༄༅། །བསྒྱུར་བཅོས་ཁག་ལ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཤུགས་འདོན་དུ་འཇུག་དགོས།
(2020ལོའི་ཟླ་9ཚེས་1ཉིན།)
རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་ཆགས་པར་བྱ་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་དང་། ཁོར་ཡུག །ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཐག་བཅད་པའི་འཐབ་ཇུས་ཀྱི་ཇུས་གཞི་ཡིན་ལ། ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་མ་ལག་རང་བཞིན་གྱི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན། བསྒྱུར་བཅོས་ཞེས་པའི་འགག་རྩའི་ཐབས་ཤེས་འདི་མུ་མཐུད་དུ་བེད་སྤྱོད་དཔྱིས་ཕྱིན་པ་དང་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། ཞུམ་མེད་མདུན་སྐྱོད་དང་ཆར་རླུང་ལ་འཛེམ་པ་མེད་པའི་འཐབ་ཇུས་ཀྱི་ངེས་ཤུགས་འཛིན་སྐྱོང་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་དམིགས་ཏེ། སྔར་ལས་གཏིང་རིམ་ཟབ་སའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ལག་བསྟར་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆེད་དུ་སྒུལ་ཤུགས་ཆེན་པོ་འདོན་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ང་ཚོར་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་ལྡན་ལ་བསྒྱུར་བཅོས་ཀྱི་རྨང་གཞི་བརྟན་པོ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་བསྒྱུར་བཅོས་ཀྱི་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་རབ་དང་རིམ་པ་ཆགས་ཡོད། བསྒྱུར་བཅོས་ཀྱི་གྲུབ་འབྲས་དེ་དག་བེད་སྤྱོད་ཡག་པོ་བྱེད་དགོས་པ་དང་། དོན་འཁྱོལ་འཛིན་པ་དང་ཕན་འབྲས་དངོས་ཐོན་པར་བྱེད་པའི་ཐད་དུ་ཤུགས་རྒྱག་པ་དང་། འཕེལ་རིམ་མགྱོགས་སུ་གཏོང་བ། ཟབ་ཚད་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། བསྒྱུར་བཅོས་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཤུགས་འདོན་དུ་འཇུག་དགོས།
ད་ལྟའི་དུས་བབ་འོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མི་ཉུང་བ་ཞིག་ལ་འཕྲད་ཡོད་པས། བསྒྱུར་བཅོས་ཀྱི་བསམ་གཞིགས་དང་བསྒྱུར་བཅོས་ཀྱི་བྱེད་ཐབས་སྤྱོད་མཁས་པོ་བྱེད་དགོས་པ་དང་། དུས་ཐུང་ནང་ཁ་གཏད་འཇལ་རྒྱུ་དང་དུས་ཡུན་འབྲིང་རིང་ནང་འཕེལ་རྒྱས་གཏོང་རྒྱུ་གཅིག་འདོམས་ཐོག་བསམ་བློ་བཏང་སྟེ། འཐབ་ཇུས་སྟེང་དུ་བཀོད་པ་ཡག་པོར་འདིང་དགོས་ལ། གནད་འགག་ཆེ་སར་བཀོད་སྒྲིག་ཡག་པོའང་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་གི་ལས་ཆོད་ཆེ་རུ་གཏོང་བར་ཕན་པའི་བསྒྱུར་བཅོས་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་ཕན་པའི་བསྒྱུར་བཅོས། ཕྱོགས་གང་ཅིའི་ཐད་ཀྱི་བརྩོན་སེམས་སྐུལ་སློང་བྱེད་པར་ཕན་པའི་བསྒྱུར་བཅོས་བཅས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། གནད་ཆེའི་གནད་དོན་ལ་དམིགས་པ། བསྒྱུར་བཅོས་ཐབས་བཀོད་ཀྱི་མ་ལག་འདུས་གྲུབ་དང་མཉམ་ལས་ཆོད་ཆེ་ཡོང་བར་ཤུགས་རྒྱག་པ་དང་། འགག་ས་ཐོགས་ས་གཤོང་བ། སྤྱི་ཡོངས་ཀྱི་ཕན་ནུས་སྐུལ་སྤེལ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་རྒྱལ་ཁབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་སོགས་དང་སྦྲེལ་མཐུད་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁོངས་སུ་སྔོན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་སྒོས་ཆགས་པར་བྱས་ཏེ་བསྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་དགོས། བསྒྱུར་བཅོས་ཀྱི་སྔོན་ཚོད་རང་བཞིན་གྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགལ་བའི་འགུལ་སྐྱོད་ཀྱི་ཆོས་ཉིད་ངེས་པ། བདེན་སྲུང་གསར་གཏོད་དང་གསར་གཏོད་སྲོལ་འབྱེད་བྱེད་པ། བརྟན་བརླིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ལ་སྔར་བས་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་བར་སྟོང་རྒྱ་སྐྱེད་གཏོང་བ། ལམ་ལུགས་ཀྱི་རྐྱོང་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
༄༅། །གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
(2020ལོའི་ཟླ་9ཚེས་4ཉིན།)
ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་གི་བརྗེ་འཚོང་ཚོགས་འདུ་ནི་ཞབས་ཞུའི་ཉོ་ཚོང་ལ་ཆེད་དུ་བཙུགས་པའི་རྒྱལ་ཁབ་རིམ་པ་དང་། རྒྱལ་སྤྱིའི་རང་བཞིན། ཕྱོགས་བསྡུས་རྣམ་པ་བཅས་ཀྱི་གཞི་ཁྱོན་ཆེ་བའི་འགྲེམ་ཚོགས་དང་བརྗེ་འཚོང་ལས་སྟེགས་ཤིག་ཡིན་ཞིང་། 2012ལོ་ནས་བཟུང་སྐབས་6གཉེར་ཡོད། སྐབས་འདིའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་གི་བརྗེ་འཚོང་ཚོགས་འདུ་ནས་“གོ་ལ་ཧྲིལ་པོའི་ཞབས་ཞུ། གཉིས་ཕན་མཉམ་སྤྱོད་”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ཡོད། གོ་སྐབས་འདི་དང་བསྟུན་ནས་ལས་སྟེགས་དང་འབྲེལ་ཟམ་བསྐྲུན་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞབས་ཞུའི་ཉོ་ཚོང་ཁྱབ་ཁོངས་ཀྱི་འཕེལ་རྒྱས་གསར་པ་དང་ཐོད་བརྒལ་གསར་པ་སྒོ་ཀུན་ནས་སྟོན་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་ཡར་རྒྱས་བྱུང་བའི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་མཉམ་དུ་ལོངས་སུ་སྤྱོད་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས་སྤེལ་རེས་གཏིང་ཟབ་བྱེད་པ་དང་མཉམ་ལས་ལ་ཤུགས་བརྒྱབ་ནས་ཞབས་ཞུའི་ཉོ་ཚོང་དང་དངུལ་འཇོག་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཀྱི་ལེགས་སྐྱེས་འབུལ་བར་ང་ཚོས་རེ་སྒུག་ཞུ་རྒྱུ་ཡིན།
ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པས་འཕོ་འགྱུར་ཆེན་པོ་དེ་ཇེ་མགྱོགས་སུ་ཕྱིན་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་འགོག་རྐྱེན་ལ་ཕྲད་པ། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་དར་ཆེ་བ། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་དུ་སོང་བ། རྒྱལ་སྤྱིའི་ཉོ་ཚོང་དང་མ་དངུལ་འཇོག་ཤུགས་ཚད་ཆེན་པོས་ཉམས་རྒུད་དུ་སོང་བ་བཅས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྔར་བྱུང་མ་མྱོང་བའི་འགྲན་སློང་དང་ཚོད་བགམ་ལ་འཕྲད་ཡོད།
དེ་དང་ཆབས་ཅིག་ཏུ། ཉེ་བའི་ལོ་ཤས་རིང་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་བྱུང་ཞིང་དར་རྒྱས་ཕྱིན་ནས་གྲངས་ཀའི་ལག་རྩལ་དར་རྒྱས་སྟོབས་ལྡན་ཡོང་བར་སྐུལ་ཁྲིད་བྱས་པ་དང་། ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཞིང་། ཞབས་ཞུའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱས་པ་བཅས་ང་ཚོས་རིག་དགོས། ཐེངས་འདིའི་རིམས་ནད་གོ་ལ་ཧྲིལ་པོར་མཆེད་རིང་། རྒྱང་ཁྲིད་སྨན་བཅོས་དང་། དྲ་ཐོག་སློབ་གསོ། མཉམ་སྤྱོད་ལས་སྟེགས། རོགས་འདེགས་གཞུང་སྒྲུབ། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཀྱི་ཞབས་ཞུ་རྒྱ་ཁྱབ་ཏུ་སྤྱད་པ་དེས་རྒྱལ་ཁབ་ཁག་གི་དཔལ་འབྱོར་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དུ་ནུས་པ་གལ་ཆེན་ཐོན་ཡོད། མ་འོངས་པར་བསམ་བློ་བཏང་ན། ཞབས་ཞུའི་ལས་རིགས་ཀྱི་སྒོ་འབྱེད་མཉམ་ལས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བསྟུད་མར་འགྱུར་ཡོང་གི་རེད།
གོ་སྐབས་འདི་དང་བསྟུན་ནས་ངས་གྲོས་འགོ་ཁག་གསུམ་འདོན་རྒྱུ་ཡིན།
དང་པོ། སྒོ་འབྱེད་ཁོང་ཡངས་ཀྱི་མཉམ་ལས་ཁོར་ཡུག་མཉམ་དུ་སྐྲུན་དགོས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་སྤྱི་ཡོངས་ནས་བལྟས་ཚེ། འཛམ་གླིང་གི་དཔལ་འབྱོར་སྒོ་ཕྱེས་ན་དར་བ་དང་། བཀག་སྡོམ་བྱས་ན་ཉམས་འགྲོ་བ་རྟོགས་ཐུབ། ཞབས་ཞུའི་ལས་རིགས་ལ་ཡང་བའི་མ་རྩ་དང་། མཉེན་པའི་བདག་རྐྱེན་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དབང་གིས་སྒོ་འབྱེད་དང་། ཕྱི་གསལ་ནང་གསལ། ཁོང་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་ལས་རིགས་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་དེ་བས་དགོས་མཁོ་ཆེ་བ་དང་། རྒྱལ་ཁབ་ཁག་གིས་བདག་རྐྱེན་འཁོར་རྒྱུག་ལ་ཚོད་འཛིན་བྱེད་པའི་“མཐའ་མཚམས་སྒང་”དང་“མཐའ་མཚམས་རྗེས་”ཀྱི་བཀག་རྒྱ་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་རྒྱུ་དེ་བས་དགོས་མཁོ་ཆེ་ལ། རྒྱལ་མཚམས་ལས་བརྒལ་ཏེ་གཅིག་ལ་གཅིག་སྦྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ལ། རྒྱལ་མཚམས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོའི་དོ་དམ་ལམ་ལུགས་ཆ་ཚང་འཛུགས་པ་དང་། ཞབས་ཞུའི་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་དང་སྒོ་འབྱེད་ལས་སྟེགས་སྐྲུན་པར་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་ཚོང་རར་ཞུགས་འཐུས་མུ་མཐུད་ལྷོད་དུ་གཏོང་བ། ཞབས་ཞུ་སྤུས་ལེགས་ནང་འདྲེན་བྱེད་རྒྱ་རང་འགུལ་གྱིས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་དང་བསྟུན་ནས་ཕྱོགས་མང་དང་ས་ཁོངས་སོགས་རིམ་ངོས་ཀྱི་ཞབས་ཞུའི་སྒྲིག་སྲོལ་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། འཛམ་གླིང་གི་དཔལ་འབྱོར་ཁོང་ཡངས་ཀྱི་སྒོ་ནས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན།
གཉིས་པ། གསར་གཏོད་སྣེ་ཁྲིད་ཀྱི་མཉམ་ལས་སྒུལ་ཤུགས་མཉམ་དུ་སྐུལ་སློང་བྱེད་དགོས། ང་ཚོས་གྲངས་ཀ་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་“གྲངས་ཀའི་བཀག་འོབས་”སེལ་རྒྱུར་མཉམ་དུ་གཞོལ་བ་དང་། ཞབས་ཞུའི་ཉོ་ཚོང་གྲངས་ཀ་ཅན་གྱི་འཕེལ་རིམ་ལ་སྐུལ་རོགས་བྱེད་དགོས། ཀྲུང་གོས་ཁྱད་ལྡན་ཞབས་ཞུའི་ཕྱིར་གཏོང་རྟེན་གཞི་རྒྱ་ཆེར་བཏང་ནས་ཞབས་ཞུའི་ཉོ་ཚོང་གི་ལས་རྣམ་གསར་པ་དང་དཔེ་སྲོལ་གསར་པ་འཕེལ་རྒྱས་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲངས་ཀའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཇེ་མགྱོགས་སུ་གཏོང་བ། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲངས་ཀའི་དཔལ་འབྱོར་དང་མཉམ་སྤྱོད་དཔལ་འབྱོར་སོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
གསུམ་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་མཉམ་དུ་སྐྲུན་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་རྒྱབ་ལྗོངས་འོག །རྒྱལ་ཁབ་ཁག་གི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་ཞིང་། ཁེ་ཕན་མཉམ་འདྲེས་སྔ་ན་མེད་པ་བྱུང་བས་ཕན་ཚུན་བར་ལྷག་བསམ་རྣམ་དག་དང་ཀུན་ཕན་མཉམ་སྤྱོད་བྱེད་པ་ནི་རྩ་བའི་ཐབས་ཇུས་ཡིན། རྒྱལ་ཁབ་ཁག་གིས་ཞབས་ཞུའི་ཉོ་ཚོང་འཕེལ་རྒྱས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཁེ་ཕན་གྱི་མཐུན་ཆ་ཆེ་ཤོས་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ་“བག་ལེབ་”རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ཀྲུང་གོས་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་བརྗེ་འཚོང་ཚོགས་འདུ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་སྟོན་ཚོགས་ཆེན་སོགས་ལས་སྟེགས་སྣ་ཚོགས་བེད་སྤྱོད་དཔྱིས་ཕྱིན་པ་བྱས་ནས་སྲིད་ཇུས་དང་ཉམས་མྱོང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་བར་དང་། རྒྱལ་སྤྱིའི་རྩ་འཛུགས། ཚོང་ལས་མཐུན་ཚོགས་དང་དེ་བཞིན་ཁེ་ལས་བཅས་བར་གྱི་སྣ་མང་ཅན་གྱི་རོགས་ཟླའི་འབྲེལ་བ་འཛུགས་པ་དང་སྐྱེད་སྲིང་བྱེད་པ། གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་མནའ་འབྲེལ་འཛུགས་པར་རྒྱབ་སྐྱོར་བྱེད་པ། དངོས་དོན་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་རྒྱུན་ཆད་མེད་པར་ཆགས་པ་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ལ་ཞབས་ཞུའི་ཉོ་ཚོང་གི་གོང་འཕར་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན།
ཀྲུང་གོའི་ཞབས་ཞུའི་ལས་རིགས་སྒོ་འབྱེད་ནང་གི་པེ་ཅིན་གྱི་སྣེ་ཁྲིད་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་ཆེད། ང་ཚོས་པེ་ཅིན་གྱིས་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་འཚོལ་ཞིབ་བྱ་རྒྱུ་ཡིན། ཚན་རྩལ་གསར་གཏོད་དང་། ཞབས་ཞུའི་ལས་རིགས་སྒོ་འབྱེད། གྲངས་ཀའི་དཔལ་འབྱོར་བཅས་ཁྱད་ཆོས་གཙོ་བོ་ཡིན་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པ་དང་། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལས་སྟེགས་བསྐྲུན་ནས་རིམ་པ་སྔར་ལས་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་ཁྲིད་བྱ་རྒྱུ་ཡིན།
༄༅། །འགོ་འཛུགས་ས་སྔར་ལས་མཐོ་བའི་ཐོག་ཏུ་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།
(2020ལོའི་ཟླ་10ཚེས་14ཉིན། ཟླ་11ཚེས་12ཉིན།)
གཅིག །
དུས་བབ་གསར་པར་འཁུར་ལེན་གསར་པ་བྱེད་དགོས་པ་དང་བྱས་རྗེས་གསར་པ་འཇོག་དགོས། དུས་རབས་གསར་པར་དཔལ་འབྱོར་དམིགས་བསལ་ཁུལ་འཛུགས་སྐྲུན་བྱེད་པ་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རང་རྒྱལ་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་སྤྱི་ཡོངས་ལ་གཞི་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་རྩེ་གཅིག་ཏུ་དམིགས་པ། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་བྱེད་སེམས་དང་ཆར་རླུང་ལ་འཛེམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་བསྒྱུར་བཅོས་མཚམས་མི་འཇོག་པ་དང་སྒོ་འབྱེད་བར་མི་ཆད་པ། འགོ་འཛུགས་ས་སྔར་ལས་མཐོ་བའི་ཐོག་ནས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དམིགས་བསལ་ཁུལ་གྱི་ལས་ཀར་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཆེད་དུ་བྱས་རྗེས་གསར་པ་དེ་བས་ཆེ་བ་འཇོག་དགོས།
ཏང་ཀྲུང་དབྱང་གིས་ཧྲེན་ཀྲེན་གྱི་བསྒྱུར་བཅོས་སྒོ་འབྱེད་དང་གསར་གཏོད་འཕེལ་རྒྱས་ལ་རེ་བ་ཆེན་པོ་བཟུང་ཡོད། ན་ནིང་གི་ཟླ་8པར་ཏང་ཀྲུང་དབྱང་གིས་ཧྲེན་ཀྲེན་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་བསམ་འཆར་བཏོན་པ་དང་། དེར་འབྲེལ་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཧྲེན་ཀྲེན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གྱི་གྲོང་ཁྱེར་དཔེ་མཚོན་ཞིག་གསར་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་སྒོ་འབྱེད་རྒྱ་སྐྱེད་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་པ་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱ་གཞག་འཕེལ་རྒྱས་སྐོར་གྱི་ལག་ལེན་གསར་པ་གྲ་རྒྱས་སུ་གཏོང་བ། ཀུན་གྱི་སྔོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བཅས་བྱེད་དགོས། འདི་ནི་དུས་རབས་གསར་པར་ཏང་ཀྲུང་དབྱང་གིས་ཧྲེན་ཀྲེན་ལ་བསྒོས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན།
(2020ལོའི་ཟླ་10ཚེས་14ཉིན་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།)
གཉིས།
འཐབ་ལམ་གསར་པའི་ཐོག་ང་ཚོས་ཕུའུ་ཏུང་གི་ལོ་རྒྱུས་ཀྱི་གནས་ཕྱོགས་དང་འགན་འཁྲི་གསར་པ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་སྟེ་སྤྱི་ཡོངས་ཆེན་པོ་འདི་གཉིས་ཀྱི་ནང་དུ་བཞག་ནས་འཆར་འགོད་བྱེད་དགོས་པ་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་དུ་བཞག་ནས་བསམ་གཞིགས་དང་འཆར་འགོད་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་འགྱུར་ལྡོག་ངོས་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་ལ་བསྟུན་པ། རང་འགུལ་གྱིས་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ། ཉེན་ཁ་ལས་གོ་སྐབས་སྐྱེད་སྲིང་བྱེད་པ་དང་འགྱུར་ལྡོག་ལས་རྣམ་པ་གསར་པ་གཏོད་དགོས།
ཏང་ཀྲུང་དབྱང་གིས་《ཕུའུ་ཏུང་ཁུལ་གསར་གྱིས་ཆུ་ཚད་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་སྣེ་ཁྲིད་ཁུལ་སྐྲུན་པར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར་》ཞིབ་འཇུག་དང་གཏན་འབེབས་བྱེད་བཞིན་ཡོད་པ་དང་། ཕུའུ་ཏུང་ཁུལ་གསར་གྱི་བསྒྱུར་བཅོས་སྒོ་འབྱེད་ལ་ལས་འགན་གལ་ཆེན་གསར་པ་སྤྲོད་རྒྱུ་ཡིན། ཕུའུ་ཏུང་གིས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ལྗིད་ཤོས་འཁུར་ཕོད་པ་དང་གཉའ་རུས་མཁྲེགས་ཤོས་འཐོག་ཕོད་པ་བཅས་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་འབྱེད་གདོང་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མདུན་བདར་དམག །“གདེང་ཚོད་བཞི་”མངོན་པར་མཚོན་པའི་ལག་ལེན་གྱི་དཔེ་སྟོན་པ་བཅས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། འཛམ་གླིང་ལ་ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་འགྲོ་ལམ་བཅས་སྔར་ལས་ལེགས་པར་སྟོན་དགོས།
(2020ལོའི་ཟླ་11ཚེས་12ཉིན་ཕུའུ་ཏུང་གསར་སྤེལ་སྒོ་འབྱེད་བྱས་ནས་ལོ་ངོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།)
༄༅། །འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བསྒྱུར་བཅོས་ལ་ཐོད་བརྒལ་སྔར་ལས་ཆེན་པོ་ཡོང་བ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་དགོས།
(2020ལོའི་ཟླ་12ཚེས་30ཉིན།)
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དཔེ་མེད་ཀྱི་ཆོད་སེམས་དང་ནུས་ཤུགས་བཏོན་ནས་བསམ་བློ་དང་འདུ་ཤེས་ཀྱི་བཀག་རྒྱ་སེལ་བ་དང་། ཁེ་ཕན་གཏན་ཆགས་སུ་གྱུར་པའི་སྒོ་ར་གཏོར་ཞིང་། ཕྱོགས་གང་ཅིའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་བ་དང་། ཕྱི་རོལ་ཡུལ་གྱི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་ཏེ་རྔམ་བརྗིད་ཆེ་ལ་ཟིལ་རླབས་དགུང་དུ་འཕྱུར་བའི་བསྒྱུར་བཅོས་ཀྱི་འཕེལ་རིམ་བཏོད་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱུང་ཞིང་། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། མ་ལག་རང་བཞིན་གྱི་བསྐྱར་བཞེངས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱུང་བས། མ་ལག་ཆ་ཚང་ཞིང་། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། འཁོར་སྐྱོད་དོན་འབྲས་ལྡན་པ་བཅས་ཀྱི་ལམ་ལུགས་མ་ལག་ཆགས་པར་སྐུལ་འདེད་བཏང་བ་དང་། ཕྱོགས་སོ་སོའི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་གཏན་ཆགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཞིང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད། བསྒྱུར་བཅོས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས་པ་དང་། བསྒྱུར་བཅོས་ཀྱི་བསྒྲིལ་ཤུགས་ཕྱོགས་བསྡུ་བྱེད་པ། ཡང་འབད་བསྐྱར་འབད་བྱེད་པ། བློ་རྩ་བརྟན་པོས་ཡར་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བསྒྱུར་བཅོས་ལ་ཐོད་བརྒལ་སྔར་ལས་ཆེན་པོ་ཡོང་བ་དང་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པར་སྐུལ་འདེད་གཏོང་དགོས།
ལོ་འདི་དག་རིང་གི་བསྒྱུར་བཅོས་ལས་དོན་ལ་ཕྱིར་དྲན་བྱས་ཚེ། ང་ཚོས་བཏོན་པའི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་རབ་དང་རིམ་པ་དང་། ལག་བསྟར་བྱས་པའི་ཐབས་བཀོད་གལ་ཆེན་རབ་དང་རིམ་པ། མངོན་འགྱུར་བྱུང་བའི་ཐོད་བརྒལ་གལ་ཆེན་རབ་དང་རིམ་པ་བཅས་ཚང་མར་གསར་བརྗེའི་རང་བཞིན་ལྡན་པ་དང་། བསྒྱུར་བཅོས་སྒོ་འབྱེད་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྣམ་པ་གསར་པ་བཏོད་ཡོད། དང་པོ། འདི་ནི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་འཕོ་འགྱུར་གཏིང་ཟབ་མོ་ཞིག་རེད། ང་ཚོས་བསམ་བློ་དང་རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་བསྒྱུར་བཅོས་ལག་ལེན་གྱི་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུདང་། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་གྲ་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་བསྒྱུར་བཅོས་ཀྱི་སྤྱིའི་དམིགས་འབེན་དང་། གཙོ་རྒོལ་ཁ་ཕྱོགས། གཙོ་གནད་ལས་འགན། ལས་ཀའི་ཐབས་ལམ་སོགས་ཀྱི་ཐད་དུ་ཐོད་བརྒལ་རང་བཞིན་དང་། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པའི་དགོངས་པ་གལ་ཆེན་དང་ཆོད་གཏམ་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས་དོན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་གང་ལྟར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་ཡོད། གཉིས་པ། འདི་ནི་བསྒྱུར་བཅོས་སྒྲིག་འཛུགས་བྱེད་སྟངས་ཀྱི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ང་ཚོའི་ཏང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་མ་ལག་ལྡན་པའི་བསམ་གཞིགས་ལ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཇུས་འགོད་བྱས་ནས་དུས་འགོའི་རྩིག་རྨང་འདིང་བ་དང་ཀ་འཛུགས་གདུང་འགེལ་བྱེད་པ་ནས་དུས་དཀྱིལ་གྱི་ཕྱོགས་ཡོངས་ནས་སྐུལ་འདེད་དང་རྨང་ཚུགས་སྟོབས་འཕེལ་བྱེད་པ། དེ་ནས་ད་ཆའི་དུས་རིམ་གྱི་མ་ལག་འདུས་གྲུབ་དང་མཉམ་སྒྲུབ་ཆོད་ཆེར་གཏོང་བའི་བར་གྱི་ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་རང་བཞིན་གྱི་འགལ་རྐྱེན་དང་། ལམ་སྲོལ་རང་བཞིན་གྱི་འགོག་རྐྱེན། སྲིད་ཇུས་རང་བཞིན་གྱི་གསར་གཏོད་བཅས་ཀྱི་གནད་དོན་མྱུར་ལ་བརྟན་པ་དང་ནུས་པ་ཆེ་ལ་གོ་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པར། ཁ་ཕྱོགས་དང་དམིགས་འབེན་གསལ་བ་དང་། འཐབ་ཇུས་དང་བཀོད་སྒྲིག་ངེས་པ། ཐབས་དང་བཀོད་པ་གོ་འཕེར་བཅས་བྱུང་བ་དང་། ཆ་ཤས་ཀྱི་འཚོལ་ཞིབ་དང་འགག་ལམ་སྒྲོལ་བ་ནས་མ་ལག་ཅན་གྱི་མཐུན་སྦྱོར་དང་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གསུམ་པ། འདི་ནི་རྒྱལ་ཁབ་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ལམ་ལུགས་འཛུགས་སྐྲུན་གྱི་གཙོ་རྐང་འདི་གཙིགས་ཆེར་བཏོན་པ་དང་། ལམ་ལུགས་ཀྱི་སྒྲོམ་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་རྩ་བའི་ལམ་ལུགས་བརྟན་དུ་གཏོང་བ། གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་གསར་གཏོད་བཅས་བྱས་ཡོད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱེད་པ། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་ལེན་བསྟར་བ། ལོ་ཧྲིལ་པོའི་དཔལ་འབྱོར་ལས་དོན་སོགས་ཀྱི་འཕེལ་རིམ་ནང་དུ་ལམ་ལུགས་འཛུགས་སྐྲུན་གྱིས་ནུས་པ་གལ་ཆེན་ཐོན་ཡོད་ལ། བསྒྱུར་བཅོས་ཀྱི་འགག་རྩའི་ཐབས་ཤེས་ཀྱི་ནུས་པ་སྒོ་ཀུན་ནས་མངོན་ཡོད། བསྒྱུར་བཅོས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་ཐོག་ནས་བལྟས་ནའང་འདྲ་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱིས་བསྒྱུར་བཅོས་ལ་དོན་དངོས་ཀྱི་ཞིབ་དཔྱད་བྱས་པའི་ཐོག་ནས་བལྟས་ནའང་འདྲ་བར། ཐོབ་པའི་གྲུབ་འབྲས་གལ་ཆེན་ཚང་མར་མངོན་གསལ་དོད་པའི་དུས་རབས་རང་བཞིན་དང་ལག་ལེན་རང་བཞིན་ལྡན་ཡོད། བཞི་པ། འདི་ནི་མི་དམངས་རྒྱ་ཁྱབ་ངང་ཞུགས་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། ང་ཚོས་མི་དམངས་ལྟེ་བར་བཟུང་ནས་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཏང་གི་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། རྩེ་རིམ་ཇུས་འགོད་དང་ཆུ་ལ་དཔགས་ནས་རབ་བརྒལ་བ་ཕན་ཚུན་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས། ཚོད་ལྟ་བྱེད་གནས་སྔོན་ལ་སྒྲུབ་པ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་ཕན་ཚུན་སྐུལ་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་པ་དང་། མི་དམངས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་དམ་འཛིན་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ་དང་། སྤྱི་ཚོགས་ཡོངས་སུ་བསྒྱུར་བཅོས་གསར་གཏོད་ཀྱི་གསོན་ཤུགས་གཅིག་ལ་གཅིག་འགྲན་ངང་འཕེལ་བ་དང་གསོན་ཉམས་ལྡན་པའི་རྣམ་པ་མངོན་ཡོད།
བསྒྱུར་བཅོས་ཀྱི་འགྲོ་ལམ་ཐོག་ཏུ་སྔར་བཞིན་རྙོག་འཛིང་ཆེ་བའི་འགལ་བ་དང་གནད་དོན་ཧ་ཅང་མང་པོ་ལྷགས་ཡོད། ང་ཚོས་གཉའ་རུས་མཁྲེགས་པོ་མང་པོ་བཏོགས་ཟིན་རུང་། ད་དུང་གཉའ་རུས་མཁྲེགས་པོ་མང་པོ་བཏོག་རྒྱུ་ཡོད། ང་ཚོས་དཀའ་གནད་མང་པོ་བསྒྲལ་ཡོད་མོད། འོན་ཀྱང་ད་དུང་དཀའ་གནད་མང་པོ་བསྒྲལ་རྒྱུ་ཡོད། བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཟུང་འབྲེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཐབ་ཇུས་ཀྱི་དམིགས་འབེན་ལས་འགན་ལ་དམིགས་ཏེ། གསར་སྐྲུན་རང་བཞིན་དང་སྣེ་ཁྲིད་རང་བཞིན་ལྡན་པའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། བསྒྱུར་བཅོས་ཟབ་སྤེལ་གྱི་འགག་སྒྲོལ་དང་ལམ་ལུགས་འདུས་གྲུབ་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་གྱིས་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་བསྒྱུར་བཅོས་ཀྱི་ཐབས་བཀོད་ལ་དམིགས་པ་གཏོད་པ་དང་། ལམ་ལུགས་ཀྱི་གསར་གཏོད་སྒོ་ཀུན་ནས་མཉམ་འགུལ་དང་འབྲེལ་མཐུད་ལེ་ལག་ཆ་ཚང་ཡོང་བར་ཤུགས་བརྒྱབ་ནས་བསྒྱུར་བཅོས་ཀྱི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་དགོས། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་ཐབས་ཟུང་འབྲེལ་གྱིས་བསྒྱུར་བཅོས་ཀྱི་དུས་བབ་དང་ལས་འགན་ལ་བརྡར་གཅོད་གཏིང་ཟབ་བྱེད་པ་དང་། བསྒྱུར་བཅོས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དང་། བྱེད་སྟངས། འགྲོས་ཚིགས་བཅས་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཏེ། བསྒྱུར་བཅོས་བརྟན་པོ་དང་ཕུགས་རིང་ཡོང་བར་སྐུལ་འདེད་གཏོང་དགོས། གསར་གཏོད་ཀྱི་གསོན་ཤུགས་ངར་སྐུལ་དང་འབད་འབུངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་ཟུང་འབྲེལ་གྱིས་སྐུལ་ལྕག་གཏོང་བའི་ལམ་སྲོལ་ལ་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་དུ་བསྒྱུར་བཅོས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས།
༄༅། །སྒོ་འབྱེད་ཀྱི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོད་ཁོལ་སྦྱིན་རོགས།
(2021ལོའི་ཟླ་11ཚེས་4ཉིན།)
གུས་པར་འོས་པའི་རྒྱལ་ཁབ་ཀྱི་གཙོ་བདག་རྣམ་པ་དང་། སྲིད་གཞུང་གི་འགོ་གཙོ་རྣམ་པ།
གུས་པར་འོས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ་རྣམ་པ།
གུས་པར་འོས་པའི་འཐུས་མི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ།
སྐུ་མགྲོན་རྣམ་པ།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
ལྷན་རྒྱས་སྐུ་ཁམས་བཟང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་སྟོན་ཚོགས་ཆེན་སྐབས་བཞི་པ་འགོ་ཚུགས་པའི་སྐབས་འདིར་ལྷན་རྒྱས་དང་“སྤྲིན་སྣེ་”རུ་མཉམ་འཛོམས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐོག་མར་ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུ་བ་དང་། དེ་བཞིན་ང་རང་མི་སྒེར་གྱི་མིང་ཐོག་ནས་སྐུ་མགྲོན་རྣམ་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་རྒྱུ་ཡིན། གྲོགས་པོ་གསར་རྙིང་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ཀྲུང་གོས་མ་གཞི་ནས་གང་བཤད་དོན་ལ་གནས་པ་དང་། གང་བསྒྲུབས་འབྲས་བུ་ཐོན་པ་བྱེད་ཀྱི་ཡོད། ངས་ནང་འདྲེན་དངོས་མང་འགྲེམས་སྟོན་ཚོགས་ཆེན་སྐབས་གསུམ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐབས་བཀོད་ནི་གཞི་རྩའི་ཆ་ནས་དོན་འཁྱོལ་བྱུང་ཡོད། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་བཏོན་ཟིན། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་བསྒྱུར་བཅོས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་མུ་མཐུད་ལྷོད་ཡངས་སུ་བཏང་ཞིང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་བཅོས་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་བར་གྱི་དངུལ་འཇོག་གྲོས་མཐུན་གྱི་གྲོས་མོལ་ཡོངས་གྲུབ་བྱུང་ཡོད། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་ལ་རྒྱལ་ནང་དུ་ཞིབ་མཆན་ཐོབ་ནས་སྔོན་ལ་ཡོངས་གྲུབ་བྱུང་ཡོད། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་དེ་ཕྱི་ཕྱོགས་ཉོ་ཚོང་གི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ནི་ན་ནིང་གི་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་འཕར་སྣོན་དངོས་མ་མངོན་འགྱུར་བྱུང་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་གཅིག་པུ་དེ་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་ཡོང་རྒྱུ་འགན་སྲུང་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་བསྐལ་བའི་རིམས་ནད་མཉམ་སྦྲགས་བྱུང་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལངས་པས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བཀག་འགོག་ཐེབས་ཡོད། འབྲེལ་ཡོད་ཞིབ་འཇུག་ལས་མངོན་པ་ལྟར་ན། ལོ་ངོ་10ཡི་རིང་“འཛམ་གླིང་སྒོ་འབྱེད་སྟོན་གྲངས་”རྒྱུན་ཆད་མེད་པར་མར་ཆག་པ་དང་། གོ་ལ་ཧྲིལ་པོའི་སྒོ་འབྱེད་ཀྱི་ངོས་འཛིན་གཅིག་མཐུན་ཉམས་ཞན་དུ་སོང་ཡོད་པས་དེར་ཚད་མཐོའི་དོ་ཁུར་བྱེད་འོས། ཆུ་བོར་ལྡོག་ནས་གྲུ་གཏོང་བཞིན། །གྱེན་དུ་མ་ཕྱིན་ཕྱིར་ནུར་ཡིན། །ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་ངེས་ཤེས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྒྱབ་སྐྱོར་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་མིའི་རིགས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས།
སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་མཚོན་རྟགས་མངོན་གསལ་ཞིག་ཡིན། ད་ལོ་ནི་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་ནས་ལོ་ངོ་20འཁོར་བའི་ལོ་ཡིན། ལོ་20ཡི་རིང་ལ། ཀྲུང་གོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་དུས་ཀྱི་ཁས་ལེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཀྲུང་གོའི་སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་15.3%ནས་7.4%ལ་མར་ཆག་པ་དེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པའི་ཁས་ལེན་གྱི་9.8%ལས་དམའ་བ་ཡོད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་2300ལྷག་ཙམ་གཙང་བཤེར་བྱས་པ་དང་། ས་གནས་སྲིད་གཞུང་གིས་ཁྲི་19ལྷག་གཙང་བཤེར་བྱས་པས་ཚོང་ར་དང་སྤྱི་ཚོགས་ཀྱི་གསོན་ཤུགས་བསླངས་ཡོད། ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་རས་དུང་ཕྱུར་3500ཙམ་དང་། སྲུང་གོས་དུང་ཕྱུར་40ལས་བརྒལ་བ། མི་དུང་ཕྱུར་60ཡི་སྐལ་བའི་ཞིབ་དཔྱད་ཚོད་ལྟའི་སྨན་རྫས། རིམས་འགོག་སྨན་ཁབ་དུང་ཕྱུར་16ལས་བརྒལ་བ་བཅས་འདོན་སྤྲོད་བྱས་ནས་རྒྱལ་སྤྱིའི་རིམས་ནད་འགོག་སེལ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་ཀྱི་ཤེས་བྱའི་ཐོན་དངོས་བདག་དབང་རིན་མེད་བཤུག་གཏོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁས་ལེན་ལག་བསྟར་བྱས་ཤིང་འཁུར་ལེན་བྱེད་ཕོད་པ་བསྟན་ཡོད།
ལོ་ངོ་20ཡི་རིང་ལ། ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་དྲུག་པ་ནས་ཨང་གཉིས་པར་འཕར་བ་དང་། དངོས་ཟོག་ཉོ་ཚོང་དེ་འཛམ་གླིང་གི་ཨང་དྲུག་པ་ནས་ཨང་དང་པོར་འཕར་ཡོད། ཞབས་ཞུའི་ཉོ་ཚོང་དེ་འཛམ་གླིང་གི་ཨང་བཅུ་གཅིག་པ་ནས་ཨང་གཉིས་པར་འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་བཀོལ་སྤྱོད་བྱེད་ཚད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཨང་དང་པོར་བརྟན་པོར་གནས་པ་དང་། ཕྱི་ཕྱོགས་སུ་ཐད་ཀར་མ་དངུལ་འཇོག་ཚད་འཛམ་གླིང་གི་ཨང་ཉེར་དྲུག་པ་ནས་ཨང་དང་པོར་འཕར་ཡོད། ལོ་ངོ་20འདི་ནི་ཀྲུང་གོས་བསྒྱུར་བཅོས་ཟབ་སྤེལ་དང་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་པའི་ལོ་ངོ་20ཡིན་ལ། ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་གདོང་བསུ་བྱས་པའི་ལོ་ངོ་20དང་ཀྲུང་གོས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ལོ་20ཡང་ཡིན།
འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་པ་ནས་བཟུང་། ཀྲུང་གོས་རྒྱུན་ཆད་མེད་པར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཀྲུང་གོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་དུ་བཅུག་པ་དང་། འཛམ་གླིང་དཔལ་འབྱོར་ཡང་སོས་ཀའི་ཆུ་མོ་ལྟར་བརྡོལ་བར་བྱས་ཡོད།
འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ་ཞུགས་ནས་ལོ་ངོ་20རིང་། ཀྲུང་གོར་བྱུང་བའི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན་ལ། ཀྲུང་གོས་རང་དབང་ངང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་པ་དང་གཉིས་ཕན་མཉམ་རྒྱལ་ལག་ལེན་བསྟར་བའི་འབྲས་བུ་ཞིག་ཀྱང་ཡིན།
འདིར་ངས་ལོ་རྒྱུས་ཀྱི་འཕེལ་རིམ་དེའི་ནང་དུ་ཞུགས་ཤིང་དཔང་པོ་གནང་མཁན་དང་། ཀྲུང་གོའི་སྒོ་འབྱེད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣ་ལྷན་རྒྱས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
“ཕར་འགྲོ་རིག་པས་ཚུར་འོང་རྟོགས། །འདས་དོན་མཐོང་བས་མ་འོངས་རྟོགས། །”[1]རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་ཡོང་དགོས་ན། ངེས་པར་དུ་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ལྟར་མདུན་སྐྱོད་བྱེད་དགོས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ལས་འཕེལ་རྒྱས་གཏོང་དགོས། ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་འགྱུར་མི་སྲིད། འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་འགྱུར་མི་སྲིད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་ཆོད་སེམས་འགྱུར་མི་སྲིད།
དང་པོ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་དོན་དམ་པའི་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་ཀྱི་ཡིན། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་དུ་གྱུར་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ནི་རྒྱལ་སྤྱིའི་ཉོ་ཚོང་གི་རྨང་རྡོ་ལྟ་བུ་ཡིན། མིག་སྔར་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་འགྲན་སློང་མང་པོར་འཕྲད་ཡོད། ཀྲུང་གོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་བསྒྱུར་བཅོས་དེ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་ཁོང་ཡངས་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར། འཕེལ་རྒྱས་འགྲོ་བཞིན་པའི་ཁོངས་ཞུགས་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བཅས་བྱེད་ཀྱི་ཡོད། ཀྲུང་གོས་དགེ་མཚན་ལྡན་པའི་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ནས་གྲངས་ཀའི་དཔལ་འབྱོར་དང་། ཉོ་ཚོང་། ཁོར་ཡུག་དང་ཐོན་ལས་ཀྱི་ཁ་གསབ། གཞུང་ཁོངས་ཁེ་ལས་སོགས་གྲོས་དོན་གྱི་གྲོས་མོལ་ལ་ཞུགས་ཀྱི་ཡིན། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་བྱེད་པའི་ཐབས་ལམ་གཙོ་བོའི་གོ་གནས་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་ཡོང་བར་སྲུང་སྐྱོང་བྱེད་ཀྱི་ཡིན།
གཉིས་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་དང་མཉམ་དུ་ཚོང་རའི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡིན། ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་དང་ཡོང་འབབ་འབྲིང་གྲས་ཀྱི་མང་ཚོགས་དུང་ཕྱུར་4ཡན་ཡོད། ལོ་ལྟར་ནང་འདྲེན་བྱེད་པའི་ཚོང་ཟོག་དང་ཞབས་ཞུ་ཨ་སྒོར་དུང་ཕྱུར་ཁྲི་2.5ཙམ་ཟིན་པ་དང་ཚོང་རའི་གཞི་ཁྱོན་ཧ་ཅང་ཆེན་པོ་ཡོད། ཀྲུང་གོས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དེ་བས་མཐོང་ཆེན་བྱས་ནས་ཉོ་ཚོང་དོ་མཉམ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས་ནང་འདྲེན་ཉོ་ཚོང་ལ་སྐུལ་འདེད་དང་གསར་གཏོད་བྱེད་པའི་དཔེ་སྟོན་ཁུལ་འཕར་འཛུགས་བྱེད་ཀྱི་ཡིན། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སིལ་ཚོང་གི་ནང་འདྲེན་ཚོང་ཟོག་གི་གསལ་ཐོ་ལེགས་བཅོས་གཏོང་བ་དང་། མཐའ་དམངས་ཀྱི་ཕར་ཚུར་ཉོ་ཚོང་གི་ནང་འདྲེན་ཚོང་ཟོག་འབྱོར་ཡུལ་རང་དུ་ལས་སྣོན་བྱེད་པར་སྐུལ་འདེད་གཏོང་བ། མཐའ་འཁོར་རྒྱལ་ཁབ་ནས་ནང་འདྲེན་བྱེད་ཚད་མང་དུ་གཏོང་བ་བཅས་བྱེད་ཀྱི་ཡིན། ཀྲུང་གོས་ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། “དར་ལམ་གློག་རྡུལ་ཚོང་དོན་”འཕེལ་རྒྱས་གཏོང་བ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་བཙུགས་ནས་རྒྱལ་ཁོངས་ལས་བརྒལ་བའི་དངོས་ཟོག་འགྲེམས་ནུས་ཆེ་རུ་གཏོང་གི་ཡིན།
གསུམ་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་བས་ཉུང་དུ་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་མོ་འབྱེད་རྒྱ་རིམ་བཞིན་ཆེ་རུ་གཏོང་གི་ཡིན། ཀྲུང་གོས་《ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་བྱེད་པའི་ཐོན་ལས་དཀར་ཆག་》བཟོ་བཅོས་བྱས་ཏེ་རྒྱ་སྐྱེད་བཏང་ནས་ཕྱི་རྒྱལ་གྱི་མ་དངུལ་སྔར་ལས་མང་བ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་། དེང་རབས་ཀྱི་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་ཁྱབ་ཁོངས་སུ་འཇོག་པ་དང་། ཀྲུང་གོའི་དབུས་ནུབ་རྒྱུད་དང་བྱང་ཤར་ས་ཁུལ་ལ་འཇོག་པར་ཁྲིད་སྟོན་བྱེད་ཀྱི་ཡིན། ཀྲུང་གོས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་གནོན་ཤུགས་ཚོད་ལྟ་ཡག་པོ་བྱེད་པ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་འདོན་གྱི་ཡིན། ཀྲུང་གོས་ལྗང་མདོག་ཐཱན་ཉུང་དང་གྲངས་ཀའི་དཔལ་འབྱོར་སོགས་རྒྱལ་སྤྱིའི་མཉམ་ལས་ནང་གཏིང་ཟབ་ཞུགས་ནས་《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》དང་《གྲངས་ཀའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན་》ནང་ཞུགས་པར་སྐུལ་འདེད་ཧུར་ཐག་གཏོང་གི་ཡིན།
བཞི་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་ཀྱི་ཡིན། ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ལམ་སྲོལ་གྱི་མཉམ་ལས་ནང་ཧུར་ཐག་གིས་ཞུགས་རྒྱུ་དང་། ཉོ་ཚོང་དང་། མ་དངུལ་འཇོག་པ། གྲངས་ཀའི་དཔལ་འབྱོར། ལྗང་མདོག་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་གྲོས་དོན་དཔྱད་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོས་རིམས་འགོག་སྨན་ཁབ་སོགས་འགག་རྩའི་སྨན་བཅོས་དངོས་ཟོག་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་དྲང་སྙོམས་ངང་བགོ་བཤའ་རྒྱག་པ་དང་ཚོང་དོན་ཤར་གཏོང་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོས་སྤུས་ཚད་མཐོ་བའི་ངང་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་དང་མི་དམངས་སྔར་བས་མང་བར་འཕེལ་རྒྱས་ཀྱི་གོ་སྐབས་དང་ཕན་ཁེ་ཐོབ་ཏུ་འཇུག་གི་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་དང་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱེད་པར་ཧུར་ཐག་གིས་ཞུགས་ནས་ལྷོ་ལྷོ་མཉམ་ལས་སྒྲོམ་གཞིའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མུ་མཐུད་རོགས་སྐྱོར་སྔར་བས་མང་བ་བྱེད་ཀྱི་ཡིན།
མཁྱེན་ལྡན་མ་རྣམ་པ་དང་། སྐུ་ཞབས་རྣམ་པ། གྲོགས་པོ་རྣམ་པ།
“ཁེར་ལས་བྱས་ན་དོན་འགྲུབ་དཀའ། །མཉམ་སྒྲུབ་བྱས་ན་ལས་མཐའ་ཆོད། །”[2]ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨུག་སྤྲིན་ད་དུང་སངས་མེད་ལ། འཛམ་གླིང་དཔལ་འབྱོར་སླར་གསོའི་མདུན་ལམ་ཀྱག་ཀྱོག་ཡིན་པས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྔར་བས་ཕྱར་བ་གྲུ་འདེགས་དང་རྐྱེན་ངན་མཉམ་སེལ་བྱེད་དགོས། ཀྲུང་གོར་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་བསྐྲུན་ནས་སྒོ་འབྱེད་ཀྱི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོད་ཁོལ་སྦྱིན་པའི་འདོད་མོས་ཡོད།
ལྷན་རྒྱས་ཐུགས་རྗེ་ཆེ།
མཆན་འགྲེལ།
[1] 《ལེ་ཙི་•རྟགས་བཤད་》ཅེས་པར་གསལ།
[2] ཆིན་རྒྱལ་རབས་ཀྱི་ཝེ་ཡོན་གྱི་《མོ་ཁྲམ་•སྐྱོང་བའི་ལེའུ་བརྒྱད་པ་》ཞེས་པར་གསལ།