅས་ཀྱི་སྒོ་ནས་ལས་དོན་སྒྲུབ་དགོས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལམ་ལུགས་དང་། རྩ་དོན། སྒྲིག་སྲོལ་བཅས་ཕྱོགས་ཡོངས་ནས་ལག་བསྟར་ཡོང་རྒྱུ་འགན་ལེན་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་ཁྲིམས་དང་མཐུན་མིན་ལ་ཞིབ་བཤེར་བྱེད་པ་དང་ཐོ་འགོད་ཞིབ་བཤེར་བྱེད་པའི་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་དང་། རྩ་ཁྲིམས་དང་འགལ་བ་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རྩ་ཁྲིམས་འགྲེལ་བཤད་སྐོར་གྱི་ལས་རིམ་དང་ལམ་སྲོལ་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱི་དོ་ཁུར་ལ་ཡ་ལན་ཧུར་ཐག་སློག་དགོས། ཀྲུང་དབྱང་གིས་རྩ་ཁྲིམས་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལྟར་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་བདག་སྐྱོང་བྱེད་པའི་དབང་ཆ་སྤྱོད་པའི་བཅའ་ཁྲིམས་དང་ལམ་ལུགས་ཆ་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དང་འབྲེལ་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་ཅན་གྱི་སྒྲིག་ལམ་དང་ཁྲིམས་སྐྱོང་སྒྲིག་ལམ་སྲུང་སྐྱོང་བཅས་བྱེད་དགོས། ས་གནས་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་། རང་སྲིད་འཛིན་ཁྱབ་ཁོངས་ནང་དུ་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་དང་ལག་བསྟར་ཐུབ་པ་འགན་ལེན་བྱས་ཏེ། རང་རྟོགས་ངང་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་དགོས།
གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་སྟེ་ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་སྐུལ་སྤེལ་དང་བཟང་སྐྱོང་འགན་སྲུང་བྱེད་དགོས། “གང་དུ་དགེ་བའི་ཁྲིམས་བཙུགས་པའི། །ཞིང་ཁམས་དེ་ནི་བདེ་བར་འགྱུར། །གང་དུ་དགེ་བའི་ཁྲིམས་བཙུགས་པའི། །རྒྱལ་ཁབ་དེ་ནི་བདེ་བར་འགྱུར། །”[2] བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ཏང་གི་འགོ་ཁྲིད་འོག་ཕྱོགས་སོ་སོས་འབད་བརྩོན་བྱས་ནས་རང་རྒྱལ་གྱིས་ལོ་ངོ་30ལྷག་རིང་གི་དུས་ཚོད་བེད་སྤྱད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་བཙུགས་པ་དེ་ནི་མིའི་རིགས་ཀྱི་ཁྲིམས་སྐྱོང་ལོ་རྒྱུས་ཐོག་གི་དཔེ་མི་སྲིད་པའི་གྲུབ་འབྲས་ཤིག་རེད། དེ་དང་ཆབས་ཅིག་ཏུ་དུས་རབས་མདུན་དུ་སྐྱོད་བཞིན་ཡོད་པ་དང་ལག་ལེན་གོང་དུ་འཕེལ་བཞིན་ཡོད་པས། བཅའ་ཁྲིམས་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ལ་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་འདོན་དགོས་པ་དང་། བཅའ་ཁྲིམས་མ་ལག་ངེས་པར་དུ་དུས་བསྟུན་མདུན་སྐྱོད་ཀྱིས་འཐུས་ཚང་དུ་གཏོང་དགོས་པའང་ཤེས་དགོས།
ཏང་གིས་ཁྲིམས་འཛུགས་ལས་ཀར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུར་ཤུགས་བརྒྱབ་ནས་ཏང་ཨུ་ཡིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་གིས་གདུང་འདེགས། ཕྱོགས་སོ་སོ་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་འཛུགས་ལས་དོན་གྱི་བཀོད་པ་འཐུས་ཚང་དུ་གཏོང་དགོས། བསྒྱུར་བཅོས་འཕེལ་རྒྱས་ཀྱི་བཀོད་ཇུས་དང་ཁྲིམས་འཛུགས་བཀོད་ཇུས་གཉིས་སྔར་ལས་ལྷག་པར་ཟུང་འབྲེལ་བྱས་ཏེ། བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཐོག་ནས་ཁྲིམས་སྐྱོང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། སྔར་བས་འཐུས་སྒོ་ཚང་བའི་ཁྲིམས་སྐྱོང་གི་ཐོག་ནས་ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་གསར་གཏོད་འགན་སྲུང་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དང་གནད་ཆེའི་བསྒྱུར་བཅོས་བྱེད་པར་གཞིར་འཛིན་སའི་བཅའ་ཁྲིམས་ཡོད་པ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱིར་འབྲེལ་ཁྲིམས་སྐྱོང་ལ་གཅིག་འདོམས་ཀྱིས་སྐུལ་འདེད་དང་། འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད། རང་རྒྱལ་གྱི་བཅའ་ཁྲིམས་མངའ་ཁོངས་ཕྱིར་སྤྱད་འཐུས་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད། ཁྲིམས་སྐྱོང་གི་ཐམས་ལམ་སྤྱད་དེ་འགྲན་སློང་ལ་ཁ་གཏད་འཇལ་བ་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། འཛུགས་བཅོས་འདོར་འགྲེལ་སྒྲིག་བཅས་ཕྱོགས་ལྔ་པོ་གཅིག་གྱུར་འཆར་འགོད་བྱས་ནས་བཅའ་ཁྲིམས་དང་། སྲིད་འཛིན་ཁྲིམས་སྲོལ། ལྟ་ཞིབ་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་ཀྱི་མ་ལག་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་དགོས།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཡིན་པས། སྤུས་ཚད་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྲིམས་འཛུགས་ལས་དོན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་བཏང་སྟེ། བཅའ་ཁྲིམས་མ་ལག་སྔར་བས་ཚན་རིག་དང་མཐུན་ཞིང་ཆ་ཚང་བ་དང་། གཅིག་གྱུར་ཡིན་ཞིང་དབང་གྲགས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱིར་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཤུགས་རྒྱག་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་འཛུགས་ནང་དུ་འདུ་རུ་འཇུག་པར་མཐོང་ཆེན་བྱེད་དགོས་ལ། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་འཕྲལ་མཁོ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་ཉེ་བར་མཁོ་བའི་བཅའ་ཁྲིམས་ལམ་ལུགས་ཆ་ཚང་དུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ཁྲིམས་འཛུགས་ཁྱབ་ཁོངས་སུ་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་ལས་ཀ་མུ་མཐུད་དུ་སྒྲུབ་དགོས།
ཁྲིམས་བཟང་ནི་ལེགས་སྐྱོང་གི་སྔོན་འགྲོ་ཡིན། “ཁྲིམས་ཞེས་བྱ་བ་ནི། གནམ་ནས་ལྷུང་བ་ཞིག་མིན་ལ། ས་ནས་སྐྱེ་བ་ཞིག་ཀྱང་མིན། དེ་ནི་འཇིག་རྟེན་མི་ཡུལ་ནས་བྱུང་ཞིང་མིའི་བློ་འདོད་དང་མཐུན་པ་ཞིག་གོ །”[3]ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་རྒྱུའི་གནད་འགག་འདི་དམ་འཛིན་དང་། ཁྲིམས་འཛུགས་ལས་དོན་ནང་གི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་དེ་མཚོན་པར་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་རྒྱབ་རྟེན་བཅོལ་རྒྱུ་རྒྱུན་འཁྱོངས། གཟབ་ནན་སྒོས་ཁྲིམས་བཀོད་དབང་མཚམས་དང་ཁྲིམས་བཀོད་ལས་རིམ་ལྟར་བྱ་རྒྱུ་རྒྱུན་འཁྱོངས། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། དམངས་གཙོས་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛུགས་བྱེད་སྟངས་གྲ་རྒྱས་ཕུན་ཚོགས་སུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་། སྤྱད་འཐུས་རང་བཞིན། ཁ་སྒྱུར་ཆོག་པའི་རང་བཞིན་བཅས་ཆེ་རུ་གཏོང་དགོས། གཟབ་ནན་སྒོས་ཁྲིམས་བཀོད་དབང་མཚམས་དང་ལས་རིམ་ལྟར་སྲིད་འཛིན་ཁྲིམས་སྲོལ་དང་། ལྟ་ཞིབ་ཁྲིམས་སྲོལ། སྡེ་ཁག་གི་སྒྲིག་སྲོལ་བཅས་གཏན་འབེབས་བྱས་ནས་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་སྤུས་ཚད་འགན་ལེན་བྱེད་དགོས། ཁྲིམས་འཛུགས་དབང་ཆ་ཡོད་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱིས་གཟབ་ནན་སྒོས་ཁྲིམས་འཛུགས་དབང་མཚམས་བརྩི་སྲུང་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཛད་ཇུས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ས་གནས་ཁྲིམས་འཛུགས་ལས་དོན་ཡག་པོར་སྒྲུབ་དགོས་པ་དང་། ཤུགས་བརྒྱབ་ནས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།
གསུམ་པ། རྩ་ཁྲིམས་ཀྱིས་མི་དམངས་འཐུས་ཚོགས་ལ་བསྩལ་བའི་ལྟ་སྐུལ་གྱི་དབང་ཆ་བཀོལ་སྤྱོད་ཡག་པོ་བྱས་ཏེ་ཡང་དག་པར་ལྟ་སྐུལ་དང་། ནུས་ལྡན་ངང་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་བྱེད་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་དོན་གལ་ཆེན་དང་ལམ་ལུགས་ཇུས་འགོད་ཀྱི་གཞི་རྩའི་བླང་བྱ་ནི། རྒྱལ་ཁབ་ཀྱི་ལས་ཁུངས་གང་རུང་དང་དེ་དག་གི་ལས་བྱེད་མི་སྣའི་དབང་ཆར་ལྟ་སྐུལ་དང་ཚོད་འཛིན་ཐེབས་དགོས་པ་དེ་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནང་གི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་སྔར་བས་ཡག་པོ་བྱེད་དགོས་པ་དང་། མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་པ་དང་། དབང་ཆ་ཉི་འོད་འོག་ཏུ་བཀོལ་སྤྱོད་བྱེད་དུ་འཇུག་པ། ལམ་ལུགས་ཀྱི་གཟེབ་དྲས་དབང་ཆར་གཅུན་འདོམས། ཁྲིམས་སྐྱོང་གི་སྲབ་མདས་དབང་ཆར་ཁ་སྒྱུར་བཅས་བྱེད་དགོས།
རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེ་དག་གི་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་ལྟ་སྐུལ་གྱི་དབང་ཆ་བཀོལ་སྤྱོད་བྱས་ཏེ། ཡང་དག་པར་ལྟ་སྐུལ་དང་། ནུས་ལྡན་ངང་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་དང་ལ་རྒྱ་དང་དབང་གྲགས་སྲུང་སྐྱོང་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ནུས་ལྡན་ངང་ལག་བསྟར་ཐུབ་པ་འགན་ལེན་ཏན་ཏིག་བྱེད་དགོས་ཤིང་། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་པར་སྤྱོད་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
རང་རྒྱལ་གྱི་ཆབ་སྲིད་སྒྲིག་སྲོལ་ལས། མི་དམངས་འཐུས་ཚོགས་ལ་“གཞུང་གཅིག་ལྷན་གཅིག་ཁང་གཉིས་”[4]ལ་ལྟ་སྐུལ་བྱེད་ནུས་ལྡན་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་བར་ལས་དོན་གྱི་བསྒྲིལ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། གཙོ་གནད་འབུར་ཐོན་བཅས་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་རྩེ་གཅིག་ཏུ་དམིགས་པ། མི་དམངས་མང་ཚོགས་ཀྱི་གང་བསམ་གང་རེ་གང་སྨོན་བཅས་ལ་རྩེ་གཅིག་ཏུ་དམིགས་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བའི་འགལ་བ་དང་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བཀོད་ལྟ་སྐུལ་བྱེད་སྟངས་གཅིག་འདོམས་ཀྱིས་བཀོལ་སྤྱོད་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་དུ་འགན་འཁྲི་སྒྲུབ་པ་དང་ལས་དོན་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་བསྟར་དང་ཁྲིམས་འཛིན་ལས་དོན་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་དང་བྱེད་སྟངས་ཆ་ཚང་དུ་གཏོང་དགོས། “གཞུང་གཅིག་ལྷན་གཅིག་ཁང་གཉིས་”རིམ་པ་ཁག་གིས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་གྲོས་ཆོད་དང་གཏན་འབེབས་ཁག་ལག་བསྟར་ནན་མོ་བྱེད་དགོས་པ་དང་། ཁྲིམས་ལྟར་ལས་དོན་སྙན་སེང་ཞུ་དགོས་ལ། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།
བཞི་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་ལ་རེ་འབོད་གང་ཡོད་ལ་ཡ་ལན་བསློག་དགོས། “སྲིད་སྐྱོང་བའི་གནད་ག་ནི་དམངས་སེམས་ལ་བསྟུན་རྒྱུ་རྩ་བར་འཛིན་པའོ། །”[5]མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ལ་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་མངོན་གསལ་ལྡན་པའི་འགག་རྩ་ནི་དེ་ཉིད་མི་དམངས་ཀྱི་ནང་དུ་རྩ་བ་ཟབ་མོ་ཟུག་ཡོད་པ་དེ་ཡིན། རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་ཚང་མས་ངེས་པར་དུ་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་དམངས་སེམས་ཁོང་གི་གོ་གནས་མཐོ་ཤོས་སུ་འཇོག་པ། མི་དམངས་དང་འབྲེལ་འདྲིས་དམ་ཟབ་མཐའ་འཁྱོངས། མི་དམངས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པོ་བཟོ་བ་དང་། འབྲེལ་འདྲིས་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཡ་ལན་ཧུར་ཐག་སློག་པ་བཅས་བྱས་ཐོག་མི་དམངས་ལ་འབྲེལ་འདྲིས་ཟབ་མོ་དང་། མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས། མི་དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་འཚོར་ཕན་ཐོགས་སྒྲུབ་པ་བཅས་དེ་བས་ཡག་པོ་བྱེད་དགོས། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་རིམ་པ་ཁག་གིས་འཐུས་མིའི་ལས་སྒྲུབ་འཇོན་ཐང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། འཐུས་མིས་སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་ལྟར་ལས་འགན་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཏེ། མི་དམངས་འཐུས་ཚོགས་རིམ་པ་ཁག་གི་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།
མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཕྲག་ཏུ་མི་དམངས་ཀྱིས་བསྩལ་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཁུར་ཡོད་པས། བློ་དཀར་སེམས་དཀར་གྱིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་ཁྲིམས་ལྟར་ཐེ་ཞུགས་བྱེད་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ། བསམ་བློ་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ། རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་གི་མིག་དཔེ་བྱེད་པ་བཅས་ཀྱི་སྒོ་ནས་ཆབ་སྲིད་སྟེང་གི་གོ་ཤེས་ཅན་ཞིག་བྱེད་དགོས། མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ནང་དུ་རྩ་བ་ཚུགས་པའི་ཁྱད་ཆོས་དང་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་སྦྲེལ་ཟམ་ཡག་པོ་བྱེད་པ། ཚད་གང་ཆེའི་སྒོ་ནས་མཐུན་རྐྱེན་སྐུལ་སློང་དང་འགལ་རྐྱེན་སེལ་བར་བྱེད་པ་བཅས་ཀྱི་ཐོག་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཉམས་བཟང་སྟོན་དགོས།
ལྔ་པ། ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་ཆེ་རུ་བསྐྱེད་དེ་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྲུན་ལ་ཤུགས་རྒྱག་དགོས། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་དེ་དག་གི་རྒྱུན་ལས་ཨུ་ལྷན་གྱིས་“འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱེད་པ་དང་། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ངེས་ཤེས་འདྲོང་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་རང་རྟོགས་ངང་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ལས་ཁུངས་ཤིག་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཤིག །རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ཁག་ཕྱོགས་ཡོངས་ནས་འཁུར་ཐུབ་པའི་ལས་སྒྲུབ་ལས་ཁུངས་ཤིག །ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་མཐའ་འཁྱོངས་བྱེད་པའི་འཐུས་མིའི་ལས་ཁུངས་ཤིག་བཅས་སུ་འགྱུར་བར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་། ཆེད་དོན་ཨུ་ལྷན་གྱི་ཁོངས་མིའི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས་ཆབ་སྲིད་བརྟན་པོ་དང་། མི་དམངས་ལ་ཞབས་ཞུ། ཁྲིམས་སྐྱོང་ལ་གོང་བཀུར། དམངས་གཙོ་དར་སྤེལ། ལྷུར་ལེན་གཙང་སྒྲུབ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་འཛུགས་སྐྲུན་བྱེད་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། གཟབ་ནན་སྒོས་ཁྲིམས་བཀོད་འགན་འཁྲི་སྒྲུབ་པ་དང་། ཁྲིམས་བཀོད་ལས་རིམ་བརྩི་སྲུང་བྱེད་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་བཀག་འགོག་ཀྱང་བྱས་ཏེ། མི་དམངས་འཐུས་ཚོགས་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།
དྲུག་པ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་རྒྱལ་ཁབ་སྲིད་དབང་ལས་ཁུངས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་ལ། ཏང་གིས་རྒྱལ་ཁབ་སྲིད་དབང་གི་ནང་དུ་སྒོ་ཀུན་ནས་དམངས་གཙོ་དར་སྤེལ་དང་མང་ཚོགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་མངོན་འགྱུར་བྱེད་སྟངས་གལ་ཆེན་ཞིག་ཀྱང་ཡིན། ཏང་ཨུ་རིམ་པ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། དུས་བཀག་ལྟར་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ལས་ཀའི་སྙན་ཞུར་ཉན་དགོས་ལ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གནས་པའི་གནད་དོན་གལ་ཆེན་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། “གཞུང་གཅིག་ལྷན་གཅིག་ཁང་གཉིས་”ཀྱིས་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་པ་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པ་དང་ཏང་སྲིད་སྡེ་ཁག་དང་སྲིད་འཛིན་སྡེ་ཁག་གི་ལས་བྱེད་པའི་བར་དུ་ལུགས་མཐུན་སྤེལ་རེས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་རྩ་འཛུགས་དང་དྲིལ་བསྒྲགས་སོགས་སྡེ་ཁག་སོ་སོས་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བརྒྱབ་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་རིམ་པ་ཁག་གི་ཏང་ཙུའུ་ཡིས་ཏང་གི་འགོ་ཁྲིད་སྐོར་གྱི་ལམ་ལུགས་ཁག་གཟབ་ནན་སྒོས་ལག་བསྟར་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས།
མཆན་འགྲེལ།
[1] ཐང་རྒྱལ་རབས་ཀྱི་ཝུའུ་ཅིང་གི་《ཀྲེན་ཀོན་སྲིད་དོན་ཆེན་པོ་•ཡིད་རྟོན་གླེང་བ་》ཞེས་པར་གསལ།
[2] སུང་རྒྱལ་རབས་བྱང་མའི་ཝང་ཨན་ཧྲི་ཡི་《ཀྲོའུ་ཀུང་》ཞེས་པར་གསལ།
[3] 《ཧྲེན་ཙི་•ཐོར་རྩོམ་》ཞེས་པར་གསལ།
[4] “གཞུང་གཅིག་ལྷན་གཅིག་ཁང་གཉིས་”ཞེས་པ་ནི་མི་དམངས་སྲིད་གཞུང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་བཅས་ལ་ཟེར།
[5] སུང་རྒྱལ་རབས་བྱང་མའི་ཁྲེང་དབྱིའི་《ལུའི་ཧུའེ་ཧྲུའུ་ཡི་ཚབ་ཏུ་བཀའ་ལན་ཕུལ་བའི་འགྲེལ་པ་》ཞེས་པར་གསལ། མ་ཡིག་ཏུ་“སྲིད་དོན་སྐྱོང་བའི་ལུགས་ལ་དམངས་སེམས་དང་བསྟུན་རྒྱུ་གཞི་རྩ་ཡིན་”ཞེས་འབྱུང་།
༄༅། །བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། གོ་ཆོད་ཤོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན།
(2021ལོའི་ཟླ་10ཚེས་13ཉིན།)
དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན་ལ། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ལྷོད་མེད་བྱེད་པའི་འདུ་ཤེས་གལ་ཆེན་ཡང་ཡིན། དམངས་གཙོའི་རིན་ཐང་དང་འདུ་ཤེས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་ཞིང་གོ་ཆོད་ཡིན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཏུ་སྒྱུར་དགོས་པ་དང་། ཇི་ལྟར་བྱས་ནས་བྱེ་བྲག་དང་དོན་དངོས་ཀྱི་དམངས་གཙོའི་ལག་ལེན་དུ་སྒྱུར་དགོས་སམ་ཞེ་ན། དེར་ལོ་རྒྱུས་དང་དོན་དངོས་གཉིས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས། རྣམ་པ་དང་ནང་དོན་གཉིས་བཅས་གཞི་མཐུན་པར་གཅིག་གྱུར་ཡོང་བར་དོ་སྣང་བྱས་ནས་ཡང་དག་པའི་སྒྲིག་སྲོལ་ལམ་སྲོལ་དང་བྱེད་སྟངས་བྱེད་ཐབས་རྙེད་དགོས།
རྒྱལ་ཁབ་གང་ཞིག་གི་ཆབ་སྲིད་ལམ་ལུགས་དེ་དམངས་གཙོ་དང་ནུས་ལྡན་ཡིན་མིན་ལ་གདེང་འཇོག་བྱེད་ཚེ། གཙོ་བོ་རྒྱལ་ཁབ་དེའི་འགོ་ཁྲིད་རིམ་པ་ཁྲིམས་ལྟར་སྲོལ་ལུགས་ལྡན་པའི་ངང་བརྗེ་སྒྱུར་བྱེད་ཐུབ་མིན་དང་། མི་དམངས་ཡོངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་། སྤྱི་ཚོགས་ཀྱི་ལས་དོན། དཔལ་འབྱོར་དང་རིག་གནས་བྱ་གཞག་བཅས་ལ་དོ་དམ་བྱེད་ཐུབ་མིན། མི་དམངས་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་གྱི་དགོས་མཁོ་ལྷུག་པོར་བརྗོད་ཐུབ་མིན། སྤྱི་ཚོགས་ཀྱི་ཕྱོགས་ཚང་མ་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ནུས་ལྡན་ངང་ཐེ་ཞུགས་བྱེད་ཐུབ་མིན། རྒྱལ་ཁབ་ཀྱི་ཇུས་ཐག་གཅོད་སྟངས་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་ཐུབ་མིན། ཕྱོགས་གང་ཅིའི་ཤེས་ལྡན་མི་སྣ་དྲང་སྙོམས་འགྲན་རྩོད་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དོ་དམ་མ་ལག་ཏུ་ཞུགས་ཐུབ་མིན། སྲིད་སྐྱོང་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྒྱལ་ཁབ་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་ཐུབ་མིན། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་ཐེབས་ཐུབ་མིན་བཅས་ལ་ལྟ་དགོས་ཞེས་ངས་བཤད་མྱོང་ཡོད།
དམངས་གཙོ་ནི་རྒྱན་ཆ་ལྟ་བུ་མ་ཡིན་ལ། སྒྲིག་གཤོམ་ལྟ་བུ་ཡང་མ་ཡིན་པར། མི་དམངས་ལ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐག་གཅོད་བྱེད་སྤྱད་ཡིན། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་གྱི་འགག་རྩ་ནི་མི་དམངས་ཀྱིས་དོན་དངོས་ཐོག་རང་ཁྱིམ་རང་བདག་བྱེད་ཐུབ་མིན་ལ་ལྟ་དགོས་ཤིང་། མི་དམངས་ལ་འདེམས་བསྐོའི་དབང་ཆ་ཡོད་མེད་ལ་ལྟ་དགོས་ལ། མི་དམངས་ལ་རྒྱ་ཁྱབ་ཏུ་ཐེ་ཞུགས་བྱེད་དབང་ཡོད་མེད་ལ་དེ་བས་ཀྱང་ལྟ་དགོས། འདེམས་བསྐོ་བྱེད་པའི་བརྒྱུད་རིམ་ལས་མི་དམངས་ལ་ངག་ཐོག་ནས་ཁས་ལེན་གང་འདྲ་བྱས་པར་ལྟ་དགོས་ལ། འདེམས་བསྐོ་བྱས་རྗེས་ཁས་ལེན་དེ་དག་མངོན་འགྱུར་གང་འདྲ་བྱུང་ཡོད་པར་དེ་བས་ཀྱང་ལྟ་དགོས། ལམ་ལུགས་དང་བཅའ་ཁྲིམས་ཀྱིས་ཆབ་སྲིད་ལས་རིམ་དང་ཆབ་སྲིད་སྒྲིག་སྲོལ་གང་འདྲ་ཞིག་གཏན་འཁེལ་བྱས་ཡོད་པར་ལྟ་དགོས་ལ། ལམ་ལུགས་དང་བཅའ་ཁྲིམས་དེ་དག་དངོས་གནས་ལག་ཏུ་བསྟར་ཐུབ་མིན་ལ་དེ་བས་ཀྱང་ལྟ་དགོས། དབང་ཆ་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་དང་ལས་རིམ་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ལ། དབང་ཆར་དངོས་གནས་མི་དམངས་ཀྱི་ལྟ་སྐུལ་དང་ཚོད་འཛིན་ཐེབས་ཡོད་མེད་ལ་དེ་བས་ཀྱང་ལྟ་དགོས་པ་བཅས་ཡིན། གལ་ཏེ་འདེམས་ཤོག་འཕེན་དུས་མི་དམངས་གཉིད་ལས་དཀྲོགས་པ་དང་། འདེམས་ཤོག་འཕངས་རྗེས་དགུན་ཉལ་རྒྱག་ཏུ་འཇུག་པ་ལྟ་བུ་དང་། འདེམས་འགྲན་བྱེད་དུས་འབོད་ཚིག་སྙན་མོ་སྣ་ཚོགས་ལ་ཉན་པ་དང་། འདེམས་འགྲན་བྱས་རྗེས་གཏམ་བཤད་དབང་ཆ་སྤུ་ཙམ་མེད་པ། འདེམས་ཤོག་ཐབས་འགུག་བྱེད་དུས་གཅེས་གཅེས་བྱེད་པ་དང་། འདེམས་བསྐོ་བྱས་རྗེས་ཁ་ཡ་མི་བྱེད་པ་བཅས་ཀྱི་དམངས་གཙོ་དེ་འདྲ་ནི་དམངས་གཙོ་ངོ་མ་ཞིག་མ་རེད།
མདོར་ན། དམངས་གཙོ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཁེ་དབང་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཀྱི་ཆེད་ཁེ་མ་རེད། རྒྱལ་ཁབ་ཅིག་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ན། རྒྱལ་ཁབ་གང་དེའི་མི་དམངས་ཀྱིས་དཔྱད་འཇོག་བྱེད་དགོས་པ་ལས། ཕྱི་ཕྱོགས་ཀྱི་མི་ཉུང་ཤས་ཤིག་གིས་བཀའ་བཀོད་བཏང་ནས་དཔྱད་འཇོག་བྱས་ན་འགྲིག་གི་མ་རེད། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་གི་རྒྱལ་ཁབ་གང་ཞིག་དམངས་གཙོ་ཡིན་མིན་ལ་ལྟ་དགོས་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་དཔྱད་འཇོག་བྱེད་དགོས་པ་ལས། རང་ཉིད་བདེན་པར་རློམ་པའི་རྒྱལ་ཁབ་ཉུང་ཤས་ཤིག་གིས་དཔྱད་འཇོག་བྱས་ན་འགྲིག་གི་མ་རེད། དམངས་གཙོ་མངོན་འགྱུར་བྱེད་སྟངས་སྣ་ཚོགས་ཡོད་པས་ཚང་མ་རྩོམ་བརྒྱ་ལུགས་གཅིག་ཡོང་མི་སྲིད། ཚད་གཞི་གཅིག་རྐྱང་གི་ཐོག་ནས་འཛམ་གླིང་གི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་ལམ་ལུགས་ཚད་འཇལ་བྱེད་པ་དང་། ལྟ་སྟངས་སྣ་གཅིག་གི་ཐོག་ནས་མིའི་རིགས་ཀྱི་རྣམ་པར་བཀྲ་བའི་ཆབ་སྲིད་ཤེས་དཔལ་ལ་ལྟ་ཞིབ་བྱེད་པ་ནི་མ་གཞི་ནས་དམངས་གཙོ་མ་རེད།
ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཐོག་མཐའ་བར་གསུམ་དུ་གཤམ་གསལ་གྱི་གཞི་རྩའི་ལྟ་ཚུལ་ཁག་རྒྱུན་འཁྱོངས་བྱེད་ཀྱི་ཡོད་དེ། གཅིག་ནི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་རྩ་ཡིན་པ་དང་། དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་མེད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡང་མེད། གཉིས་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་ལ། མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་སྐྲུན་གསོན་ཤུགས་སྐུལ་སློང་བཅས་བྱེད་དགོས་པ་དང་། ལམ་ལུགས་ཀྱི་མ་ལག་ཐོག་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་དགོས། གསུམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་དང་མཐུན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་པའི་ཡང་དག་པའི་འགྲོ་ལམ་ཡིན་ཞིང་། ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་དུས་ཡུན་རིང་པོར་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཀྱི་ལྡོག་མེད་ཀྱི་འབྲས་བུ་ཡིན་ལ། ཏང་གི་ངོ་བོའི་རང་གཤིས་རྒྱུན་འཁྱོངས་དང་། ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བའི་ལྡོག་མེད་བླང་བྱའང་ཡིན། བཞི་ནི་མི་དམངས་ཀྱིས་འདེམས་བསྐོ་དང་འདེམས་ཤོག་འཕེན་པ་བརྒྱུད་ནས་ཁེ་དབང་སྤྱོད་པ་དང་། མི་དམངས་ནང་ཁུལ་གྱི་ཕྱོགས་སོ་སོའི་གནད་ཆེའི་ཇུས་ཐག་མ་བཅད་གོང་གྲོས་མོལ་གང་ལེགས་བྱས་ཏེ་ཐུན་མོང་རང་བཞིན་གྱི་གནད་དོན་ཐད་དུ་བསམ་འཆར་གཅིག་མཐུན་ཡོང་གང་ཐུབ་བྱེད་པ་ནི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་རྣམ་པ་གལ་ཆེན་གཉིས་ཡིན་པ་དང་། ཐུན་མོང་ཐོག་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གྲུབ་ཡོད། ལྔ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་སྟེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་དེ་ཡིན། བློ་མཐུན་ཏེང་ཞའོ་ཕིན་གྱིས་“མ་རྩའི་རིང་ལུགས་སྤྱི་ཚོགས་ཀྱིས་སྤེལ་བའི་དམངས་གཙོ་ནི་འབྱོར་ལྡན་གྲལ་རིམ་གྱི་དམངས་གཙོ་ཡིན་པས་དོན་དངོས་ཐོག་མ་རྩ་སྒེར་སྡེམ་གྱི་དམངས་གཙོ་ཡིན་ཞིང་། དེའང་ཏང་མང་འགྲན་འདེམས་དང་། དབང་གསུམ་ལོགས་འཛུགས། གྲོས་ཁང་གཉིས་ཀྱི་ལམ་ལུགས་བཅས་ལས་གཞན་མེད། ང་ཚོའི་ལམ་ལུགས་ནི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་དང་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་མི་དམངས་དམངས་གཙོའི་ལམ་ལུགས་ཡིན་པས། ནུབ་གླིང་རྒྱལ་ཁབ་དག་གི་བྱེད་སྟངས་འཛིན་མི་རུང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལ་ཁྱད་འཕགས་ཀྱི་རང་བཞིན་ཆེ་ཤོས་ཡོད་པ་ནི་བྱ་བ་ཞིག་བསྒྲུབ་རྒྱུའི་སེམས་ཐག་བཅད་དེ་གྲོས་ཆོད་བཞག་རྗེས་ལམ་སེང་ལག་ལེན་བསྟར་ཐུབ་པ་ལས་གཞན་དང་ཁ་ཐེ་ལག་ཐེ་བྱེད་མི་དགོས་པ་དེ་རེད།”[1] ཅེས་གསུངས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དམངས་གཙོའི་ཆབ་སྲིད་ཀྱི་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གནད་ཆེའི་ལྟ་བ་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལ་ལམ་ལུགས་ཀྱི་ལས་རིམ་ཆ་ཚང་ཞིག་ལྡན་ཡོད་པར་མ་ཟད། ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་ཞིག་ཀྱང་ལྡན་ཡོད་པ་ཡིན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་བྱེད་ཅིང་བཟོ་ཞིང་མནའ་འབྲེལ་གྱིས་རྨང་གཞི་བྱེད་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་རྒྱལ་ཁབ་སྒྲིག་གཞི་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་སྒྲིག་གཞི། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་གཞི་རྩའི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་པ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་བའི་ཐོག་ནས་ཕྱོགས་ཡོངས་དང་རྒྱ་ཆེ་ལ་འབྲེལ་མཐུད་དམ་ཚགས་ཡོང་བའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་ཆགས་ཡོད་པ་དང་། སྣ་མང་ཤར་བགྲོད་སྲོལ་ལྡན་བཅས་ཀྱི་དམངས་གཙོའི་ཐབས་ལམ་བསྐྲུན་ཡོད། མི་དམངས་ཡོངས་རྫོགས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ཁྲིམས་ལྟར་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད་ནས་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་དོ་དམ་བཅས་བྱེད་ཀྱི་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལས་གོ་རིམ་དམངས་གཙོ་དང་འབྲས་བུ་དམངས་གཙོ་དང་། ལས་རིམ་དམངས་གཙོ་དང་དོན་དངོས་དམངས་གཙོ། ཐད་ཀའི་དམངས་གཙོ་དང་གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་ཕན་ཚུན་གཅིག་གྱུར་བྱུང་ཡོད་པ་དང་། དེ་ནི་འབྲེལ་ཐག་ཡོངས་དང་། ཕྱོགས་མཐའ་ཡོངས། ཀུན་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་ཡིན་པ་དང་། ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། གོ་ཆོད་ཤོས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཡིན། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ཏང་གིས་རྒྱལ་སྲིད་སྐྱོང་བའི་སྲིད་ཇུས་དང་ཐབས་བཀོད་ཀྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་སོ་སོ་དང་རིམ་པ་སོ་སོའི་ལས་དོན་གྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས་ཤིང་། མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་པའི་ལས་དོན་གྱི་ཐོག་ནས་བྱེ་བྲག་དང་མངོན་སུམ་དུ་མཚོན་དགོས།
མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ཏང་གི་འགོ་ཁྲིད་འོག །མི་དམངས་ལུགས་ལྡན་ངང་ཆབ་སྲིད་ལ་ཐེ་ཞུགས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་པ་དང་། ཁྲིམས་སྐྱོང་གི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པར་ཤུགས་སྣོན། མི་དམངས་ལ་ཁྲིམས་ལྟར་ཁྱབ་རྒྱ་ཆེ་བའི་ཁེ་དབང་དང་རང་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པ་འགན་ལེན་བཅས་བྱེད་དགོས། མི་དམངས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་ཁེ་དབང་སྤྱོད་རྒྱུ་དང་། དམངས་གཙོས་འདེམས་བསྐོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བདམས་ཐོན་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་བྱེད་དབང་། འདོད་བློ་མཚོན་དབང་། ལྟ་སྐུལ་བྱེད་དབང་བཅས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་སོ་སོ་དང་ལྷུ་ཚིགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱིས་ཇུས་གཅོད་དང་། ལག་བསྟར། ལྟ་སྐུལ་དོན་འཁྱོལ་བཅས་ལྷུ་ཚིགས་ཁག་ཏུ་མི་དམངས་ཀྱི་སྐད་ཆ་ཐོས་ཐུབ་པ་འགན་ལེན་ཏན་ཏིག་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་དམངས་གཙོ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ལས་སྟེགས་དང་རྟེན་གཞི་འཐུས་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་འདོད་བློ་བསྡུ་ལེན་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱེད་པའི་ལས་དོན་ལམ་སྲོལ་ཆ་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ་དང་ཁྲིམས་འཛུགས་ཀྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཕྱོགས་སོ་སོའི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དེ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གཅིག་གྱུར་ཡོང་བར་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཞིབ་འཇུག་དང་དྲིལ་བསྒྲགས་ལས་དོན་ལ་ཤུགས་བརྒྱབ་ནས་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གསལ་པོར་བཤད་དགོས་པ་དང་། ཀྲུང་གོའི་དམངས་གཙོའི་གཏམ་རྒྱུད་ཡག་པོར་བཤད་དགོས།
མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་བྱེད་ཅིང་འཐུས་ཚང་དུ་གཏོང་བ། འཁྲུག་ཆ་དོད་ཅིང་བརྟན་བརླིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཡར་རྒྱས་འགྲོ་བར་ཀྲུང་གོའི་བློ་གྲོས་ཀྱིས་ཕྱུག་པའི་བྱས་རྗེས་འཇོག་དགོས།
མཆན་འགྲེལ།
[1] ཏེང་ཞའོ་ཕིན་གྱི་《བསྒྱུར་བཅོས་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་395པ་ནས་396པའི་བར།)ཞེས་པར་གསལ།
༄༅། །རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།
(2021ལོའི་ཟླ་12ཚེས་3ཉིན།)
ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་མཐར་ཕྱིན་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། ཆོས་ལུགས་ལས་རིགས་རང་ངོས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། འབད་བརྩོན་གྱིས་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པ་དང་། ཆོས་དད་མང་ཚོགས་སྒྲིག་འཛུགས་དང་ཁྲིད་སྟོན་སྔར་ལས་ལྷག་པ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་དང་མཉམ་དུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཚར་བ་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་ཨུ་རིམ་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གསར་གཏོད་ལ་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་པ་དེ་བས་ཆ་ལག་ཚང་བ་དང་། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་དེ་བས་འཐུས་སྒོ་ཚང་བ། ཆོས་ལུགས་ལས་དོན་སྐོར་གྱི་བཅའ་ཁྲིམས་མ་ལག་དང་སྲིད་ཇུས་ཀྱི་སྒྲོམ་གཞི་ཉིན་བཞིན་ཆ་ཚང་བྱུང་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཕྱོགས་སུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད། ཆོས་ལུགས་ལས་རིགས་ཀྱིས་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བཏང་སྟེ། སྤྱི་ཡོངས་ལ་དང་དོད་དང་། ཁྲིམས་སྐྱོང་ལ་དང་དོད། ཚན་རིག་ལ་དང་དོད། གཅེས་སེམས་ལ་དང་དོད་བཅས་བྱས་པ་དང་། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་སྐོར་གྱི་འདུ་ཤེས་གསར་པ་དང་ཐབས་བཀོད་གསར་པ་རབ་དང་རིམ་པ་ཞིག་བཏོན་ནས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་པ་དང་། ཆོས་ལུགས་ཀྱི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་པ། ཏང་གི་ཆོས་ལུགས་ལས་དོན་ཇི་ལྟར་བྱས་ནས་ཡག་པོར་སྒྲུབ་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དྲིས་ལན་བཏབ་ཡོད། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ནང་དུ་ཆོས་ལུགས་ལས་དོན་ཡག་པོར་སྒྲུབ་རྒྱུའི་གལ་ཆེན་རང་བཞིན་ངོས་འཛིན་གཏིང་ཟབ་དང་། ངེས་པར་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་ལམ་སྲོལ་འཛུགས་པ་དང་ཆ་ཚང་དུ་གཏོང་བ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་རིགས་པའི་གཞུང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། ངེས་པར་དུ་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྒྱ་ཆེའི་ཆོས་དད་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་ཆོས་ལུགས་ཀྱི་འབྲེལ་བ་འཛུགས་པ། ངེས་པར་དུ་ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ངེས་པར་དུ་ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།
ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་བརྩི་འཇོག་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས། ཆོས་ལུགས་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན། ཆོས་དད་མང་ཚོགས་དང་ཆོས་ལ་མི་དད་པའི་མང་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཐོག་གི་རྩ་བའི་ཁེ་ཕན་ནི་གཅིག་མཐུན་ཡིན་ཏེ། ཚང་མ་ཏང་གིས་སྲིད་དབང་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཡིན། ཆོས་དད་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་ཁེ་དབང་སྲུང་སྐྱོབ་བྱས་ཏེ་ཆོས་དད་མང་ཚོགས་དང་མཐུན་སྒྲིལ་གང་ཆེ་བྱེད་དགོས་ལ། ངང་རྒྱུད་རིང་ཞིང་ཞིབ་ཚགས་ཀྱི་སྒོ་ནས་ཆོས་དད་མང་ཚོགས་ཀྱི་ལས་ཀའང་སྒྲུབ་དགོས། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་ཡིན་པས། ཁོང་ཚོས་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་རོགས་རམ་བྱེད་དགོས་པ་དང་། ཁོང་ཚོའི་ཆོས་ལུགས་ནང་ཁུལ་གྱི་ལས་དོན་ཐད་ཀྱི་ནུས་པར་བརྩི་འཇོག་དང་དེ་འདོན་སྤེལ་བྱེད་དགོས།
རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་བཏང་ནས་རང་རྒྱལ་གྱི་ཆོས་ལུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་འཛིན་གཅིག་མཐུན་ཤུགས་ཆེ་རུ་གཏོང་དགོས། ཆོས་ལུགས་ལས་རིགས་སུ་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཏེ། དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། འབྲེལ་ཡོད་ལས་ཀར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། མཉམ་སྦྲེལ་དྲ་རྒྱའི་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་གནོད་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་ཏན་ཏིག་བྱེད་དགོས།
ཆོས་ལུགས་ལས་རིགས་ཀྱིས་རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་སྡོམ་བཅས་བྱེད་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོར་སྐྱོང་བ་དང་། སྣེ་ཁྲིད་དེ་ཁྲིམས་སྲུང་སྒྲིག་བརྩི་དང་ཆོས་ལུགས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆོས་ལུགས་ཚོགས་པའི་རང་ངོས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་དམངས་གཙོའི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་དགོས། ཆོས་ལུགས་བྱེད་སྒོ་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ཁྱབ་ཁོངས་ནང་དུ་སྤེལ་དགོས། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་བཏང་མི་ཆོག །སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་བཟང་པོ་ལ་རྒྱབ་འགལ་བྱས་མི་ཆོག །སློབ་གསོ་དང་། ཁྲིམས་འཛིན། སྲིད་འཛིན་འགན་ནུས། སྤྱི་ཚོགས་འཚོ་བ་བཅས་ལ་ཐེ་ཇུས་བྱེད་མི་ཆོག །
མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་ནང་བྱན་ཆུད་པ་དང་། ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཡོད་པ། ཆོས་དད་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་ཏང་སྲིད་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཁོང་ཚོར་མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས། བྱེད་ཕྱོགས་དང་སྲིད་ཇུས། ཆོས་ལུགས་ཤེས་བྱ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་སྟེ་ཁྲིད་སྟོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྦྱངས་པ་ཟབ་པ། སྤྱོད་ལམ་ཐད་མི་དམངས་ཀྱིས་ཁས་ལེན་པ། འགག་རྩའི་དུས་སུ་གོ་ཆོད་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས། བསམ་བློ་དང་ཆབ་སྲིད་བརྟན་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་རྒྱུན་འཁྱོངས་བྱེད་པ། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་རིག་པའི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་རིག་པའི་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཆོས་ལུགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཆ་ཚང་དུ་བཏང་ནས་ཏང་ཨུ་ཡིས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་བཀོད་པ་སྐྲུན་པར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་ལ་ཐུག་པའི་འབྲེལ་བ་གལ་ཆེན་སྟངས་འཛིན་ཡག་པོ་བྱས་ཏེ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་དགོས་ལ་དམ་འཛིན་ལྷོད་མེད་དང་བརྩོན་པ་རྒྱུན་ཆགས་སུ་བྱེད་དགོས།
༄༅། །ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་ཀྱི་བྱ་གཞག་རྒྱུད་འཛིན་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
(2022ལོའི་ཟླ་1ཚེས་29ཉིན།)
ད་ལོ་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན། ཕྱོགས་སོ་སོའི་ལས་དོན་ཚང་མ་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུར་བསུ་བ་ཞུ་བ་དང་། ཚོགས་ཆེན་ཉི་ཤུ་པ་ཡག་པོ་འཚོག་པ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ལ་དམིགས་ཏེ་ཇུས་འགོད་བྱེད་པ་དང་ལས་དོན་སྒྲུབ་དགོས། ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་རྒྱས་གཏོང་བ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བཅས་བྱས་ཏེ། མཉམ་དུ་འབད་འཐབ་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་གང་ཆེ་ཆེ་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག །སྲིད་ཏང་གྲོས་མོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བསམ་བློ་ཁྲིད་སྟོན་གྱི་ལས་དོན་ཡག་པོར་སྒྲུབ་རྒྱུ་གཏིང་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་ཁོངས་མིར་སྣེ་ཁྲིད་བྱས་ཏེ་ཡིན་མིན་གསལ་འབྱེད་དང་ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ནས་དྲང་ནུས་གཅིག་སྒྲིལ་དང་བརྒྱུད་སྤྲོད་བྱེད་དགོས།
ད་ལོ་དམངས་གཙོའི་ཏང་ཤོག་ཁག་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེའི་ལས་དོན་ཡོངས་འགྲུབ་བྱ་རྒྱུ་རེད། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་མཐིལ་ཕྱིན་བྱས་ནས་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་སྲ་བརྟན་བཏང་སྟེ་ཏང་དང་བློ་སེམས་གཅིག་མཐུན་དང་། རྒྱལ་གཅེས་དམངས་བསམ། ཟོལ་མེད་མཉམ་ལས། ལས་བཀུར་སྐྱེས་འབུལ་བཅས་ཀྱི་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། རྒན་རབས་ཚོའི་ཆབ་སྲིད་ཀྱི་དད་སེམས་དང་། བླ་ན་མེད་པའི་ཀུན་སྤྱོད། ཀྲུང་གོའི་གུང་ཁྲན་ཏང་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་རྒྱུན་འཛིན་བྱས་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་བྱ་གཞག་རྒྱུད་འཛིན་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། མི་བཀོལ་སྤྱོད་ཡང་དག་པ་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོར་སྲུང་བ་དང་། འོས་མིའི་ཕུགས་བསམ་དང་དད་སེམས་དང་། ཆབ་སྲིད་ཀྱི་གཤིས་རྒྱུད། ཀུན་སྤྱོད་བློ་སྦྱོང་བཅས་དམིགས་སུ་བཀར་ནས་རྟོག་ཞིབ་བྱས་ཏེ་བདམས་ཐོན་བྱུང་བའི་བློ་མཐུན་ཚོ་བློས་འཁེལ་ཆོག་པ་དང་། འགན་འཁྲི་འཁུར་ཕོད་པ། མི་དམངས་ཀྱིས་ཁས་ལེན་པ་བཅས་བསླུ་མེད་ཅིག་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
དམངས་གཙོའི་ཏང་ཤོག་ཁག་གིས་སྲིད་ཞུགས་ཏང་འཛུགས་སྐྲུན་གྱི་དམིགས་འབེན་དང་རྩ་དོན་ལ་དམ་པོར་དམིགས་ནས་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། སྲིད་ཞུགས་སྲིད་གླེང་གི་ནུས་པ། རྩ་འཛུགས་དང་འགོ་ཁྲིད་ཀྱི་ནུས་པ། མཉམ་ལས་ལས་སྒྲུབ་ཀྱི་ནུས་པ། རང་ངོས་གནད་དོན་ཐག་གཅོད་ཀྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རང་ངོས་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས་སྲིད་ཞུགས་ཏང་གི་རྣམ་པ་གསར་པ་སྟོན་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་གྱི་དུས་རབས་རང་བཞིན་དང་། དམིགས་གཏད་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་ནས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ལམ་ལུགས་ཀྱི་མ་ལག་ཆ་ཚང་བཟོས་ནས་ལག་ལེན་ནང་གི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་ཚད་གཞིར་འགྱུར་བར་བྱེད་དགོས། རིགས་པའི་གཞུང་ལུགས་ཞིབ་འཇུག་གཏིང་ཟབ་དང་སྲིད་ཞུགས་ཏང་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་སྲིད་ཞུགས་ཏང་འཛུགས་སྐྲུན་གྱི་ཆོས་ཉིད་ངེས་ཤེས་བྱེད་དགོས། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཁོངས་གཏོགས་ཚོང་ཚོགས་ཀྱི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
༄༅། །ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
(2022ལོའི་ཟླ་2ཚེས་25ཉིན།)
ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ལ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱེད་པ། འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བ་བཅས་ཀྱི་དོན་དུ་འབད་བརྩོན་ལྷོད་མེད་བྱས་ཚུལ་དཀྱུས་གཅིག་ཏུ་བསྟར་ཡོད། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཐབ་ལམ་གསར་པ་བཏོད་ཡོད་པས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཡག་པོར་སྒྲུབ་པའི་གལ་ཆེ་བའི་རང་བཞིན་དང་དགོས་གཏུགས་ཆེ་བའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་སྔར་ལས་མཐོང་ཆེན་བྱས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་སྔར་ལས་ལྷག་པ་ཞིག་གཏོང་དགོས།
འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་ཀྱིས་དོན་གཉེར་བྱ་གཞི་ཞིག་ཡིན། ང་ཚོའི་ཏང་གིས་རང་ཉིད་དབུ་བརྙེས་པའི་ཉིན་ནས་བཟུང་“དམངས་གཙོ་བརྩོན་ལེན་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་”གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྒྱལ་ཁབ་དང་མི་དམངས་སྐྱོབ་པ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་འདོད་ཚུལ་གསལ་པོར་བསྟན་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཅས་སུ་ང་ཚོའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བཟུང་ནས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བླངས་མཐར། ཀྲུང་གོའི་མི་དམངས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་པ་དང་། ཀྲུང་གོའི་མི་དམངས་ཀྱི་འཚོ་གནས་ཀྱི་ཁེ་དབང་དང་། འཕེལ་རྒྱས་ཀྱི་ཁེ་དབང་། དེ་མིན་གྱི་གཞི་རྩའི་ཁེ་དབང་གཞན་དག་བཅས་འགན་སྲུང་བྱེད་པར་སྐུལ་འདེད་རྒྱུན་ཆད་མེད་པ་བཏང་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་བའི་ལས་དོན་གལ་ཆེན་ཞིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག །རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱས་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། དེས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་བཏིང་ཡོད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཁྲིམས་སྐྱོང་ཐོག་ནས་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་པས། མི་དམངས་ལ་སྔར་ལས་རྒྱ་ཆེ་བ་དང་། སྔར་ལས་མཐིལ་ཕྱིན་པ། སྔར་ལས་ཆ་ཚང་བ་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ང་ཚོས་སྔར་ལས་འབེལ་བ་དང་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་བ་དང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག །སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ཤིང་། མི་དམངས་ཀྱི་འཚོ་བའི་ཁོར་ཡུག་གི་སྤུས་ཚད་ཤུགས་ཆེན་གྱིས་ཇེ་ལེགས་སུ་བཏང་ཡོད། ང་ཚོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅགས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཚད་གང་ཆེའི་སྒོ་ནས་སྲུང་སྐྱོང་བྱས་ཡོད། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། ང་ཚོས་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་བྱེད་པ། ནག་སེལ་གཤེད་འཇོམས་ཀྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡུན་རིང་བརྟན་བརླིང་ཡོང་བ་མཐའ་འཁྱོངས་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་བསྟུད་མར་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་ཐེངས་བཞི་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཉག་ཅིག་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་བཏོན་ཡོད།
རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་ལས། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དེ་ཀྲུང་གོའི་དོན་དངོས་བྱེ་བྲག་པ་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཐོག །ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་པའི་ལེགས་འགྲུབ་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་དང་། མིའི་རིགས་ཀྱི་ཕུལ་དུ་བྱུང་བའི་ཤེས་དཔལ་གྲུབ་འབྲས་ལ་དཔེ་ལྟ་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ཞིང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་འགྲོ་ལམ་ཞིག་བཏོད་ཡོད། གཅིག་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཅན་ཡིན་པ་ཐག་བཅད་ཡོད་ལ། ང་ཚོས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་འགན་སྲུང་བྱེད་པ་དང་། འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་སྤེལ་ཡག་པོ་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་ཐུབ་པ་ཐག་བཅད་ཡོད། གཉིས་ནི་མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཡིན། ང་ཚོས་མི་དམངས་དམངས་གཙོའི་ཁེ་དབང་འགན་སྲུང་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱས་ཏེ་མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་ཞུགས་མཁན་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་གཙོ་བོར་འགྱུར་བར་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། གསུམ་ནི་རང་རྒྱལ་གྱི་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་རེ་བར་གཞིགས་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་དམངས་ལ་ཁྲིམས་ལྟར་རྒྱ་ཆེ་ལ་དཔྱིས་ཕྱིན་པ་དང་། མིག་མཐོང་ལག་ཟིན་ཡིན་པ། དོན་འབྲས་ལྡན་ལ་གོ་ཆོད་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་བྱས་ཡོད། བཞི་ནི་འཚོ་གནས་ཀྱི་ཁེ་དབང་དང་འཕེལ་རྒྱས་ཀྱི་ཁེ་དབང་གཉིས་ཀྱིས་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱེད་པ་དེ་ཡིན། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་ལ་འཁེལ་བ་དང་ཕྱོགས་ཡོངས་བཅས་ནས་ལག་བསྟར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། སྔར་ལས་དྲང་སྙོམས། སྔར་ལས་རྒྱུན་མཐུད། སྔར་ལས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཧུར་ཐག་བྱས་ནས་འཕེལ་རྒྱས་གཏོང་རིང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་སྔར་བས་དོད་པོ་ཡོང་བ་དང་། སྔར་བས་འགན་སྲུང་ལྡན་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱས་ཡོད། ལྔ་ནི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ང་ཚོས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་དཀྱུས་གཅིག་ཏུ་བསྟར་བ། ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཀྱི་བཅའ་ཁྲིམས་ལམ་ལུགས་གང་མགྱོགས་སྒོས་འཐུས་ཚང་དུ་བཏང་ནས་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་། རྒྱུ་ནོར་ཁེ་དབང་། མི་གཞིའི་ཁེ་དབང་བཅས་འགན་སྲུང་དང་། སྤྱི་དམངས་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ལ་ཞུགས་པའི་གཞི་རྩའི་ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཁེ་དབང་འགན་སྲུང་བཅས་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། དྲུག་ནི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་དུ་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དེ་ཡིན། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། དོན་དམ་པའི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཡོད། གོང་གསལ་གྱི་དོན་ཚན་6པོ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གཏོང་བའི་ཁྱད་ཆོས་གཙོ་བོ་ཡིན་ལ། ང་ཚོས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་སྐུལ་འདེད་བཏང་བའི་ལག་ལེན་ལས་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཡང་ཡིན་པས། ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་འཛིན་སྐྱོང་སྤེལ་གསུམ་ཡག་པོ་ཞིག་བྱེད་དགོས།
འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱས་ནས་མི་དམངས་ཀྱིས་སྤུས་ཚད་མཐོ་ལ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་དང་བསྟུན་པ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་ཕྱོགས་མང་པོའི་ཁེ་དབང་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོ་ཁྲིམས་སྐྱོང་། བསམ་བློ་རིག་གནས། དྲང་སྙོམས་དྲང་བདེན། སྤྱི་ཚོགས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་འཛུགས་སྐྲུན་ལ་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ། བྱིས་སྐྱོང་སོགས་ཕྱོགས་གང་ཅིའི་ལས་དོན་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་པ་བཅས་བྱས་ཏེ་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་ཁག་འགན་སྲུང་བྱེད་པའི་ཆུ་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས།
འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་མུ་ཕྲེང་ཧྲིལ་པོ་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་མཐའ་ཀུན་བཅས་སུ་ཁྱབ་པར་བྱས་ཏེ་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་ཐག་བཅད་རེ་རེ། ཁྲིམས་འཛིན་གྱོད་དོན་རེ་རེ་བཅས་ལས་མི་དམངས་མང་ཚོགས་ལ་དྲང་སྙོམས་དང་དྲང་བདེན་ཚོར་དུ་འཇུག་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་འབུར་ཐོན་ཅན་ལ་མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཇུས་འགོད་དང་ཐག་གཅོད་བྱེད་དགོས་པ་དང་། མི་དམངས་མང་ཚོགས་ཀྱི་ཞུ་གཏུག་ལ་ཁྲིམས་ལྟར་ལྟ་སྟངས་དྲང་བཞག་བཟུང་ནས་ཁྲིམས་འཛིན་དྲང་གཞག་མ་བྱུང་བ་ལས་མི་དམངས་མང་ཚོགས་ཀྱི་བརྩེ་དུང་ལ་ཕོག་ཐུག་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནས་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་དང་། མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་སྣང་མེད་དུ་འཇོག་པ་དང་དོ་ཁུར་གཏན་ནས་མི་བྱེད་པའི་སྣང་ཚུལ་མཐའ་དག་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་གཞིར་བཟུང་ནས་ཞིབ་བཤེར་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས།
ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དར་སྤེལ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་དང་ཤེས་བྱ་ཁྱབ་གདལ་རྒྱ་ཆེར་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ཁོར་ཡུག་བཟང་པོ་གཏོད་དགོས། མི་དམངས་ཡོངས་དང་ལྷག་དོན་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱའི་སློབ་གསོ་སྤེལ་ནས་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། གཞུང་དོན་མི་སྣ་སྤྱི་དང་ལྷག་དོན་གཞི་རིམ་གྱི་གཞུང་དོན་མི་སྣར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱའི་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་བཟང་ཆ་བཏོན་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཀྱི་ཁེ་དབང་ལ་བླ་ལྷག་ཏུ་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་གསར་རྩོམ་རང་བཞིན་གྱི་ཐ་སྙད་གདམ་གསེས་བྱས་ཏེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག །སྐད་བརྡའི་མ་ལག་བཅས་འཕེལ་རྒྱས་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་རིག་མཛོད་དང་འགྲོ་བ་མིའི་ཐོབ་ཐང་གི་ཞིབ་འཇུག་རྟེན་གཞི་སྐྲུན་པར་ཤུགས་བརྒྱབ་ནས་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་དང་། རིག་གཞུང་བྱང་ཆུབ་པ། རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཤོད་ཤེས་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མཁས་པ་རྩེར་སོན་གྱི་དཔུང་ཁག་ཁག་ཅིག་ཤུགས་བརྒྱབ་ནས་གསོ་སྐྱོང་བྱེད་དགོས།
གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་མིའི་རིགས་ཐུན་མོང་གི་རིན་ཐང་ལྟ་བ་དར་སྤེལ་བཏང་སྟེ་འདྲ་མཉམ་ཡིད་རྟོན་དང་། བསྟུན་མཁས་མིག་ལྟོས། མཉམ་ལས་མཉམ་རྒྱལ། མཉམ་དར་མཉམ་འཕེལ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྔར་ལས་དྲང་སྙོམས་དང་། དྲང་གཞག །ལུགས་མཐུན། ཁོང་ཡངས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལ་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཁག་དང་ལྷག་དོན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་དགོས།
འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་ཅན་དང་། བྱེ་བྲག་ཅན། མངོན་སུམ་ཅན་བཅས་ཀྱི་གནད་དོན་ཞིག་ཡིན་པས་རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་ལུང་བཤད་བྱེད་མི་རུང་། རྒྱལ་ཁབ་ཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་གདེང་འཇོག་བྱེད་སྐབས། རྒྱལ་ཁབ་གཞན་གྱི་ཚད་གཞི་གཞིར་བཟུང་ནས་ཚད་འཇལ་མི་རུང་ལ། ཚད་གཞི་ཟུང་ལྡན་དེ་བས་ཀྱང་ཡོད་མི་རུང་། ཐ་ན་འགྲོ་བ་མིའི་ཐོབ་ཐང་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་དེ་བས་ཀྱང་འཛིན་མི་རུང་། འཐབ་ཇུས་ཀྱི་རང་དབང་ཟིན་པར་བྱས་ཏེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཡག་པོར་ཤོད་པར་ཤུགས་རྒྱག་པ་དང་། སྣང་བརྙན་ཅན་དང་ཞིབ་ཕྲ་ཅན་གྱི་མཚོན་སྟངས་ཐོག་ནས་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་བློ་ཡིད་འགུག་ནུས་དང་། ཡིད་དབང་འཕྲོག་ནུས། ཤུགས་རྐྱེན་གཏོང་ནུས་བཅས་ཆེ་རུ་གཏོང་དགོས།
ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་། རང་འགུལ་ངང་འཁུར་ལེན་ལས་སྒྲུབ་བྱས་ཏེ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཏན་ཏིག་བྱེད་དགོས། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཚོས་རང་རྟོགས་ངང་མར་ཁེ་སིའི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བར་སློབ་སྦྱོང་བྱས་ནས་ངོས་ཟིན་མཐོ་རུ་གཏོང་བ་དང་གདེང་ཚོད་ཆེ་རུ་བསྐྱེད་དེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་ལས་དོན་ཁག་རང་འགུལ་ངང་ཡག་པོར་སྒྲུབ་དགོས། ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་རིགས་སོ་སོ་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་བསྒྲིལ་ཤུགས་ཆགས་པར་བྱེད་དགོས།
༄༅། །དེང་རབས་གཞོན་ནུས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་འགྲན་ལམ་ཐོག་ཏུ་ངར་སྐྱེད་རྩེ་རྩོད་བྱེད་དགོས།
(2022ལོའི་ཟླ་5ཚེས་10ཉིན།)
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཞིག་ཡིན་པས་དེང་རབས་གཞོན་ནུས་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་འགྲན་ལམ་ཐོག་ཏུ་ངར་སྐྱེད་རྩེ་རྩོད་བྱེད་དགོས། དུས་རབས་ཀྱིས་ནམ་ཡང་གཞོན་ནུ་ཚོར་ལོ་རྒྱུས་ཀྱི་འགན་འཁྲི་བསྒོ་བ་ཡིན། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོ་སྐྱེས་པ་དུས་ལ་ཁེལ་བས་ལས་འགན་ལྗིད་མོ་ཕྲག་ཏུ་བབས་ཡོད་ཅིང་། འཇོན་ཐང་འདོན་པའི་གར་སྟེགས་ཧ་ཅང་རྒྱ་ཆེ་ཞིང་ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལྗོངས་འོད་སྟོང་འབར་བ་ཞིག་རེད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གུང་གཞོན་ཚོགས་པའི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མིས་“ཏང་གི་ཐུགས་བློ་བདེ་པོ་མཛོད། རྒྱལ་སྟོབས་འཕེལ་བར་ང་ཡིས་འབད་”ཅེས་ལང་ཚོའི་དམ་བཅའ་བཞག་ཡོད། འདི་ནི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ལོ་ཆུང་ཚོར་ཡོད་དགོས་པའི་བཟོ་ལྟ་རེད་ལ་ཏང་གི་གཞོན་ནུའི་རྩ་འཛུགས་ལ་ངེས་པར་དུ་ལྡན་དགོས་པའི་ཉམས་འགྱུར་ཞིག་ཀྱང་རེད།
འཐབ་ལམ་གསར་པའི་སྟེང་དུ་ཇི་ལྟར་བྱས་ནས་སྔར་ལས་ལེགས་པར་གཞོན་ནུ་ཚོ་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་བྱ་རྒྱུ་ནི་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་དང་གཞོན་ནུའི་ལས་དོན་གྱིས་ངེས་པར་དུ་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། གུང་གཞོན་ཚོགས་པས་སྣེ་ཁྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་ཆེ་རུ་གཏོང་དགོས་པ་དང་། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕུགས་བསམ་ལྡན་པ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྡུག་མྱོང་ཐུབ་པ། འབད་འཐབ་བྱེད་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་ཆགས་པར་བྱེད་དགོས། ལང་ཚོའི་ངར་ཤུགས་དང་གསར་གཏོད་བྱེད་ནུས་ལ་བརྟེན་ནས་མི་རིགས་བསྐྱར་དར་གྱི་དཔྱིད་དཔལ་རབ་ཏུ་བཞད་པ་དང་། ལང་ཚོའི་བློ་གྲོས་དང་རྔུལ་ཆུ་ལ་བརྟེན་ནས་སྔར་བས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞིག་སྐྲུན་དགོས།
འདིར་ངས་གུང་གཞོན་ཚོགས་པར་རེ་བ་འགའ་འདོན་རྒྱུ་ཡིན།
དང་པོ། ཏང་གི་ཆེད་དུ་མི་གསོ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུའི་བསམ་བློ་ཡར་ཐོན་ཡོང་བར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་སློབ་གྲྭ་ཞིག་ཆགས་དགོས། བློ་ཕུགས་རྒྱང་གཏད་བྱས་ན་གཞི་ནས་ཕ་མཐར་རྒྱང་ལྟ་བྱེད་ཐུབ་པ་དང་། བློ་དཀྱེལ་ཆེན་པོ་ལྡན་ན་གཞི་ནས་རྒྱ་ཆེན་འདུན་པ་སྐྱེད་ཐུབ། མེ་ལྟར་འབར་བའི་ལང་ཚོར་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་དགོས། ང་ཚོའི་ཏང་གིས་“གུང་ཁྲན་རིང་ལུགས་”ཞེས་པ་ན་གཞོན་ཚོགས་པའི་མིང་དུ་བཏགས་དོན་ནི་ཏང་གི་གཞོན་ནུའི་རྩ་འཛུགས་ནམ་ཡང་ཕུགས་བསམ་དང་དད་སེམས་ཀྱི་མཐོ་སར་ལངས་ཏེ། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་གཞོན་ནུར་འབོད་སྐུལ་བྱེད་པ། ཏང་གི་གཟི་འོད་འབར་བའི་དར་ཆས་གཞོན་ནུར་ཁྲིད་སྟོན་བྱེད་པ། ཏང་གི་སྤྱོད་ཚུལ་བཟང་པོར་བརྟེན་ནས་གཞོན་ནུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རེ་བ་བཅངས་པ་དེ་ཡིན། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུར་སྔར་ལས་རང་རྟོན་རང་དར་དང་རྟོག་དཔྱོད་ཀྱི་སྙིང་སྟོབས་ལྡན་ལ། དུས་མཚུངས་སུ་སྤྱི་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་སྣ་ཚོགས་ཀྱི་དངོས་ཡོད་ཤུགས་རྐྱེན་ཡང་མདུན་དུ་ལྷགས་ཡོད། དེས་ན་ཕུགས་བསམ་དང་དོན་དངོས། རིང་ལུགས་དང་གནད་དོན། རང་དོན་དང་གཞན་དོན། ཆུང་ཕྱོགས་དང་ཆེ་ཕྱོགས། མི་རིགས་དང་འཛམ་གླིང་སོགས་ཀྱི་ཐད་སོམ་ཉིའི་དྲ་བར་ཚུད་སྲིད་པ་ཞིག་ཡིན་པས། གཏིང་ཟབ་ཅིང་ཞིབ་ཚགས་ལྡན་པའི་སློབ་གསོ་དང་ཁྲིད་སྟོན་དེ་བས་བྱེད་དགོས་ཤིང་། ཤེས་ཚོར་རྣོན་པོའི་མཐོང་རྒྱ་སྤྱད་ནས་སྤྱི་ཚོགས་ལ་ལྟ་ཞིབ་བྱེད་པ་དང་། རིག་པ་གསལ་པོའི་སྒོ་ནས་མི་ཚེར་བསམ་བློ་གཏོང་དགོས་པ་དང་། བློ་གྲོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འབྱུང་འགྱུར་གསར་གཏོད་བྱེད་དགོས། གུང་གཞོན་ཚོགས་པ་ནི་རྒྱ་ཆེའི་གཞོན་ནུ་ཚོས་ལག་ལེན་དངོས་ཀྱི་ནང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་ངོས་ནས་དམིགས་འཛུགས་པ་དང་། བསམ་བློའི་ངོས་ནས་ལས་ལ་འཇུག་པ། གཞོན་ནུའི་ཁྱད་ཆོས་ལ་གཞི་འཛུགས་པ་བཅས་ཀྱི་ཐོག་ནས་ཁོ་ཚོར་སྔ་ཙམ་ནས་ཕུགས་བསམ་སྐྱེད་པ་དང་ཕུགས་བསམ་ཆེན་པོ་སྐྱེད་པ་དང་། སྙིང་ཁོང་རུས་པའི་གཏིང་ནས་ཏང་ལ་ཡིད་ཆེས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས། མར་ཁེ་སིའི་རིང་ལུགས་ལ་དད་མོས་བཅས་བྱེད་པར་རོགས་རམ་བྱེད་དགོས། ཏང་གི་བྱ་གཞག་ལ་རྒྱུན་འཛིན་པ་ཡོད་རྒྱུའི་རྩ་བའི་ཇུས་ཆེན་འདིར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་འདི་བརྟན་པོར་འཛིན་དགོས་པ་དང་། རྒྱ་ཆེའི་གཞོན་ནུ་ཚོར་བསམ་བློའི་སྦྱོང་བརྡར་ཐེབས་པ་དང་ལག་ལེན་དངོས་ལས་ཀྲུང་གོ་བའི་བློ་སྟོབས་དང་། སྙིང་སྟོབས། གདེང་ཚོད་བཅས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བར་ཁྲིད་སྟོན་བྱས་ཏེ་གསར་བརྗེའི་མེ་སོན་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས།
གཉིས་པ། རང་རྟོགས་ངང་འགན་འཁྲི་འཁུར་ལེན་དང་ལྷུར་སྒྲུབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཡུན་རིང་འབད་འཐབ་བྱེད་པའི་གདོང་ལེན་སྟོབས་ཤུགས་ཆགས་དགོས། འབད་འཐབ་བྱེད་པ་ནི་ལང་ཚོའི་རྣམ་པར་བཀྲ་བའི་རང་མདངས་ཡིན་པ་དང་། བྱ་སྤྱོད་ནི་གཞོན་ནུའི་ཆེས་གནད་སྨིན་གྱི་སྦྱོང་བརྡར་ཡིན། འགན་འཁྲི་ཡོད་ལ་འཁུར་ལེན་ཡང་ཡོད་ན་ད་གཟོད་ལང་ཚོ་ལ་འོད་ཟེར་འཕྲོ་ཐུབ། གཞོན་ནུ་ནི་ནམ་ཡང་གསར་སྐྱེས་ཅན་ཡིན་པས་གསར་གཏོད་ཀྱི་སེམས་རྩ་འཁོལ་ཤོས་དང་གསར་གཏོད་ཀྱི་སྒུལ་ཤུགས་ཆེ་ཤོས་ཡིན། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མི་རབས་ནས་མི་རབས་བར་ཕུགས་བསམ་ལྡན་པའི་གཞོན་ནུས་འབད་འཐབ་བྱ་རྒྱུ་མེད་དུ་མི་རུང་བ་ཡིན། ལང་ཚོ་ཏང་དང་མི་དམངས་ཀྱི་བྱ་གཞག་དང་ཚད་མཐོའི་གཅིག་མཐུན་བྱུང་ཚེ། ལང་ཚོའི་འོད་འཕྲེང་ད་གཟོད་སྔར་ལས་རྒྱ་ཆེ་ཞིང་ལང་ཚོའི་ནུས་ཚད་ད་གཟོད་སྒོ་ཀུན་ནས་འདོན་ཐུབ་པ་རེད། གཞོན་ནུ་ནི་སྤྱི་ཚོགས་ཐོག་སྐྱེ་སྟོབས་ལྡན་ཤོས་དང་། གདོང་མཆོང་བྱེད་ཐུབ་ཤོས། བག་འཁུམ་གྱི་བསམ་བློ་ཉུང་ཤོས་བཅས་ཀྱི་ཚོགས་སྤྱི་ཡིན་པས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་མངའ་ཡོད། གུང་གཞོན་ཚོགས་པས་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་དཔའ་གསར་བྱེད་དགོས་ཤིང་། ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་རང་རྟོགས་ངང་ཉན་པ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”ཡིད་ལ་འཛིན་པ། འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ། དུས་རབས་གསར་པ་དང་བྱ་བའི་ཡུལ་གསར་པར་བསྐྱོད་དེ་བསམ་འདུན་ཆེན་པོ་མངོན་དུ་སྒྲུབ་པ་དང་། བྱས་རྗེས་འཇོག་པ་དང་བྱ་གཞག་སྐྲུན་པ་བཅས་ཀྱི་ཐོག་ནས་ཕུགས་བསམ་རླབས་པོ་ཆེ་དོན་གཉེར་བྱེད་མཁན་དང་། བྱ་གཞག་རླབས་པོ་ཆེ་སྒྲུབ་མཁན་གྱི་སྟོབས་ཤུགས་གསར་པ་ཆགས་གང་ཐུབ་བྱས་ཏེ་མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེས་ཆེ་ས་རུ་ལང་ཚོའི་མེ་ཏོག་རྣམ་པར་བཀྲ་བ་བཞད་དུ་འཇུག་དགོས།
གསུམ་པ། སེམས་པ་རྒྱ་ཆེའི་གཞོན་ནུ་ལ་གཏད་ནས་ཐོག་མཐའ་བར་གསུམ་དུ་ཏང་གིས་གཞོན་ནུ་དང་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་བརྟན་པོ་ཞིག་ཆགས་དགོས། གུང་གཞོན་ཚོགས་པ་ནི་ཏང་གིས་འགོ་ཁྲིད་བྱེད་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཤིག་ཡིན་ལ། ན་གཞོན་རང་ཉིད་ཀྱི་རྩ་འཛུགས་ཤིག་ཀྱང་ཡིན། གུང་གཞོན་ཚོགས་པའི་དགེ་མཚན་ཆེ་ཤོས་ནི་གཞི་རིམ་གྱི་ལས་ཡུལ་དང་པོར་ཁྱབ་པ་དང་གཞོན་ནུའི་ནང་དུ་ཟབ་ཞུགས་བྱས་ཡོད་པ་དེ་ཡིན། གཞོན་ནུ་ལ་ཞབས་འདེགས་ཞུ་བའི་ལས་ཀའི་སྲོག་རྩར་དམ་པོར་དམིགས་ནས་ཏང་གིས་སྲིད་དབང་སྐྱོང་བའི་གཞོན་ནུ་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་འདི་བསྒྲུབས་ཏེ། གཞོན་ནུའི་དྲོད་གྲང་ཇི་མ་ཇི་བཞིན་ཏང་ལ་ཤོད་དགོས་ལ། ཏང་གི་དྲོད་འཁོལ་གཞོན་ནུ་ལ་བརྒྱུད་སྤྲོད་ཀྱང་ལེགས་པར་བྱེད་དགོས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་གཞོན་ནུའི་དོན་དུ་དངོས་དོན་སྒྲུབ་པ་དང་དཀའ་གནད་བསལ་ནས་རང་འགུལ་ངང་གཞོན་ནུས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། གཞོན་ནུས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ། ཏང་གིས་བསྩལ་བའི་ཐོན་ཁུངས་དང་ཐབས་ལམ་ལ་ལེགས་པར་བརྟེན་ནས་གཞོན་ནུ་ཚོར་མིག་མཐོང་ལག་ཟིན་གྱི་རོགས་རམ་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོར་ཏང་གི་བརྩེ་སེམས་དང་ཐུགས་ཁུར་སྒོ་ཀུན་ནས་ཚོར་དུ་འཇུག་དགོས།
བཞི་པ། རང་ངོས་གསར་བརྗེ་བྱེད་ཕོད་པའི་སྒོ་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་སྔོན་ཐོན་རྩ་འཛུགས་ཤིག་ཆགས་དགོས། གུང་གཞོན་ཚོགས་པའི་ངོས་ནས་བཤད་ན། གཞོན་ནུའི་རྩ་འཛུགས་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། གཞོན་ནུའི་རྩ་འཛུགས་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་ནི་རྩ་བའི་གནད་དོན་གལ་ཆེན་ཞིག་ཡིན། “འགྱུར་བ་མེད་པའི་ལམ་ལུགས་དེ། །དུས་ཀྱི་འགྱུར་བར་འཕྲོད་མི་སྲིད། །རྐང་ལམ་ཕྲ་མོ་ཁེར་རྐྱང་ལས། །ཕྱོགས་བཞི་ཀུན་ཏུ་སླེབ་མི་སྲིད། །མཚོ་གྲུའི་ངོས་ལ་རྟགས་བརྒྱབ་པས། །རལ་གྲི་ལྷུང་བ་རྙེད་མི་སྲིད། །”[1]ཅེས་པ་ལྟར། གུང་གཞོན་ཚོགས་པས་རང་ངོས་གསར་བརྗེ་བྱེད་ཕོད་ན་ད་གཟོད་དུས་རབས་མདུན་སྐྱོད་དང་། གཞོན་ནུ་འཕེལ་རྒྱས། ལག་ལེན་གསར་གཏོད་བཅས་ཀྱི་གོམ་སྟབས་ཀྱི་རྗེས་ཟིན་ཐུབ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཉིད་ལས་ཀའི་བརྒྱུད་རིམ་ཡོངས་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་ཡག་པོར་བསྐྱོད་དེ། རྒྱུན་ཆད་མེད་པར་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ལྡན་པའི་དམིགས་འབེན་དང་ཁ་ཕྱོགས་རྒྱུན་འཁྱོངས་དང་ཇེ་ཆེར་གཏོང་བར་དམིགས་ནས་གུང་གཞོན་ཚོགས་པའི་བསྒྱུར་བཅོས་ཟབ་སྤེལ་ལ་སྐུལ་འདེད་གཏོང་དགོས། ཚོར་བ་སྐྱེན་པོས་གཞོན་ནུ་ཚོའི་འགྲོ་ལུགས་སྡོད་ལུགས་ངེས་ཤེས་བྱས་ཏེ། གཞོན་ནུའི་ལས་ཀ་དང་འཚོ་བ་སྐྱེལ་སྟངས་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་ཏེ། གུང་གཞོན་ཚོགས་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་གསར་པ་དང་དཔེ་སྲོལ་གསར་པ་འཚོལ་ཞིབ་དང་། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ལ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས་པའི་སྐུལ་ཁྲིད་བྱས་ཏེ་གཞོན་ནུའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཉམས་མྱོང་དང་བྱེད་ཐབས་ལ་རང་རྟོགས་ངང་ཞིབ་བསྡུར་བྱེད་དགོས་ཤིང་། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ནན་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཐོག་ནས་རང་ངོས་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་དང་། གུང་གཞོན་ཚོགས་པར་དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བྱས་ཏེ། ཕྱོགས་མཐའ་ཀུན་དང་ཚད་གཞི་མཐོ་བའི་ཞུན་བརྡར་ལས་གུང་གཞོན་ཚོགས་པས་མགོ་འཕང་མཐོན་པོར་ཡར་བརྩོན་བྱེད་པའི་དུས་རབས་ཀྱི་ཉམས་བཟང་རྒྱས་པར་བྱེད་དགོས།
“མི་ཚེའི་ལས་ཀུན་ངེས་པར་རང་གིས་བསྒྲུབ། །གོམ་པ་ཆུང་ཡང་རྒྱལ་ཁམས་བསྐོར་བར་ནུས། །”[2]ཡར་རྒྱས་བརྩོན་ལེན་བྱེད་པ་ནི་གཞོན་ནུའི་ཆེས་རྩ་ཆེ་བའི་ཁྱད་ཆོས་ཡིན་ལ། ཏང་དང་མི་དམངས་ཀྱི་རེ་ལྟོས་ཆེན་པོ་ཡང་ཡིན། དུས་རབས་གསར་པའི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་ཚོས་ཕུགས་བསམ་ཆེ་ཞིང་དད་སེམས་བརྟན་པའི་མིག་དཔེ་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་འཆང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱེད་དགོས་པ་དང་གཅིག །སྙིང་རུས་ཆེན་པོས་སློབ་སྦྱོང་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་པའི་མིག་དཔེ་བྱས་ཏེ། ལས་གནས་ལ་གཞི་འཛུགས་པ་དང་། དཀའ་སྤྱད་སྦྱོང་བརྡར། སྔོན་ཐོན་གསར་གཏོད་དང་ཕུལ་བྱུང་བརྩོན་ལེན་བཅས་བྱེད་པར་སྣེ་ཁྲིད་དེ་ལས་རིགས་ཀྱི་རྐང་འཛིན་པ་དང་གཞོན་ནུ་གདོང་ལེན་པར་འགྱུར་གང་ཐུབ་བྱེད་དགོས་པ་དང་གཉིས། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པའི་མིག་དཔེ་བྱས་ཏེ། དཀའ་བའི་གདོང་བསུ་བ་དང་འགག་སྒྲོལ་དཀའ་སེལ་བྱེད་པར་སྣེ་ཁྲིད་དེ་ལོག་བཤད་ལ་ཡིད་མི་ཆེས་པ་དང་། ངན་རེངས་ལ་དཔའ་མི་ཞུམ་པ། སྙིང་རུས་སྲ་མཁྲེགས་ལྡན་པ་བཅས་བྱེད་དགོས་པ་དང་གསུམ། དཀའ་སྤྱད་འབད་འཐབ་དང་སྒེར་མེད་སྐྱེས་འབུལ་གྱི་མིག་དཔེ་བྱས་ཏེ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བར་སྣེ་ཁྲིད་དེ་ཏན་ཏན་ཏིག་ཏིག་དང་། བདེན་འཚོལ་དངོས་གཉེར། དཀའ་བ་སྔོན་ལ་སྤྱོད་པ་དང་སྐྱིད་པོ་རྗེས་སུ་གཏོང་བ་བཅས་བྱས་ཏེ། ནམ་ཡང་བཙའ་མི་ཆགས་པའི་གཅུས་གཟེར་ལྟ་བུ་བྱེད་དགོས་པ་དང་བཞི། ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་ལས་ལ་ཕྱོགས་པ་དང་སྒྲིག་ཁྲིམས་ནན་སྲུང་གི་མིག་དཔེ་བྱས་ཏེ། ཀུན་སྤྱོད་བཟང་པོ་གསལ་རྟོགས་དང་། སྤྱི་པའི་སྤྱོད་བཟང་བརྩི་སྲུང་། སྒེར་གྱི་སྤྱོད་ལམ་ནན་གཅུན་བཅས་ལ་སྣེ་ཁྲིད་དེ་སྒྲིག་བརྩི་ཁྲིམས་སྲུང་ནན་པོ་དང་། ཚོགས་མིའི་འོས་འགན་ནན་པོར་སྒྲུབ་དགོས་པ་དང་ལྔ་བཅས་ཡིན། རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་ཚོས་ཆབ་སྲིད་ཀྱི་སྦྱོང་བརྡར་ནན་ཏན་གྱིས་དང་ལེན་བྱེད་པ་དང་། ཆབ་སྲིད་ཀྱི་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་དུ་ཡར་ཐོན་ཡོང་བ་དོན་གཉེར་བཅས་བྱས་ཏེ། ཧུར་བརྩོན་གྱིས་ཏང་རྩ་འཛུགས་ལ་ཉེ་བར་བཅར་ནས་ཚད་ལོན་པའི་གུང་ཁྲན་ཏང་ཡོན་ཞིག་ཏུ་འགྱུར་བར་བྱ་རྒྱུ་དམིགས་ཡུལ་དང་གཟི་བརྗིད་དུ་འཛིན་དགོས།
དུས་ཡུན་རིང་པོའི་ནང་དུ། རྒྱ་ཆེའི་གུང་གཞོན་ཚོགས་པའི་ལས་བྱེད་པས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་ཏང་གི་གཞོན་ནུའི་ལས་དོན་ལ་བྱས་རྗེས་གལ་ཆེན་བཞག་ཡོད། གུང་གཞོན་ཚོགས་པའི་ལས་བྱེད་པས་ཏང་ལ་བཅངས་པའི་ལྷག་བསམ་གྱི་ཆབ་སྲིད་གཤིས་རྒྱུད་བརྟན་པོ་འཛུགས་པ་དང་། ཕུགས་བསམ་རིང་ལུགས་ཀྱི་བསམ་བློའི་རང་གཤིས་དར་སྤེལ། སེམས་ཁམས་དྭངས་གསལ། སྙིང་སྟོབས་རྒྱས་པ་བཅས་བྱས་ཏེ། ན་གཞོན་ལས་བྱེད་པར་ཡོད་དགོས་པའི་དྭངས་གཙང་དང་ལྷད་མེད་བལྟས་པ་ཙམ་གྱིས་ཚོར་ཐུབ་པར་བྱེད་དགོས། རང་རྟོགས་ཀྱིས་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བ་དང་། མང་ཚོགས་ལྟ་བ་བརྟན་པོ་བསྐྱེད་ནས་རྒྱ་ཆེའི་གཞོན་ནུ་ཚོ་དང་ཡུག་གཅིག་ཏུ་འདྲེས་པར་བྱས་ཏེ། གཞོན་ནུའི་གྲོགས་པོ་བྱེད་པ་ལས་གཞོན་ནུའི་“དཔོན་པོ་”མི་བྱེད་པར། གཞོན་ནུའི་དོན་དུ་བསམ་བློ་མང་ཙམ་གཏོང་བ་དང་རང་ཉིད་ཀྱི་དོན་དུ་བསམ་བློ་ཉུང་ཙམ་གཏོང་དགོས། འཁུར་ལེན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་གསོ་སྐྱོང་བྱེད་དགོས། སྟོང་བཤད་མི་བྱེད་པར་དངོས་དོན་གང་མང་སྒྲུབ་པ་དང་། དཀའ་ཚེགས་ཆེ་བའི་ཁོར་ཡུག་དང་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་ནས་དཀའ་བ་སྤྱོད་པ་དང་། ངལ་ལས་སྒྲུབ་པ། འགན་ལྕི་འཁུར་བ། ཉེན་ཁ་བརྒྱུད་པ་བཅས་བྱས་ནས་ཚུལ་དང་ལྡན་པའི་མི་ཞིག་བྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་བྱ་བ་སྒྲུབ་དགོས། སྤྱོད་གཙང་རང་གཅུན་གྱི་ཀུན་སྤྱོད་དང་བློ་སྦྱོང་གསོ་སྤེལ་བྱས་ཏེ། སེམས་ལ་གུས་ཞུམ་ཡོད་པ་དང་། གཏམ་ལ་འཛེམ་བྱ་ཡོད་པ། སྤྱོད་པར་བཀག་རྒྱ་ཡོད་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་བློ་སྟོབས་དང་། སྡུག་རུས། འཆུན་ནུས་བཅས་སྦྱོང་བརྡར་བྱས་ཏེ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་གཉེར་བ་དང་། སྤྱོད་པ་ཚུལ་དང་མཐུན་པ། དྲི་མ་རྡུལ་ཙམ་ཡང་མ་གོས་པའི་མི་ཞིག་བྱེད་དགོས།
གསར་བརྗེ་པ་ལ་རྒ་བ་མེད། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་རླབས་པོ་ཆེའི་དོན་དུ་གཞོལ་བའི་འདུན་མ་བཅངས་ཡོད་ལ། ལོ་ངོ་བརྒྱ་ནི་ཏག་ཏག་ལང་ཚོ་དར་བའི་དུས་སྐབས་རེད། ལེ་ཉིན་གྱིས་དེ་སྔ་ཨེན་ཀེ་སིའི་ལུང་དྲངས་ནས་གསུངས་དོན། “ང་ཚོ་ནི་འབྱུང་འགྱུར་གྱི་ཏང་ཞིག་ཡིན་ཞིང་། འབྱུང་འགྱུར་ནི་གཞོན་ནུ་ཚོ་ལ་དབང་བ་ཡིན། ང་ཚོ་ནི་གསར་བཅོས་པའི་ཏང་ཞིག་ཡིན་ཞིང་། གཞོན་ནུ་ཚོ་ནི་ནམ་ཡིན་ཡང་གསར་བཅོས་པའི་རྗེས་སུ་འབྲང་རྒྱུར་དེ་བས་དགའ་བ་རེད། ང་ཚོ་ནི་རུལ་སུངས་སུ་གྱུར་པའི་བྱ་དངོས་རྙིང་པར་རང་དོན་རྒྱབ་སྐྱུར་གྱིས་འཐབ་རྩོད་བྱེད་པའི་ཏང་ཞིག་ཡིན་ཞིང་། གཞོན་ནུ་ནི་རྒྱུན་དུ་རང་དོན་རྒྱབ་སྐྱུར་གྱིས་འཐབ་རྩོད་ལ་སྔོན་ལ་ཞུགས་ཀྱི་ཡོད།”[3] ལོ་རྒྱུས་དང་དོན་དངོས་མཐའ་དག་གིས་དངོས་ར་གསལ་འཕྲོད་བྱུང་དོན། ཀྲུང་གོའི་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་ལང་ཚོའི་ཁྱད་རྟགས་འཛིན་མཁན་གྱི་ཏང་ཞིག་ཡིན་པ་དང་། གཞོན་ནུ་ཚོས་ནམ་ཡང་ཡིད་ཆེས་བྱེད་རིན་དང་རྗེས་སུ་འབྲང་རིན་ཡོད་པའི་ཏང་ཞིག་ཡིན།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ལམ་ཐོག་ཀྲུང་གོའི་གུང་ཁྲན་ཏང་ནི་གདོང་ལེན་རུ་ཁག་ཡིན་པ་དང་། གུང་གཞོན་ཚོགས་པ་ནི་འཕྲལ་སྒྲུབ་རུ་ཁག་ཡིན་ཞིང་། ལོ་ཆུང་གདོང་ལེན་རུ་ཁག་ནི་གྲ་སྒྲིག་རུ་ཁག་ཡིན། རུ་ཁག་ནང་ཞུགས་པ་དང་། གུང་གཞོན་ཚོགས་པར་ཞུགས་པ། ཏང་ནང་ཞུགས་པ་བཅས་ནི་གཞོན་ནུ་ཚོས་ཆབ་སྲིད་ཐད་ཡར་ཐོན་དོན་གཉེར་བྱེད་པའི་“མི་ཚེའི་རོལ་དབྱངས་ཁག་གསུམ་”ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གཞོན་ནུ་ཚོར་སྒོ་རྒྱ་ཡངས་པོར་ཕྱེ་ནས་གཞོན་ནུ་ཚོ་རྒྱུན་ཆད་མེད་པར་ཏང་གི་གསོན་ཤུགས་གསར་པ་ཞིག་ཏུ་འགྱུར་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བཞིན་ཡོད། གུང་གཞོན་ཚོགས་པས་ཚོགས་པ་ཡོངས་སྣེ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡག་པོར་སྒྲུབ་དགོས་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གིས་ཕུལ་བྱུང་རུ་མི་གུང་གཞོན་ཚོགས་པའི་ནང་ཞུགས་པར་འོས་སྦྱོར་དང་། གུང་གཞོན་ཚོགས་པས་ཕུལ་བྱུང་ཚོགས་མི་ཏང་ནང་ཞུགས་པར་འོས་སྦྱོར་བྱེད་པའི་ལས་ཀའི་ལམ་སྲོལ་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ། ཏང་དང་། གུང་གཞོན་ཚོགས་པ། གདོང་ལེན་རུ་ཁག་བཅས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ཕྲེང་བ་གཅིག་གཅིག་ལ་འབྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ན་གཞོན་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ལྷག་པར་དུ་གུང་གཞོན་ཚོགས་པའི་ཕུལ་དུ་བྱུང་བའི་ཚོགས་མིའི་ནང་ནས་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བར་དོ་སྣང་བྱས་ཏེ། གསར་བརྗེའི་སྲིད་དབང་གི་ཁ་དོག་ནམ་ཡང་འགྱུར་བ་མེད་པ་ཁག་ཐེག་བྱེད་དགོས།
ལི་ཏ་ཀྲའོ་ཡིས་“གཞོན་ནུ་ནི་རྒྱལ་ཁབ་ཀྱི་བླ་སྲོག་འདྲ་”[4]ཞེས་གསུངས་ཡོད། འདས་མ་འོངས་ད་ལྟ་གསུམ་གྱི་གཞོན་ནུའི་ལས་དོན་ནི་ཏང་གི་ལས་དོན་ནང་གི་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་རེད། རིམ་པ་ཁག་གི་ཏང་ཨུ་(ཏང་ཙུའུ་)ཡིས་སེམས་རྩ་འཁོལ་པོས་གཞོན་ནུ་འཚར་ལོངས་ཡོང་བའི་ཆོས་ཉིད་དང་དུས་རབས་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱེད་དགོས་ཤིང་། སེམས་ཤུགས་ཆེན་པོ་བཏོན་ནས་གཞོན་ནུའི་ལས་དོན་བསྒྲུབས་ཏེ། གཞོན་ནུ་ཚོའི་གྲོགས་པོ་བློས་ཐུབ་དང་། གཞོན་ནུའི་ལས་དོན་ལ་སྤྲོ་བ་རྒྱས་མཁན། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་ལ་མཚོན་ན་ཏང་འཛུགས་སྐྲུན་གྱིས་གུང་གཞོན་ཚོགས་པའི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་བྱེད་དགོས་པ་དང་། གུང་གཞོན་ཚོགས་པའི་ལས་དོན་ནང་གི་གནད་དོན་གལ་ཆེན་ལ་རྟག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་གུང་གཞོན་ཚོགས་པའི་ལས་བྱེད་པར་སེམས་རྩ་འཁོལ་པོས་སེམས་ཁུར་བྱེད་པ་དང་བླང་བྱ་ནན་པོ་འདོན་དགོས་ཤིང་། གུང་གཞོན་ཚོགས་པས་མང་ཚོགས་ཚོགས་པའི་ལས་ཀའི་ཁྱད་ཆོས་དང་ཆོས་ཉིད་ལྟར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས།
མཆན་འགྲེལ།
[1] ཅིན་ཤར་མའི་ཀེ་ཧུང་གི་《པའོ་ཕུའུ་ཙི་•ཕྱི་མ་•ཕྱོགས་མང་གསལ་སྟོན་》ཞེས་པར་གསལ།
[2] ཡོན་རྒྱལ་རབས་ཀྱི་ཧྥན་ཕེང་གི་《ཝང་ཚང་གི་ནེང་ཡོན་ཐོག་ཁང་》ཞེས་པར་གསལ།
[3] ལེ་ཉིན་གྱི་《མེང་ཧྲེ་ཝེ་རིང་ལུགས་ཀྱི་ཉམས་ཉེན་》(《ལེ་ཉིན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་》དེབ་14པ། མི་དམངས་དཔེ་སྐྲུན་ཁང་གི་2017ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་161པ།)ཞེས་པར་གསལ།
[4] ལི་ཏ་ཀྲའོ་ཡི་《〈ཞོགས་པའི་ཅོང་བརྡ་〉ཡི་འགན་འཁྲི་སྟེ། ལང་ཚོའི་ཀྲུང་ཧྭ་སྐྲུན་པ་》(《ལི་ཏ་ཀྲའོ་ཡི་གསུང་རྩོམ་ཕྱོགས་བསྒྲིགས་》དེབ་1པོ། མི་དམངས་དཔེ་སྐྲུན་ཁང་གི་2013ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་332པ་ནས་333པའི་བར།)ཞེས་པར་གསལ།