བརྒྱད་པ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་དགོས། ཧུར་བརྩོན་གྱིས་ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་པ་དང་འཕོ་འགྱུར་ལས་རྣམ་པ་གསར་པ་གཏོད་དགོས།

ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།

༄༅། །ཧུར་བརྩོན་གྱིས་ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་པ་དང་འཕོ་འགྱུར་ལས་རྣམ་པ་གསར་པ་གཏོད་དགོས། 

(2020ལོའི་ཟླ་5ཚེས་23ཉིན།) 

ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་རིང་བཅས་ཀྱི་མཐོང་རྒྱ་ལས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཧུར་བརྩོན་གྱིས་ཉེན་ཁ་ལས་གོ་སྐབས་གསར་པ་སྐྱེད་ཅིང་འཕོ་འགྱུར་ལས་རྣམ་པ་གསར་པ་གཏོད་པ་དང་། རང་རྒྱལ་ནི་འཛམ་གླིང་གི་ཚོང་ར་ཆེ་ཤོས་ཡིན་པའི་གཏིང་ཤུགས་དང་ནུས་པ་འདོན་སྤེལ་བྱེད་པ། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཀྱི་འཐབ་ཇུས་ཁ་ཕྱོགས་གཏན་འཁེལ་བཟོ་བ། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་སྲ་བརྟན་གཏོང་བ། ཞིང་ལས་ཀྱི་རྨང་གཞིའི་རང་བཞིན་གྱི་གནས་བབ་སྲ་བརྟན་གཏོང་བ། “བརྟན་པོ་དྲུག་”དང་“འགན་སྲུང་དྲུག་”གི་ལས་འགན་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་ཏན་ཏིག་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་བྲལ་འགག་སྒྲོལ་ལ་རྒྱལ་ཕམ་རྟིང་རྩོད་བྱེད་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱ་རྒྱུ་འགན་ལེན་ཏན་ཏིག་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་རླུང་བརྟེན་རླབས་གཤགས་ཀྱིས་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས། 

ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་དབྱེ་ཞིབ་བྱེད་པ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། མིག་སྔའི་དཀའ་ངལ་དང་། ཉེན་ཁ། འགྲན་སློང་བཅས་ལ་ཕྱོགས་ཡོངས་དང་། རྩོད་སྒྲུབ། ཕུགས་རིང་བཅས་ཀྱི་མཐོང་རྒྱ་ལས་ལྟ་ཚུལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་ཚོང་རའི་བྱེད་པོ་སྣ་ཚོགས་ཀྱི་ཡིད་ཆེས་ཆེ་རུ་སྐྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་འཕེལ་ཕྱོགས་སྲ་བརྟན་གཏོང་དགོས། 

རང་རྒྱལ་གྱི་དཔལ་འབྱོར་ནི་འཕེལ་རྒྱས་གཏོང་སྟངས་བརྗེ་སྒྱུར་དང་། དཔལ་འབྱོར་གྲུབ་ཚུལ་ལེགས་སྒྱུར། འཕར་སྣོན་གྱི་སྒུལ་ཤུགས་སྤོ་སྒྱུར་བཅས་བྱེད་པའི་འགག་སྒྲོལ་དུས་སྐབས་སུ་གནས་སྒང་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་ཡོད་མོད། འོན་ཀྱང་གྲུབ་ཚུལ་རང་བཞིན་དང་། སྒྲིག་སྲོལ་རང་བཞིན། དུས་འཁོར་རང་བཞིན་བཅས་ཀྱི་གནད་དོན་ཕན་ཚུན་བསྣོལ་མར་ཐོན་པའི་དཀའ་ངལ་དང་འགྲན་སློང་ལ་ཕྲད་པར་མ་ཟད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་བརྩེགས་མར་བྱུང་བས། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ལ་གནོན་ཤུགས་ཆེ་ཙམ་བྱུང་ཡོད། ང་ཚོས་ད་དུང་འཛམ་གླིང་དཔལ་འབྱོར་ལ་ཉམས་རྒུད་ཚབས་ཆེན་བྱུང་བ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་འཇོག་ཉམས་དམས་སུ་གྱུར་པ། རྒྱལ་སྤྱིའི་དངུལ་རྩའི་ཚོང་རར་ཡོ་ལང་ཆེ་བ། རྒྱལ་སྤྱིའི་འགྲོ་འོང་ལ་ཚོད་འཛིན་ཐེབས་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་བྱུང་བ། རྒྱལ་ཁབ་ལ་ལར་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་དར་སོ་ཆེ་བ། ས་འབྲེལ་ཆབ་སྲིད་ཀྱི་ཉེན་ཁ་ཆེ་རུ་འགྲོ་བ་སོགས་ཀྱི་རྣམ་པ་སྡུག་པོར་གདོང་གཏོད་དགོས་པས། ངེས་པར་དུ་སྔར་ལས་བརྟན་བརླིང་མིན་པ་དང་ངེས་གཏན་མེད་པའི་འཛམ་གླིང་དུ་རང་རྒྱལ་གྱི་འཕེལ་རྒྱས་དོན་གཉེར་བྱེད་དགོས། རང་རྒྱལ་དཔལ་འབྱོར་ལ་གཏིང་ཤུགས་ཆེན་པོ་ཡོད་ཅིང་ལྡེམ་ཤུགས་ཡག་པོ་ཡོད་པ་དང་། འཁྲོལ་འཁྱིལ་བར་སྟོང་ཆེན་པོ་ཡོད་པ། སྲིད་ཇུས་ཀྱི་བྱེད་ཐབས་མང་བ་བཅས་ཀྱི་གཞི་རྩའི་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་མེད་པ་ཤེས་དགོས། རང་རྒྱལ་ལ་འཛམ་གླིང་ཐོག་གི་བཟོ་ལས་མ་ལག་ཆ་ཚང་ཤོས་དང་གཞི་ཁྱོན་ཆེ་ཤོས་མངའ་བ་དང་། སྟོབས་དང་ལྡན་པའི་ཐོན་སྐྱེད་ནུས་ཤུགས་དང་འཐུས་སྒོ་ཚང་བའི་ཆ་སྒྲིག་ནུས་པ་ལྡན་པ། ཚོང་རའི་བྱེད་པོ་དུང་ཕྱུར་1ལྷག་དང་མཐོ་རིམ་སློབ་གསོ་ཐོབ་པའམ་ཆེད་ལས་ནུས་རྩལ་སྣ་ཚོགས་ལྡན་པའི་ཤེས་ལྡན་མི་སྣ་དུང་ཕྱུར་1.7ལྷག་ཡོད་པར་མ་ཟད། ད་དུང་ཡོང་འབབ་འབྲིང་རིམ་མི་ཚོགས་དུང་ཕྱུར་4ལྷག་ཚུད་པའི་མི་འབོར་དུང་ཕྱུར་14ལས་གྲུབ་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ནང་མཁོའི་ཚོང་ར་ཡོད། ད་ལྟ་དཔེ་གསར་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་མགྱོགས་པོར་འཕེལ་རྒྱས་སུ་འགྲོ་བའི་དུས་རིམ་དུ་གནས་ཡོད་པས། དངུལ་འཇོག་དགོས་མཁོའི་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་ཅིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་ཡོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་བོ་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་བཅས་ནི། ཚོང་རའི་བྱེད་པོ་རིགས་ཁག་གི་གསོན་ཤུགས་འཕེལ་བ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཡོང་བར་ཕན་ཐོགས་ཡོད་པར་མ་ཟད། ལས་ཆོད་དང་དྲང་སྙོམས་གཞི་མཐུན་པར་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་བ་དང་རྒྱུན་ཆད་མེད་པར་མཉམ་དུ་ཕྱུག་འགྱུར་ཡོང་བར་ཡང་ཕན་ཐོགས་ཡོད། མ་འོངས་པར་ཁ་ཕྱོགས་ནས་ང་ཚོས་རྒྱལ་ནང་གི་དགོས་མཁོ་སྐོང་རྒྱུ་དེ་འཕེལ་རྒྱས་ཀྱི་ཀུན་སློང་དང་དམིགས་ཡུལ་བྱས་ནས་ནང་མཁོའི་མ་ལག་ཆ་ཚང་ཞིག་གང་མགྱོགས་འཛུགས་པ་དང་། ཚན་རྩལ་གསར་གཏོད་དང་ཕྱོགས་གཞན་པའི་ཐད་ཀྱི་གསར་གཏོད་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། གྲངས་ཀའི་དཔལ་འབྱོར་དང་། རིག་ནུས་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་སྐུལ་སྤེལ་མགྱོགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་འཕར་གཞི་དང་འཕར་སྣེ་གསར་པ་སྔར་ལས་མང་བ་ཆགས་པར་བྱེད་པ་དང་། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག །འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཤར་རྒྱུག་ཡོང་བར་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་རེས་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རིམ་བཞིན་ཆགས་པར་བྱས་ཏེ། གནས་བབ་གསར་པའི་འོག་རང་རྒྱལ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ནང་དུ་ཞུགས་པའི་བཟང་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། 

ད་ལྟ་རྒྱལ་སྤྱིའི་ཐོག་སྲུང་སྐྱོབ་རིང་ལུགས་ཀྱི་བསམ་པའི་རླབས་རྒྱུན་ཇེ་ཆེར་འགྲོ་བཞིན་ཡོད་མོད། འོན་ཀྱང་ང་ཚོ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཤིང་། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་དང་། མཉམ་ལས། མཉམ་རྒྱལ་བཅས་ཀྱི་ཁོག་རྒྱར་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ཇུས་གཤོམ་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བཏང་ནས་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དུས་མཚུངས་སུ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བསྐྱེད་དེ་བདེ་འཇགས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཆད་སྐྱོན་ཁ་གསབ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བདེ་འཇགས་སྲུང་སྐྱོང་བྱས་ནས་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་ཁྱད་གསོད་བྱེད་པའི་ལས་དོན་ཧུར་ཐག་ངང་ཡག་པོར་སྒྲུབ་དགོས། 

༄༅། །འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

(2020ལོའི་ཟླ་8ཚེས་20ཉིན།) 

རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གི་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་གནས་བབ་དང་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་མདུན་དུ་ལྷགས་པའི་དུས་བབ་གསར་པ་དང་བླང་བྱ་གསར་པར་ཟུང་འབྲེལ་བྱེད་པ་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་གཅིག་ཅན་དང་སྤུས་ཚད་མཐོ་བ་ཞེས་པའི་གནད་ཚིག་གཉིས་ལ་རྩེ་གཅིག་ཏུ་དམིགས་ནས་གཙོ་གནད་ལས་དོན་ཡག་པོར་འཛིན་པ་བཅས་ཀྱི་ཐོག་ནས་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་འབུངས་ཀྱིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། 

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་ནས་ལོ་གཅིག་ལྷག་འདས་པའི་ཚུན་ལ། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་[1]དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་ལས་དོན་དམ་འཛིན་བྱས་ཤིང་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་པ་རེད། གཅིག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གནད་འཁེལ་བླངས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ཀྱི་སྤྱི་ཁོག་ནང་བཞག་ནས་གཅིག་འདོམས་ངང་འཆར་འགོད་བྱས་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་འཕར་སྣེ་འཁྲུག་པོ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ། སྔོན་ལ་གཞི་རྩའི་ཐོག་དེང་རབས་ཅན་མངོན་འགྱུར་བྱེད་པའི་སྣེ་ཁྲིད་ཁུལ། ས་ཁོངས་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་གནས་གསར་པ་བཅས་ཀྱི་འཐབ་ཇུས་གནས་ངེས་དང་དམ་པོར་སྦྲེལ་ཡོད། གཉིས་ནས་བྱེད་སྟངས་བྱེད་ཐབས་གསར་གཏོད་ཀྱིས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་ལ་དམིགས་ཏེ་ཐོད་བརྒལ་བྱས་པ་དང་། ཆུང་ཆུང་གནས་ཀྱིས་ཆེན་པོ་ངོས་བསྐུལ་ནས་གཞི་གཅིག་ཅན་དུ་འཕེལ་རིམ་ཇེ་མགྱོགས་སུ་བཏང་ཡོད། གསུམ་ནས་འཐབ་ཇུས་ལག་བསྟར་བྱས་འབྲས་དངོས་སུ་ཐོན་པ་དང་། འཆར་འགོད་བྱས་པའི་སྲིད་ཇུས་མ་ལག་གི་“ཀ་བཞི་གདུང་བརྒྱད་”ཐོག་མར་གྲུབ་ཅིང་། རིམ་མང་ལས་ཀའི་ལམ་སྲོལ་ལ་ཕན་འབྲས་དངོས་ཐོན་ཡོད་ལ། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སླར་གསོ་བྱེད་པའི་བརྒྱུད་རིམ་ནང་དུ་གཞི་གཅིག་ཅན་གྱི་ལམ་སྲོལ་དང་གཅིག་ལ་གཅིག་སྦྲེལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱིས་ནུས་པ་ཐོན་ཡོད། སྤྱིའི་ཆ་ནས་བཤད་ན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཆགས་བཞིན་ཡོད། དེ་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཡང་དག་པ་ཡིན་པ་དང་། ཕྱོགས་སོ་སོས་དོན་འཁྱོལ་བྱས་ཚུལ་ནུས་པ་ལྡན་པ་གསལ་བཤད་བྱས་ཡོད། 

ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་འོག་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བར་སྔར་བས་སྐུལ་འདེད་ཡག་པོ་ཞིག་གཏོང་དགོས་ན། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གི་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་གནས་བབ་དང་ནུས་པར་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། དང་པོ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྔོན་ལ་ཆགས་པར་བྱེད་དགོས། དེང་སྐབས་གོ་ལ་ཧྲིལ་པོའི་ཚོང་རའི་འཁོར་རྒྱ་ཆུང་དུ་འགྲོ་བའི་ཕྱིའི་ཁོར་ཡུག་འོག །ང་ཚོས་ངེས་པར་དུ་སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ངོས་ཀྱི་བྱ་བ་ཡག་པོར་བསྒྲུབས་ཏེ། རྒྱལ་ནང་གི་གཞི་ཁྱོན་ཧ་ཅང་ཆེ་བའི་ཚོང་རའི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་ཤེས་ལྡན་མི་སྣ་མང་བ་དང་། ཚན་རྩལ་ཆུ་ཚད་མཐོ་བ། བཟོ་སྐྲུན་ལས་རིགས་དར་བ། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བ། ཚོང་རའི་གཏིང་ཤུགས་ཆེ་བ་སོགས་ཀྱི་དགེ་མཚན་སྣ་མང་འདོན་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པའི་ཐབས་ལམ་སྒོ་ཀུན་ནས་འཚོལ་ཞིབ་བྱེད་དགོས། གཉིས་པ། རང་རྒྱལ་གྱི་ཚན་རྩལ་དང་ཐོན་ལས་གསར་གཏོད་ཀྱི་ལམ་འབྱེད་གདོང་ལེན་པ་བྱེད་ཕོད་པ་དགོས། མིག་སྔར་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གཉིས་འཕེལ་འགྱུར་གང་མགྱོགས་འགྲོ་བས། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ནུས་པ་མགྱོགས་མྱུར་ངང་གོང་འཐོར་གཏོང་བའི་དགོས་གཏུག་རང་བཞིན་སྔར་བས་མངོན་གསལ་དུ་གྱུར་ཡོད། ཧྲང་ཧའེ་དང་འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱིས་ཐོན་རྫས་སྤུས་ལེགས་འདོན་སྤྲོད་བྱེད་དགོས་པར་མ་ཟད། དེ་བས་ཀྱང་ཆུ་ཚད་མཐོ་བའི་ཚན་རྩལ་འདོན་སྤྲོད་བྱས་ནས་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས། གསུམ་པ། བསྒྱུར་བཅོས་སྒོ་འབྱེད་ཀྱི་མཐོ་ས་གསར་པ་མགྱོགས་མྱུར་ངང་སྐྲུན་དགོས། ཉེ་ཆར། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་འབྱུང་བཞིན་ཡོད་པས། ཇི་ཙམ་གྱིས་དཀའ་ངལ་ལ་ཕྲད་ན་ང་ཚོས་དེ་ཙམ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་དར་ཆ་མཐོན་པོར་བསྒྲེངས་ཏེ། བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་སྲུང་སྐྱོང་དང་སྣེ་ཁྲིད་བྱེད་དགོས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ནི་སྔར་ནས་ད་བར་དུ་བསྒྱུར་བཅོས་སྒོ་འབྱེད་ཀྱི་མདུན་གནས་ཡིན། རྒྱལ་སྤྱིའི་ཚད་གཞི་རྩེ་གྲ་ཚད་ཐིག་ཏུ་བཟུང་ནས་ཚོང་གཉེར་ཁོར་ཡུག་ལེགས་བཅོས་གཏོང་བ་དང་། སྒོ་འབྱེད་དང་། ཞབས་ཞུ། གསར་གཏོད། ལས་ཕྱོད་ཆེ་བ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཤེས་ལྡན་མི་སྣ་དང་ཁེ་ལས་བཀུག་ནས་གཞིས་ཆགས་སུ་འཇུག་པ་དང་། ཉོ་ཚོང་དང་དངུལ་འཇོག་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཧུར་བརྩོན་གྱིས་རྒྱལ་སྤྱིའི་ཚོང་ར་དང་རྒྱལ་ནང་ཚོང་ར་སྦྲེལ་བྱེད་ཀྱི་འབྲེལ་ཟམ་གལ་ཆེན་ཆགས་པར་བྱེད་དགོས། 

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བ་ཞེས་པའི་གནད་ཚིག་གཉིས་ལ་དམ་པོར་དམིགས་དགོས་པ་སྟེ། གཞི་གཅིག་ཅན་གྱི་བསམ་ཕྱོགས་དང་བྱེད་ཐབས་ལ་བརྟེན་ནས་སྲིད་འཛིན་གྱི་བཀག་རྒྱ་གཏོར་བ་དང་སྲིད་ཇུས་ཀྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བདག་རྐྱེན་རྣམས་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་དུ་ཐོགས་མེད་འཁོར་རྒྱུག་ཡོང་དུ་བཅུག་ཚེ། ས་ཁུལ་ཁག་གི་བསྡུར་མངོན་དགེ་མཚན་འདོན་སྤེལ་བྱེད་པ་དང་། ལས་བགོས་སྔར་བས་འཚམ་པོ་ཡོང་བ་དང་། མཉམ་ཤུགས་སྔར་བས་ཆེན་པོ་འདུ་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་རེད། 

དང་པོ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ཡག་པོ་བྱ་རྒྱུ་སྔོན་འགྲོ་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། “བརྟན་པོ་དྲུག་”གི་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་“འགན་སྲུང་དྲུག་”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་ཐད་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་དགོས། དཀའ་སེལ་གྱི་ཐབས་བཀོད་ཁག་གཞི་རིམ་དུ་ཐད་ཀར་སླེབས་པ་དང་ཚོང་རའི་བྱེད་པོར་ཐད་ཀར་ཕན་པར་བྱེད་དགོས་པ་དང་། དངུལ་རྩའི་མ་རྩས་བཟོ་སྐྲུན་ལས་རིགས་དང་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གྲངས་ཀའི་དཔལ་འབྱོར་གྱི་དགེ་མཚན་འདོན་སྤེལ་བྱས་ཏེ། ཐོན་ལས་གྲངས་ཀ་ཅན་དང་རིག་ནུས་ཅན་དུ་རིགས་སྒྱུར་གང་མགྱོགས་བྱེད་པ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་བརྟན་འཇགས་རང་བཞིན་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་དགོས། གནད་ཆེའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་ནས་དངུལ་འཇོག་དགོས་མཁོ་ནུས་ལྡན་གློད་གཏོང་བྱེད་དགོས། 

གཉིས་པ། ཚན་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་ཀྱི་རང་དབང་དང་འཕེལ་རྒྱས་ཀྱི་རང་དབང་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཚན་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འདུས་གྲུབ་གློག་ལམ་དང་། སྐྱེ་དངོས་གསོ་རིག །མིས་བཟོས་རིག་ནུས་སོགས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་སྔ་ཙམ་ནས་ཐོད་བརྒལ་བྱེད་དགོས། ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ཁག་ཅིག་གི་གསར་གཏོད་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། 

གསུམ་པ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁོངས་ཀྱི་གྲོང་ཁྱེར་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་སྔ་ཞིང་གྲོང་ཁུལ་རྙིང་པ་མང་བས་བསྒྱུར་བཀོད་ཀྱི་ལས་འགན་ཧ་ཅང་ལྗིད་པོ་ཡོད། དོན་དག་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་གྲོང་ཁྱེར་གྱི་ཕུགས་རིང་འཕེལ་རྒྱས་དང་འབྲེལ་བས། དཀའ་ཚེགས་གང་འདྲ་ཆེ་ནའང་ཐབས་ཤེས་བཏོན་ནས་ཐག་གཅོད་བྱེད་དགོས། དུས་མཚུངས་སུ་ཡོད་ཚད་རྒྱས་བཤིག་རྒྱས་སྐྲུན་བྱེད་མི་རུང་བར་ལོ་རྒྱུས་རིག་གནས་དང་གྲོང་ཁྱེར་གྱི་རྣམ་པ་སྲུང་སྐྱོབ་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས་ཀྱི་ཡོད་ལ། “གྲོང་ཁྱེར་དང་བཟོ་བཀོད་མཐའ་དག་རྣམ་པ་གཅིག་མཚུངས་”སུ་སྒྱུར་མི་རུང་། ཁ་གཡར་ས་བཙལ་ནས་ས་ཁང་ཐོན་ལས་སྦིར་འཚོང་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་ཡས་མིན་པའི་གནས་ངེས་བློ་བརྟན་འགྱུར་མེད་ངང་རྒྱུན་འཁྱོངས་དང་། ཕུགས་ཕན་ལམ་སྲོལ་དོན་འཁྱོལ་གྱིས་ས་ཁང་ཐོན་ལས་ཚོང་ར་དེ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་འགན་ལེན་བྱེད་དགོས། 

བཞི་པ། འཕེལ་རྒྱས་ཞན་པའི་ས་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་སྒུལ་ནུས་ཆེ་རུ་གཏོང་དགོས། ས་ཁོངས་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་རྒྱུ་ནི་གཞི་གཅིག་ཅན་གྱི་དམིགས་ཡུལ་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ཆེ་ཆུང་གི་ཧེ་བག་ནི་སྤྱིར་བཏང་འཕེལ་རྒྱས་ཡོང་སའི་བར་སྟོང་ཡིན་སྲིད། འབྲེལ་ཡོད་སྡེ་ཁག་གིས་འཕེལ་རྒྱས་ཞན་པའི་ས་ཁུལ་ལ་དམིགས་ནས་སྔར་བས་གནད་འཁེལ་གྱི་ཐབས་བཀོད་འདོན་པ་དང་ལག་བསྟར་བྱས་ཏེ། ས་ཁུལ་དེ་དག་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་གོམ་སྟབས་ཀྱི་རྗེས་ཟིན་པར་སྐུལ་འདེད་གཏོང་དགོས། ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ། །དེ་བས་ཆུ་གཏེར་ཞེས་སུ་གྲགས། །ཞེས་པ་ལྟར། ས་ཁུལ་མི་འདྲ་བའི་དཔལ་འབྱོར་ཆ་རྐྱེན་དང་རང་བྱུང་ཆ་རྐྱེན་དོ་མཉམ་མིན་པ་ནི་དོན་དམ་པར་ཡོད་པ་ཞིག་ཡིན་ཏེ། དཔེར་ན་གྲོང་ཁྱེར་དང་གྲོང་གསེབ། བདེ་ཐང་དང་རི་ཁུལ། ཐོན་ལས་འཕེལ་རྒྱས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བཅས་བར་གྱི་ཁྱད་པར་ནི་སླ་བཅོས་དང་འགྱུར་མེད་ཀྱི་སྒོ་ནས་དོ་མཉམ་རང་བཞིན་ལ་འཛིན་མི་རུང་། འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་སྐབས་དཔལ་འབྱོར་ཆོས་ཉིད་དང་རང་བྱུང་ཆོས་ཉིད་ལ་བསྟུན་དགོས་ཤིང་། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་ཁྲིད་སྟོན་བྱས་ཏེ། དངོས་ཡོད་ཀྱི་ཁྱད་པར་ཁས་ལེན་དགོས་པ་ལས་དོན་བརྒྱ་ཐབས་གཅིག་བྱེད་མི་རུང་། 

ལྔ་པ། ཕུའུ་ཏུང་གི་ཆུ་ཚད་མཐོ་བའི་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ད་ལོ་ནི་ཧྲང་ཧའེ་ཡི་ཕུའུ་ཏུང་གསར་སྤེལ་དང་སྒོ་འབྱེད་བྱས་ནས་ལོ་ངོ་30འཁོར་བའི་ལོ་ཡིན་ཞིང་། ཕུའུ་ཏུང་གིས་བསྒྱུར་བཅོས་མ་ལག་འདུས་གྲུབ་དང་མཐུན་སྦྱོར་དང་ནུས་ཆེན་བཟོ་བ་དང་། ཆུ་ཚད་མཐོ་བའི་ལམ་ལུགས་ཅན་གྱི་སྒོ་འབྱེད་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་དེང་རབས་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་དང་། འཚོལ་ཞིབ་ཧུར་ཐག །ཉམས་མྱོང་གསར་གཏོད་བཅས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། དེ་ནི་ཧྲང་ཧའེ་དང་དེ་བཞིན་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་དང་ཐ་ན་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལའང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་ཞིག་རེད། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་གྲུ་ཁར་ཉེ་ཁུལ་གསར་པའི་འཛུགས་སྐྲུན་ལས་ཀ་མུ་མཐུད་ཡག་པོར་བསྒྲུབས་ནས་ཚོད་ལྟའི་ཞིང་ལྟ་བུའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། ཧྲང་ཧའེ་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་འཛུགས་སྐྲུན་ཡག་པོར་བྱས་ནས་འབྲི་ཆུའི་ཟུར་གསུམ་གླིང་དང་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། 

དྲུག་པ། འབྲི་ཆུའི་ཟུར་གསུམ་གླིང་གི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་ནི་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣེ་འདྲེན་ཡིན་པས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་དུ་མདུན་གྲལ་དུ་སྐྱོད་དགོས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་དུའང་སྣེ་ཁྲིད་ཡག་པོ་བྱེད་དགོས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་དེ་གལ་ཆེ་སར་བཞག་ནས་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་ཆེ་བའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་པར་སྐུལ་འདེད་གཏོང་བ། རྫས་འགྱུར་བཟོ་ལས་ཀྱི་སྦགས་བཙོག་དང་ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག །གྲུ་གཟིངས་ཀྱི་སྦགས་བཙོག །གཏེར་སྙིགས་གསོག་མཛོད་བཅས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐའེ་ཧུའུ་མཚེའུ་ཡི་མཐའ་འཁོར་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ལྡན་སྙིགས་རོ་གཙང་སེལ་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་ལེ་ལག་ཚང་བའི་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་ཆགས་པར་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གི་སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་བྱ་རྒྱུར་དཔེ་ལྟ་ས་འདོན་པ་དང་། རྒྱལ་ཡོངས་ཀྱི་སྐྱེ་ལྡན་སྙིགས་རོ་གཙང་སེལ་དང་བེད་སྤྱོད་བྱེད་ཐབས་ཐད་དུ་མིག་དཔེ་འདོན་དགོས། འབྲི་ཆུར་ཉ་རྒྱ་སྡོམ་པ་ནི་ཁྱོན་ཡོངས་ཀྱི་དོན་དུ་འཆར་གཞི་འདིང་བ་དང་བུ་རབས་ཚ་རྒྱུད་ཀྱི་ཆེད་དུ་བསམ་བློ་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་གཅིག་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་ཞིབ་ཕྲ་བཟོ་བ། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་ཉ་འཛིན་ལས་ཀ་བསྐྱུར་བའི་ཉ་པའི་ལས་ཞུགས་དང་འཚོ་བ་འགན་སྲུང་བྱེད་དགོས། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་རྒྱག་པ་དང་། ཁྲིམས་འགལ་གྱི་ཉ་འཛིན་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ཉ་རྒྱ་སྡོམ་པའི་ལས་ཀར་ཕན་འབྲས་ཏན་ཏིག་ཐོབ་པར་བྱེད་དགོས། 

བདུན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྟབས་བདེ་བ་དང་མཉམ་སྤྱོད་བྱ་རྒྱུར་སྐུལ་སྤེལ་གཏོང་དགོས། དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་དམངས་འཚོའི་དཀའ་ངལ་མང་ཙམ་བསལ་ནས་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ནང་དུ་དམངས་འཚོའི་ཆད་སྐྱོན་གསབ་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་མཉམ་ལས་ལམ་སྲོལ་སྤྱད་ནས་སྤྱི་པའི་འཕྲོད་བསྟེན་སོགས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་འཕྲལ་བསྟུན་མ་ལག་འཛུགས་པ་དང་སྨན་བཅོས་འཕྲོད་བསྟེན་གྱི་དངོས་ཟོག་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་གྱུར་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་ནས་འཆར་གཞི་ཡོད་པའི་སྒོ་ནས་སྨན་རྫས་ཀྱི་དཀར་ཆག་དང་། སྨན་བཅོས་ལས་གཞི། སྨན་བཅོས་ཞབས་ཞུའི་སྒྲིག་བཀོད་དཀར་ཆག་བཅས་རིམ་བཞིན་གཅིག་གྱུར་བྱེད་དགོས། སྤྱི་ཚོགས་འགན་སྲུང་ཁཱ་རྟེན་གཞི་བྱས་ནས་ཡུལ་མིའི་ཞབས་ཞུ་“ཀུན་འཐུས་ཁཱ་”འཚོལ་ཞིབ་དང་། འགྲིམ་འགྲུལ་ཕྱིར་སྐྱོད་དང་ཡུལ་སྐོར་སྤྲོ་གསེང་། རིག་གནས་ཉམས་ཚོར་སོགས་ཀྱི་ཐད་དུ་“གྲོང་ཁྱེར་གཅིག་པའི་ཐོབ་ཐང་”སྔོན་ལ་མངོན་འགྱུར་བྱེད་དགོས། དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་ཆད་སྐྱོན་གསབ་པ་དང་རང་བྱུང་གནོད་འཚེ་འགོག་ནུས་ཆེ་རུ་གཏོང་བའི་ཐད་དུ་ཤུགས་རྒྱག་པ་དང་དོན་འབྲས་ངོ་མ་ཐོན་པར་བྱེད་དགོས། 

ཏང་གིས་ཁ་ཕྱོགས་འཛིན་པ་དང་། སྤྱི་ཡོངས་འཆར་འགོད། སྲིད་ཇུས་གཏན་འབེབས། བསྒྱུར་བཅོས་སྐུལ་སྤེལ་བཅས་བྱེད་པའི་ནུས་ཤུགས་དང་ངེས་ཤུགས་ཆེ་རུ་བཏང་སྟེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་དགོས། གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རིམ་ནང་དུ་ཤེས་ལྡན་མི་སྣ་འཚོལ་ཞིབ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དེ་ཚད་གཞི་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ལས་བྱེད་པའི་དཔུང་ཁག་ལ་ཆབ་སྲིད་ཐོག་ཡིད་རྟོན་རུང་བ་དང་། བློས་འཁེལ་བ། བློ་བདེ་བ་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས། ལས་བྱེད་པའི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ནས་འཇོན་པོ་ཡར་འཐེན་དང་། ཕུལ་བྱུང་གཟེངས་བསྟོད། ཐ་མལ་མར་འབེབ། ནུས་མེད་ཕྱིར་འབུད་བཅས་ཀྱི་ཁྲིད་ཕྱོགས་ཡང་དག་པ་ཆགས་པར་སྐུལ་འདེད་གཏོང་དགོས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ་དང་འཚམ་པའི་ལས་བྱེད་པའི་སྤེལ་རེས་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་དགོས། ཁེ་ལས་ཀྱི་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་ནས་ཁེ་ལས་ཀྱི་ཇུས་ཐག་གཅོད་པར་ཞབས་ཞུ་དང་། ཚོང་ར་རྒྱ་སྐྱེད། ལག་རྩལ་གསར་བཅོས། ཁེ་ཕན་ཆེར་སྐྱེད་སོགས་ཐད་ཀྱི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་གི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་དགེ་མཚན་དེ་ཁེ་ལས་གོང་དུ་སྤེལ་བའི་དགེ་མཚན་དུ་འགྱུར་བར་བྱེད་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་སུ་ཏང་ཡོན་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་པ་དང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀ་ཡག་པོར་བསྒྲུབས་ཏེ། ཁོང་ཚོར་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས། 

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ་ནི་དུས་ཐུང་ནང་ཚེགས་མེད་དུ་འགྲུབ་ཐུབ་པ་ཞིག་མ་ཡིན་པས། ང་ཚོར་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་ལྡན་དགོས་པར་མ་ཟད་དུས་ཚོད་སྐར་ཆ་ཙམ་ཡང་ཆུད་མི་འཛའ་བའི་ཁ་ཚ་དགོས་གཏུག་གི་བསམ་པའང་ཡོད་དགོས་ལ། ཕུགས་རྒྱང་གི་ཇུས་གཞི་འདིང་དགོས་པར་མ་ཟད་མིག་མདུན་གྱི་ལས་དོན་ཡང་ཡག་པོར་སྒྲུབ་དགོས། འགོ་ཁྲིད་ཚོ་ཆུང་གིས་ཁ་ཕྱོགས་ཆེན་པོ་དང་རྩ་དོན་ཆེན་པོའི་འགག་སྒོ་ནན་པོར་བསྲུངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་དང་འབྲེལ་ཡོད་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས་འགན་འཁྲི་འཁུར་ཕོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བློ་ཁོག་ཆེན་པོས་ཐོད་བརྒལ་བཅས་བྱེད་དགོས། དོན་དངོས་གཞིར་བཟུང་ནས་“ལོ་ལྔ་ཚན་བཅུ་བཞི་པའི་”རིང་གི་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བའི་འཆར་འགོད་ཀྱི་ལག་བསྟར་ཇུས་གཞི་བཟོས་ཏེ། སྔར་བས་གཡུར་དུ་ཟ་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་ལེན་དགོས། 

མཆན་འགྲེལ། 

[1] ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་ཅེས་པ་ནི་འདིར་ཅང་སུའུ་ཞིང་ཆེན་དང་། ཀྲའེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན་བཅས་གསུམ་དང་། ཧྲང་ཧའེ་གྲོང་ཁྱེར་བཅས་ལ་ཟེར། 

 

༄༅། །དངོས་འཛིན་དངོས་སྒྲུབ་ཐོག་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་“ཞིང་གསུམ་”ལས་དོན་ཡག་པོར་སྒྲུབ་དགོས།

(2020ལོའི་ཟླ་12ཚེས་28ཉིན།) 

ངས་རྟག་པར་འགོ་ཁྲིད་ལས་བྱེད་པ་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་བསམ་བློ་གཏོང་དགོས་ཞེས་བཤད་ཀྱི་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་དང་། དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱུང་བའི་དུས་བབ་ཀྱི་སྟེང་། ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ལ་གཡོ་འགུལ་དང་འཕོ་འགྱུར་ཛ་དྲག་བཏང་བའི་དམིགས་བསལ་གྱི་དུས་སྐབས་འདིར། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་མགྱོགས་སུ་གཏོང་བ་བཅས་ནི་ཏང་ཡོངས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་གནད་དོན་འགངས་ཆེན་ཞིག་ཡིན། 

—— ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ནས་བལྟས་ན། མི་རིགས་བསྐྱར་དར་ཡོང་དགོས་ན། གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། རང་རྒྱལ་ནི་གནའ་སྔ་མོ་ནས་བཟུང་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྩ་བ་ཚུགས་པ་ཞིག་ཡིན་པ་དང་། ལོ་རྒྱུས་རིང་པོ་དང་མཚར་སྡུག་འོད་སྟོང་འབར་བའི་ཞིང་ལས་ཤེས་དཔལ་བསྐྲུན་ནས་དུས་ཡུན་རིང་པོར་འཛམ་གླིང་གི་གྲལ་མགོ་བཟུང་ཡོད་པ་རེད། རྒྱལ་རབས་རིམ་བྱུང་ལ་ཕྱོགས་ཡོངས་ནས་བལྟས་ཚེ། ཞིང་ལས་དར་རྒྱས་དང་ཞིང་པ་ཞོད་འཇགས་བྱུང་ན་གཞི་ནས་རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་བརླིང་ཡོང་ལ། ཞིང་ལས་ཉམས་རྒུད་དང་ཞིང་པ་བརྟན་པོ་མ་བྱུང་ན་རྒྱལ་ཁབ་ཁ་ཐོར་དང་སྤྱི་ཚོགས་ཟིང་ཆ་ཆེ་བ་རེད། ཉེ་རབས་སུ་སླེབས་པ་ན་བཙན་དབང་རྒྱལ་ཁབ་ཀྱིས་བཙན་འཛུལ་བྱས་པ་དང་། ཕྱི་ནང་གི་རྐྱེན་ངན་གྱི་དབང་གིས་གྲོང་གསེབ་ས་རྒོད་དུ་གྱུར་པ་དང་། མི་དམངས་འཚོ་ཐབས་བྲལ་བར་གྱུར། ང་ཚོའི་ཏང་དབུ་བརྙེས་རྗེས། ཀྲུང་གོའི་གསར་བརྗེའི་རྩ་བའི་གནད་དོན་ནི་ཞིང་པའི་གནད་དོན་ཡིན་པར་ངོས་ཟིན་ཡང་དག་བྱུང་ཞིང་། རྒྱ་ཆེའི་ཞིང་པར་བདེ་སྐྱིད་དོན་གཉེར་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་དུ་བརྩིས་པ་དང་། ཞིང་པ་རྣམས་ཆབ་སྲིད་ཀྱི་གཉའ་གནོན་དང་དཔལ་འབྱོར་གྱི་བཤུ་གཞོག་འོག་ནས་བཅིངས་འགྲོལ་གཏོང་རྒྱུར་གཞོལ་བ་རེད། དེ་སྔ་གསར་བརྗེ་ཆེན་པོའི་དུས་སྐབས་སུ་བློ་མཐུན་མའོ་ཙེ་ཏུང་གིས་ཞིང་པ་ནི་ཀྲུང་གོའི་འབྱོར་མེད་གྲལ་རིམ་གྱི་ཆེས་རྒྱ་ཆེ་ཞིང་ཆེས་བློ་དཀར་བའི་མནའ་མཐུན་དམག་དཔུང་ཡིན། ཞེས་དང་། ཞིང་པའི་གནད་དོན་ནི་རྒྱལ་དམངས་གསར་བརྗེའི་སྲོག་ཤིང་གི་གནད་དོན་ཡིན། ཞེས་བསྟན་གནང་བ་རེད། 1936ལོར། ཁོང་གིས་ཡན་ཨན་དུ་ཨ་མེ་རི་ཁའི་རྩོམ་པ་པོ་སི་ནུའོ་དང་མཇལ་འཕྲད་གནང་སྐབས། སུ་ལ་ཞིང་པའི་ཡིད་ཆེས་ཐོབ་ན། དེ་ལ་ཀྲུང་གོ་ཐོབ་པ་ཡིན་ལ། སུ་ཡིས་ས་ཞིང་གི་གནད་དོན་ཐག་གཅོད་བྱས་ན། དེ་ལ་ཞིང་པའི་ཡིད་ཆེས་ཐོབ་པ་ཡིན། ཞེས་གསུངས་མྱོང་བ་རེད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་ཞིང་པ་ཚོར་སྣེ་ཁྲིད་བྱས་ཏེ་ཡུལ་གྱི་གཤེད་མ་གཏོར་ཏེ་ས་ཞིང་བགོས་པ་དང་། དཀའ་སྤྱད་ཚད་མེད་ཀྱི་དྲག་པོའི་འཐབ་རྩོད་བྱས་པ་བརྒྱུད་ནས་ཞིང་པ་དུང་ཕྱུར་མང་པོ་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད། 

ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་ཞིང་པ་སྒྲིག་འཛུགས་བྱས་ནས་རི་ཀླུང་བསྐྱར་གསོ་དང་ཐོན་སྐྱེད་འཕེལ་རྒྱས་བཏང་ཞིང་དཀའ་སྤྱད་ཀྱིས་འཚོལ་ཞིབ་བྱས་པ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོའི་ཏང་གིས་ཞིང་པའི་འགོ་ཁྲིད་ནས་སྔོན་མ་བྱས་ནས་བསྒྱུར་བཅོས་ཀྱི་འགོ་བརྩམས་པ་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ཞིང་། གྲོང་གསེབ་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་བས། ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་རེད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་“ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་རྒྱུ་དང་། དབུལ་བྲལ་འགག་སྒྲོལ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་དང་། ཤུགས་ཚད་ཆེ་ཤོས། ཕན་ཁེ་ཐོབ་པའི་མི་འབོར་མང་ཤོས་བཅས་ཀྱི་དབུལ་བྲལ་འགག་སྒྲོལ་དམག་འཐབ་སྒྲིག་འཛུགས་ཐོག་སྐུལ་སྤེལ་བཏང་ཞིང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་བརྩམས་པས། ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་བ་རེད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་སྐས་རིམ་ཆེན་པོ་ཞིག་ཏུ་བསྙེགས་པ་དང་། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་ངོ་6ལ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་དུ་བརྟན་འཇགས་བྱུང་ཡོད། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་2010ལོ་དང་བསྡུར་ན་ལྡབ་གཅིག་ལྷག་འཕར་ཞིང་། གྲོང་གསེབ་ཀྱི་དམངས་འཚོ་མངོན་གསལ་གྱིས་ལེགས་བཅོས་བྱུང་བ་དང་། གྲོང་གསེབ་ཀྱི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་པ་རེད། དབུལ་ཕོངས་ས་ཁུལ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ལོ་ངོ་སྟོང་ཕྲག་རིང་གི་ཀྲུང་ཧྭ་མི་རིགས་ཀྱི་སེམས་ནད་དུ་གྱུར་པའི་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པར་བྱས་རྗེས་གལ་ཆེན་བཞག་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་གཏོད་པར་རྨང་གཞི་བརྟན་པོ་བཏིང་བ་རེད། གྲུབ་འབྲས་དེ་དག་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་ཡོད། 

“སོ་ནམ་ནི་རྒྱལ་ཁབ་ཀྱི་གཞི་མ་ཡིན། དེ་ལས་གལ་ཆེ་བ་གཞན་མ་མཆིས་སོ། །”[1]“སོ་ནམ་གཙིགས་སུ་འཛིན་པ་ནི་རྒྱལ་ཁབ་ཀྱི་རྩ་གནད་དོ། །”[2] ལོ་རྒྱུས་དང་དོན་དངོས་ཚང་མས་ང་ཚོར་གསལ་བཤད་བྱས་དོན། ཞིང་ལས་ནི་རྒྱལ་ཁབ་ཀྱི་གཞི་རྩ་ཡིན་ལ། གཞི་རྩ་བརྟན་ན་རྒྱལ་ཁམས་བདེ་བ་རེད། ང་ཚོས་ལོ་རྒྱུས་ཆེན་མོའི་ལྟ་བའི་ཐོག་ནས་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་ཀྱི་གནད་དོན་ལ་བརྩི་མཐོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ཞིང་གསུམ་”གནད་དོན་མཐིལ་ཕྱིན་པར་རྟོགས་ཚེ་གཞི་ནས་ང་ཚོའི་ཏང་འདི་ཉིད་དང་། རྒྱལ་ཁབ་འདི་ཉིད། མི་རིགས་འདི་ཉིད་བཅས་སྔར་ལས་གསལ་པོ་རྟོགས་ཐུབ་པ་རེད། ངེས་པར་དུ་མཐོང་དགོས་པ་ཞིག་ནི། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཆེས་དཀའ་ཚེགས་ཆེ་བ་དང་ཆེས་ལྗིད་རྫོབ་ཆེ་བའི་ལས་འགན་ནི་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད་ལ། ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་རྨང་གཞིའང་སྔར་བཞིན་གྲོང་གསེབ་ཏུ་གནས་ཡོད་པ་རེད། 

ང་ཚོའི་“ཞིང་གསུམ་”ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་རུང་། ཞིང་ལས་ཀྱི་རྨང་གཞི་ད་དུང་བརྟན་པོ་མིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་གྱི་འཕེལ་རྒྱས་དང་ཡུལ་མིའི་ཡོང་འབབ་ཀྱི་ཧེ་བག་སྔར་བཞིན་ཅུང་ཟད་ཆེ་ཞིང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མི་མཉམ་པ་དང་གྲོང་གསེབ་འཕེལ་རྒྱས་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་ནི་སྔར་བཞིན་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་གཅིག་བསྡུས་ཀྱི་མཚོན་ཚུལ་ཡིན། ད་ལྟ་ནས་2035ལོའི་བར་ཏེ། ལོ་ལྔ་ཚན་གསུམ་གྱི་འཆར་འགོད་དུས་ཡུན་ནང་དུ་དམ་འཛིན་བྱས་ནས་བྱེད་སྒོ་རྩོམ་དགོས། 2035ལོའི་བར་དང་དུས་རབས་འདིའི་དུས་དཀྱིལ་བར་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་ནི་ཚན་རིག་དང་མཐུན་པར་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། དོན་སྤྱིའི་གོ་དོན་དང་ཁྱབ་ཡུལ་གསལ་པོར་རྟོགས་པར་བྱས་ནས་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ཚན་རིག་དང་མཐུན་པར་འདོན་དགོས། མིག་སྔར། ཐོག་མར་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ཀྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབས་ཡག་པོ་བྱེད་དགོས། 

—— འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་ཆ་ནས་བལྟས་ན། ཞིང་ལས་ཀྱི་གཞི་རྩའི་བཀོད་པ་བརྟན་པོ་བཟོ་བ་དང་། “ཞིང་གསུམ་”གྱི་རྨང་གཞི་ཡག་པོར་སྲུང་བ་ནི་འཕོ་འགྱུར་ལ་ཁ་གཏད་འཇལ་བ་དང་རྣམ་པ་གསར་པ་གཏོད་པའི་“གྲུ་རྡོ་”ཡིན། ང་ཚོ་ལྟ་བུའི་མི་འབོར་དུང་ཕྱུར་14ཡོད་པའི་རྒྱལ་ཁབ་ཆེན་པོར་མཚོན་ན། “ཞིང་གསུམ་”བཟང་ཕྱོགས་སུ་འཕེལ་ན་ཁྱོན་ཡོངས་ཀྱི་རང་དབང་འཐོབ་ཐུབ། མིག་སྔར། རྒྱལ་སྤྱིའི་ཁོར་ཡུག་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བ་དང་། གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་བྱུང་ཞིང་། འཛམ་གླིང་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་ཡོད། དེར་ང་ཚོས་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། རྒྱུན་སྲིང་དམག་འཁྲུག་རྒྱག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས། 

རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས་པ་ངས་ཡང་དང་བསྐྱར་དུ་ནན་བཤད་བྱེད་བཞིན་ཡོད། དེའི་ནང་དུ་ཧ་ཅང་གལ་ཆེ་བའི་ལས་འགན་ཞིག་ནི་ཐོག་མཐའ་བར་གསུམ་དུ་རང་ངོས་ནས་ཞིང་ལས་ཐོན་སྐྱེད་ཡག་པོར་འཛིན་པར་གཞི་འཛུགས་པ་དང་། རྒྱལ་ནང་གི་ཐོན་བརྟན་སྤྲོད་སྲུང་གི་གཏན་ཆགས་རང་བཞིན་ལ་བརྟེན་ན་ཕྱིའི་ཁོར་ཡུག་གི་ངེས་གཏན་མེད་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས་པ་དེ་ཡིན། 

ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་ཚེ་ཞིང་ལས་ཀྱི་ཕྱོགས་དེ་བརྟན་པོ་བཟོ་དགོས་པར་མ་ཟད། གྲོང་གསེབ་ཀྱི་ཕྱོགས་དེ་ཡང་བརྟན་པོ་བྱེད་དགོས། དཔལ་འབྱོར་ལ་གཡོ་འགུལ་བྱུང་དུས་ཆེས་ཐོག་མར་ཤུགས་རྐྱེན་ཐེབས་ཡུལ་ནི་གླ་རྒྱག་ཞིང་པ་ཡིན། 2008ལོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གློ་བུར་དུ་བྱུང་བས་གླ་རྒྱག་ཞིང་པ་ཁྲི་2000ལྷག་ཕྱིར་ཕ་ཡུལ་དུ་ལོག་དགོས་བྱུང་བ་རེད། ད་ལོ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཕོག་ཐུག་དང་རྒྱལ་སྤྱིའི་དཔལ་འབྱོར་མར་ཆག་པའི་ཤུགས་རྐྱེན་ཐེབས་པས་བར་སྐབས་ཤིག་ལ་གླ་རྒྱག་ཞིང་པ་ཁྲི་3000ལྷག་ཕ་ཡུལ་དུ་ལུས་པའམ་ཕ་ཡུལ་ལ་ལོག་པ་རེད། གནས་ཚུལ་འདི་འདྲའི་འོག་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་བྱུང་ཞིང་། ཟིང་ཆ་མ་བྱུང་བའི་འགག་རྩ་ནི་ཞིང་པར་ཕ་ཡུལ་དུ་ད་དུང་ས་ཞིང་དང་གནས་ཁང་ཡོད་ལ། ཕྱིར་ལོག་ན་ས་ཞིང་རྨོད་རྒྱུ་དང་། ཟ་མ་ཟ་རྒྱུ། ལས་ཀ་སྒྲུབ་རྒྱུ་བཅས་ཡོད་པས་རེད་ལ། བརྒྱ་ལ་ཕྱིར་ལོག་མ་ཐུབ་ནའང་བློ་བདེ་བའི་དབང་གིས་རེད། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་དུས་ཡུན་རིང་པོའི་གོ་རིམ་ཞིག་ཡིན་པས། ཞིང་པ་གྲོང་ཁྱེར་དུ་ཡོངས་སུ་གཞིས་མ་ཆགས་གོང་ཁོ་ཚོའི་གྲོང་གསེབ་ཀྱི་ཕྱིར་ལམ་གཅོད་པར་བྲེལ་བ་ལངས་མི་ཉན་ཞིང་། ཞིང་པ་གྲོང་ཁྱེར་དང་གྲོང་གསེབ་བར་ཕར་ལོག་ཚུར་ལོག་ཆོག་པར་བྱེད་དགོས། འདི་ནི་ཀྲུང་གོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འགྲོ་ལམ་གྱི་ཁྱད་ཆོས་ཡིན་ལ། ང་ཚོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བའི་བསམ་བློ་གཏོང་ས་དང་དམིགས་བསལ་གྱི་དགེ་མཚན་ཡང་ཡིན། 

འཕེལ་རྒྱས་ཀྱིི་བཀོད་པ་གསར་བ་སྐྲུན་པ་ནི་ང་ཚོས་འཛམ་གླིང་གི་འཕོ་འགྱུར་ཆེན་པོར་ཁ་གཏད་འཇལ་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས་ཡིན་ལ། ང་ཚོས་རྒྱལ་ནང་གི་འཕེལ་རྒྱས་དུས་རིམ་གྱི་འགྱུར་ལྡོག་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་རང་དབང་ཟིན་ཐུབ་པའི་སྔོན་ཇུས་ཀྱང་ཡིན། འཐབ་ཇུས་ཀྱི་གཞི་རྩ་དེ་ནང་མཁོ་རྒྱ་སྐྱེད་པའི་ཐོག་འཇོག་པ་ལ། གྲོང་གསེབ་ལ་བར་སྟོང་རྒྱ་ཆེན་པོ་མངའ་ལ་མདུན་ལམ་རྒྱ་ཆེན་པོ་ཡང་ལྡན་ཡོད། ཞིང་པ་དུང་ཕྱུར་འགའ་དུས་མཉམ་དུ་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་དེས་འཛད་སྤྱོད་དང་དངུལ་འཇོག་གི་དགོས་མཁོ་འབོར་ཆེན་གློད་གཏོང་བྱེད་ཐུབ་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོའི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཀྱི་བསྡུར་ཚད་འབྲེལ་བ་སྐྱོན་བྲལ་ཡོང་རྒྱུ་འགན་ལེན་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡང་ཡིན། 

ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་“ཞིང་གསུམ་”ལས་དོན་ཡག་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ངོས་འཛིན་དཔྱིས་ཕྱིན་པ་བྱེད་དགོས་པ་དང་། “ཞིང་གསུམ་”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་ནང་གི་གལ་པོ་ཆེར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་སྤུས་མཐོ་ནུས་ཆེ་དང་། གྲོང་གསེབ་གནས་འཕྲོད་ལས་འཚམ། ཞིང་པ་ཕྱུག་པོ་འབྱོར་པོ་བཅས་ཡོང་བར་སྐུལ་སྤེལ་གཏོང་དགོས། 

མཆན་འགྲེལ། 

[1] ཧན་རྒྱལ་རབས་ནུབ་མའི་སི་མ་ཆན་གྱི་《ལོ་རྒྱུས་ཡིག་ཚངས་•ཞའོ་ཝུན་གྱི་རྟོགས་བརྗོད་》ཅེས་པར་གསལ། 

[2] ཐང་རྒྱལ་རབས་ཀྱི་ཧྥང་ཞོན་ལིང་སོགས་ཀྱི་《ཅིན་ཡིག་•ཝུན་གྱི་ཝང་དྲུག་གི་རྟོགས་བརྗོད་》ཅེས་པར་གསལ། 

 

༄༅། །ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་ཧུར་ཐག་བྱེད་དགོས།

(2021ལོའི་ཟླ་5ཚེས་28ཉིན།) 

ད་ལྟའི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་བ། འཛམ་གླིང་གི་དཔལ་འབྱོར་འཕེལ་འགྲོས་དལ་བ། གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བསྐྱར་འཛུགས་བྱ་རྒྱུར་ཐུག་ཡོད་པ། གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ཡོད་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་རྒྱ་ཆེ་ལ་གཏིང་ཟབ་པ་དང་། གོ་ལ་ཧྲིལ་པོ་ཅན་ལས་ལྡོག་པ་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ཀྱི་བསམ་པའི་རླབས་རྒྱུན་ཆུ་མིག་བརྡོལ་བ་ལྟར་ཐོན་བཞིན་ཡོད། ཚན་རྩལ་གསར་གཏོད་དེ་རྒྱལ་སྤྱིའི་འཐབ་ཇུས་འགྲན་བསྡུར་གྱི་གཡུལ་ས་གཙོ་བོར་གྱུར་པ་དང་། ཚན་རྩལ་གྱི་བཙན་ས་འཛིན་པའི་འགྲན་རྩོད་དཔེ་མེད་ཛ་དྲག་ཏུ་གྱུར་ཡོད། ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་དྲག་པོ་མཐའ་འཁྱོངས་ཀྱིས་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་དཔྱིས་ཕྱིན་པ་ཞིག་བྱེད་དགོས། 

མིག་སྔར། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཧ་ཅང་མགྱོགས་པ་དང་། ཚན་རིག་ཞིབ་འཇུག་གི་མ་དཔེར་འཕོ་འགྱུར་གཏིང་ཟབ་འབྱུང་བཞིན་ཡོད། རིག་ཚན་སྣོལ་འདྲེས་དང་མཉམ་འདྲེས་མུ་མཐུད་འཕེལ་རྒྱས་འགྲོ་བཞིན་ཡོད། ཚན་རིག་ལག་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མགྱོགས་མྱུར་ངང་སིམ་འདྲེས་འབྱུང་བཞིན་ཡོད། ཚན་རྩལ་གསར་གཏོད་མངོན་གསལ་དོད་པོས་རྒྱ་ཆེ་རུ་ཕྱིན་པ་སྟེ། རགས་པའི་འཇིག་རྟེན་ལ་ཆེ་བ་སྐར་མའི་གོ་ལའི་འཁོར་སྐྱོད་དང་། སྐར་མའི་ཁྱིམ་རྒྱུད་ཀྱི་རིམ་འགྱུར། འཇིག་རྟེན་ཁམས་ཀྱི་འབྱུང་ཁུངས་བཅས་དང་། ཕྲ་མོའི་འཇིག་རྟེན་ལ་ཆུང་བ་གཞི་རྒྱུ་སྒྲིག་འགོད་དང་། གཞི་རྡུལ་གྱི་གྲུབ་ཚུལ། ཚད་རྡུལ་སྙོམ་སྒྲིག་བཅས་པ་ཚང་མ་ད་ལྟའི་འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་མདུན་ས་ཡིན། ཚན་རྩལ་གསར་གཏོད་ཀྱི་གཏིང་ཚད་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་སྟེ། མཁའ་དབྱིངས་ཟབ་མོར་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ཚན་རྩལ་འགྲན་རྩོད་ཀྱི་བཙན་སར་གྱུར་ཡོད་པ་དང་། མཚོ་འཇིངས་དང་ས་གཏིང་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དེས་མིའི་རིགས་ཀྱིས་རང་བྱུང་ཁམས་ངོས་འཛིན་བྱེད་པར་མཐོང་རྒྱ་གསར་པ་བསྟུད་མར་སྐྱེད་བཞིན་ཡོད། ཚན་རྩལ་གསར་གཏོད་ཀྱི་མྱུར་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་པ་སྟེ། ཆ་འཕྲིན་ལག་རྩལ་དང་མིས་བཟོས་རིག་ནུས་ཀྱིས་མཚོན་པའི་གསར་དར་ཚན་རྩལ་མགྱོགས་པོར་འཕེལ་རྒྱས་བྱུང་བས། དུས་ཚོད་དང་། བར་སྟོང་། མི་རྣམས་ཀྱི་ངོས་འཛིན་ཁྱབ་ཁོངས་བཅས་རྒྱ་ཆེ་རུ་བསྐྱེད་དེ་མིའི་རིགས་“མི་འཕྲུལ་དངོས་གསུམ་”གྱི་རྒྱུ་གསུམ་མཉམ་འདྲེས་བྱེད་པའི་དངོས་ཀུན་རིག་ནུས་མཉམ་སྦྲེལ་གྱི་དུས་རབས་སུ་སྐྱོད་བཞིན་ཡོད། སྐྱེ་དངོས་ཚན་རིག་གི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཚན་རྩལ་གསར་གཏོད་ཀྱི་ཞིབ་ཚད་ལ་མངོན་གསལ་དོད་པོས་ཤུགས་སྣོན་བྱུང་སྟེ། སྐྱེ་དངོས་ཀྱི་ཆ་རྡུལ་ཆེ་བ་དང་གཞི་རྒྱུའི་ཞིབ་འཇུག་དེ་སྙོམ་སྒྲིག་གནད་འཁེལ་གྱི་དུས་རིམ་དུ་སླེབས་པ་དང་། ཚེ་སྲོག་ངོས་འཛིན་དང་ཚེ་སྲོག་སྒྱུར་བཀོད་བྱེད་པ་ནས་ཚེ་སྲོག་སྡེབ་སྒྲིག་དང་ཚེ་སྲོག་ཇུས་འགོད་བྱེད་པའི་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་སྦྲགས་ནས་ཚེ་སྲོག་ཚུལ་ལུགས་ཀྱི་འགྲན་སློང་ཡང་ལྷགས་ཡོད། 

ལོ་མང་རིང་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་ཚན་རྩལ་གྱི་སྤྱི་ཆའི་ཆུ་ཚད་ཆེས་ཆེར་མཐོར་འདེགས་བྱུང་བས། ང་ཚོར་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་འཛིན་པའི་རྨང་གཞི་དང་། གཏིང་ཤུགས། གདེང་ཚོད། ནུས་པ་བཅས་ཡོངས་སུ་ལྡན་ཡོད་པས། བབ་བསྟུན་འཕྲལ་སྒྲུབ་དང་ཇུས་ཆེན་གཤོམ་དགོས། དེ་དང་ཆབས་ཅིག་ཏུ་ཤེས་དགོས་པ་ཞིག་ནི། རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ད་དུང་དེ་ཙམ་ཆེན་པོ་མེད་པ་དང་། གསར་གཏོད་མ་ལག་གི་སྤྱི་ཆའི་ཕན་ནུས་ད་དུང་དེ་ཙམ་ཆེན་པོ་མེད་པ། ཚན་རྩལ་གསར་གཏོད་ཀྱི་ཐོན་ཁུངས་སྡེབ་སྒྲིག་ད་དུང་འདང་ངེས་ཤིག་བྱས་མེད་པ། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་ཀྱི་བཀོད་པ་ཇེ་ལེགས་སུ་གཏོང་རྒྱུར་ལུས་ཡོད་པ། ཚན་རྩལ་ཐད་ཀྱི་གཏོང་ཡོང་གི་ཕན་འབྲས་ཅུང་ཆུང་བ། ཚན་རྩལ་ཤེས་ལྡན་མི་སྣའི་དཔུང་སྡེའི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་རྒྱུར་ལུས་ཡོད་པ། ཚན་རྩལ་གྱི་གདེང་འཇོག་མ་ལག་དེ་ཚན་རྩལ་འཕེལ་རྒྱས་ཀྱི་བླང་བྱ་དང་མི་མཐུན་པ། ཚན་རྩལ་སྐྱེ་ཁམས་སྔར་ལས་འཐུས་ཚང་དུ་གཏོང་དགོས་པ་བཅས་ཀྱི་གནས་ཚུལ་ཡོད། གནད་དོན་འདི་དག་ལས་མང་པོ་ཞིག་ནི་སྔ་མོ་ནས་གནས་པའི་དཀའ་གནད་ཡིན་པས། མུ་མཐུད་དུ་ཤུགས་ཆེན་པོ་བརྒྱབ་ནས་ཐག་གཅོད་བྱེད་དགོས། 

ཏང་གི་ཚོགས་ཆེན་བཅུ་དགུ་པས་2035ལོར་སླེབས་སྐབས་གསར་གཏོད་ཅན་གྱི་རྒྱལ་ཁབ་ཀྱི་མདུན་གྲལ་དུ་ཚུད་པར་བྱ་རྒྱུའི་འཐབ་ཇུས་ཀྱི་དམིགས་འབེན་གཏན་འཁེལ་བྱས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ནང་དུ་གསར་གཏོད་ནི་སྲོག་ཤིང་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་རང་ཚུགས་རང་དར་བྱ་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་བྱེད་དགོས་པ་བཏོན་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱེད་དགོས་ན། ངེས་པར་དུ་ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་མགྱོགས་པོར་འཛུགས་སྐྲུན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་བཅས་བྱེད་དགོས། 

དང་པོ། གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་བརྒྱབ་ནས་སེམས་ཐག་གཙང་བཅད་ཀྱིས་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས། ཚན་རྩལ་རང་ཚུགས་ཐུབ་ན་མི་རིགས་རང་ཚུགས་ཐུབ། ཚན་རྩལ་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན། རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་རྒྱུ་ནི་ཚན་རྩལ་རང་ཚུགས་རང་དར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན་པ་དང་། ང་ཚོ་མ་ཤེས་པ་ནས་ཤེས་པ་དང་། ངེས་མེད་རང་བཞིན་ནས་ངེས་གཏན་རང་བཞིན་དུ་འགྱུར་བའི་ལྡོག་མེད་ཀྱི་གདམ་ཀ་ཡིན། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་འཆར་གཞི་གང་མགྱོགས་བཟོ་དགོས། རྨང་གཞིའི་ཞིབ་འཇུག་བྱེད་དགོས་ན། འཚོལ་ཞིབ་བྱེད་ཕོད་པ་དང་གསར་གཏོད་འབུར་དུ་ཐོན་པ་བྱས་ཏེ། འཇིག་རྟེན་ཁམས་ཀྱི་འཕེལ་འགྱུར་དང་། འདུ་ཤེས་ཀྱི་ངོ་བོ། དངོས་པོའི་གྲུབ་ཚུལ། ཚེ་སྲོག་གི་འབྱུང་ཁུངས་སོགས་འཚོལ་ཞིབ་དང་གསར་རྟོགས་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། རང་བྱུང་ཁམས་ངོས་འཛིན་བྱེད་པའི་མཐའ་མཚམས་རྒྱ་སྐྱེད་གཏོང་དགོས་ལ། ཤེས་རྟོགས་བྱེད་ཡུལ་གསར་པའང་གཏོད་དགོས། རྨང་གཞིའི་ཞིབ་འཇུག་བྱེད་པར་དེ་བས་ཀྱང་བཀོལ་སྤྱོད་ཀྱིས་སྣ་ཁྲིད་དང་དཀའ་གནད་འགག་སྒྲོལ་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་མངོན་སུམ་གྱི་གནད་དོན་ལས་ཚན་རིག་གི་གནད་དོན་སྙིང་བསྡུས་བྱེད་དགོས་ལ། “སྐེ་བཙིར་བའི་”ལག་རྩལ་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་ལག་རྩལ་གྱི་རྩ་བའི་རིགས་པའི་འགག་གནད་བརྟོལ་དགོས། རྨང་གཞིའི་ཞིབ་འཇུག་ཐད་ནོར་སྲིད་ཀྱི་གཏོང་སྒོ་ཤུགས་ཆེ་རུ་གཏོང་བ་དང་། གཏོང་སྒོའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ཁེ་ལས་ཀྱི་རྨང་གཞིའི་ཞིབ་འཇུག་ལ་འགྲོ་གྲོན་གཏོང་བའི་ཐད་ཁྲལ་བསྡུའི་གཟིགས་སྐྱོང་ལག་བསྟར་བྱེད་པ། སྤྱི་ཚོགས་ཀྱིས་ཞལ་འདེབས་རྒྱག་པ་དང་ཐེབས་རྩ་འཛུགས་པ་སོགས་ཐབས་ལམ་མང་པོའི་གཏོང་འཇོག་ལ་བསྔགས་སྐུལ་བྱེད་པ་སོགས་ལ་བརྟེན་ནས་རྒྱུན་མཐུད་བརྟན་བརླིང་གི་གཏོང་འཇོག་ལམ་སྲོལ་ཆགས་པར་བྱེད་དགོས། 

ཚན་རྩལ་འགག་སྒྲོལ་བྱེད་པར་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཛ་དྲག་ཆེ་ཤོས་དང་དགོས་གཏུག་ཆེ་ཤོས་ཀྱི་གནད་དོན་ལ་ཁ་གཏོད་དགོས། རྒྱལ་ཁབ་ཀྱི་ཉེར་མཁོའི་དགོས་མཁོ་དང་ཕུགས་རིང་གི་དགོས་མཁོ་ལ་གཞིགས་ཏེ། ཤུགས་གང་ཡོད་བཏོན་ནས་རྡོ་སྣུམ་དང་རང་བྱུང་སོལ་རླངས་དང་། རྨང་གཞིའི་མ་བཅོས་རྒྱུ་ཆ། མཐོ་སྣེའི་ཉིང་ལྷེབ། བཟོ་ལས་མཉེན་ཆས། ཞིང་ལས་ལོ་ཏོག་གི་ས་བོན། ཚན་རིག་ཚོད་ལྟར་སྤྱོད་པའི་ཡོ་བྱད་སྒྲིག་ཆས། རྫས་འགྱུར་སྨན་སྦྱོར་སོགས་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་དགོས་པ་དང་། སྨན་རྫས་དང་། སྨན་བཅོས་ཡོ་བྱད། སྨན་བཀོལ་སྒྲིག་ཆས། འགོག་སྨན་ལ་སོགས་པའི་ཁྱབ་ཁོངས་ཀྱི་འགག་རྩ་དང་སྲོག་ཤིང་གི་ལག་རྩལ་ཁག་ཅིག་མགྱོགས་པོར་ཐོད་བརྒལ་བྱེད་དགོས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྨང་གཞིའི་སྲོག་ཤིང་ཁྱབ་ཁོངས་སུ། མིས་བཟོས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་གྲུབ་གློག་ལམ། སྔོན་ཐོན་བཟོ་སྐྲུན། ཚེ་སྲོག་བདེ་ཐང་། ཀླད་པའི་ཚན་རིག །སྐྱེ་དངོས་གསོ་འདེབས། མཁའ་དབྱིངས་ཚན་རྩལ། ས་གཏིང་དང་མཚོ་འཇིངས་སོགས་མདུན་སྣེའི་ཁྱབ་ཁོངས་ལ་དམིགས་དགོས་པ་དང་། འཐབ་ཇུས་རང་བཞིན་དང་གསོག་འཇོག་རང་བཞིན་གྱི་ལག་རྩལ་ཞིབ་སྤེལ་ལས་གཞི་ཁག་ཅིག་སྔོན་ཚོད་སྒོས་བཀོད་སྒྲིག་བྱེད་དགོས་ལ། མ་འོངས་པའི་ཚན་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་བཙན་སར་དམིགས་དགོས། ནོར་སྲིད་ཀྱི་ཚན་རྩལ་ཐད་ཀྱི་གཏོང་སྒོ་ལེགས་སྒྲིག་བྱས་ཏེ། འཐབ་ཇུས་རང་བཞིན་དང་གནད་འགག་རང་བཞིན་གྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་གཏོང་འཇོག་བྱེད་དགོས། 

གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་མཉམ་འདྲེས་བྱེད་ཚེ་གནད་འགག་ནི་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་གཏན་འཁེལ་བྱ་རྒྱུ་དེ་ཡིན། ཁེ་ལས་ཀྱི་གསར་གཏོད་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ་སྟེ། དྲང་ཕྱོགས་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། ལྡོག་ཕྱོགས་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་ལྡོག་འདེད་བྱེད་དགོས། ཁེ་ལས་དྲི་གཞི་འདོན་མཁན་ཡིན་པའི་བྱེད་ནུས་འདོན་སྤེལ་བྱས་ཏེ། གཙོ་གནད་ལས་གཞི་མཐུན་སྦྱོར་དང་ཞིབ་སྤེལ་བྱེད་སྒོ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་པ་དང་། མཐོ་སློབ་དང་ཚན་ཞིབ་ཁང་གིས་འདེགས་སྐྱོར་བྱེད་པ། གསར་གཏོད་བྱེད་པོ་ཁག་གིས་ཕན་ཚུན་མཐུན་སྦྱོར་བྱེད་པ་བཅས་ཀྱི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་མགྱོགས་པོར་འཛུགས་པ། ཕན་འབྲས་ཆེ་ལ་སྟོབས་དང་ལྡན་པའི་ཐུན་མོང་རང་བཞིན་གྱི་ལག་རྩལ་འདོན་སྤྲོད་མ་ལག་འཕེལ་རྒྱས་གཏོང་བ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། 

དེང་རབས་བཟོ་སྐྲུན་དང་ལག་རྩལ་གྱི་ཚན་རིག་ནི་ཚན་རིག་གི་རྩ་བའི་རིགས་པ་དང་ཐོན་ལས་གོང་འཕེལ་དང་བཟོ་སྐྲུན་ཞིབ་བཟོ་གསུམ་བར་གྱི་མེད་དུ་མི་རུང་བའི་སྦྲེལ་ཐག་ཡིན་པས། དེང་རབས་ཚན་རིག་ལག་རྩལ་གྱི་མ་ལག་གི་ནང་དུ་གནད་འགག་གི་ནུས་པ་ཐོན་བཞིན་ཡོད། རིག་ཚན་མང་པོ་མཉམ་འདྲེས་ཀྱི་དེང་རབས་བཟོ་སྐྲུན་དང་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་ཚན་རིག་དང་བཟོ་སྐྲུན་ལག་རྩལ་འཕེལ་རྒྱས་ལ་སྐུལ་ཁྲིད་དང་། ཆ་ཚང་བའི་དེང་རབས་ཚན་རིག་ལག་རྩལ་གྱི་མ་ལག་ཆགས་པར་བྱེད་དགོས། 

གཉིས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གསར་གཏོད་མ་ལག་གི་སྤྱི་ཆའི་ཕན་ནུས་ཆེ་རུ་གཏོང་དགོས། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་གྱི་འགྲན་རྩོད་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་འགྲན་རྩོད་ཡིན། རྒྱལ་ཁབ་ཚོད་ལྟ་ཁང་དང་། རྒྱལ་ཁབ་ཚན་ཞིབ་སྒྲིག་གཞི། ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན། ཚན་རྩལ་སྣེ་ཁྲིད་ཁེ་ལས་བཅས་ཚང་མ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རང་རྟོགས་ངང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་པའི་འགན་འཁྲི་འཁུར་དགོས། 

རྒྱལ་ཁབ་ཚོད་ལྟ་ཁང་གིས་“ཁ་ཕྱོགས་པ་བཞི་”[1]ཡི་བླང་བྱ་ལྟར། འཛམ་གླིང་གི་ཚན་རྩལ་འཕེལ་ཕྱོགས་ཆེན་པོའི་རྗེས་སུ་དམ་པོར་འབྲང་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱིས་ཚན་རྩལ་འཕེལ་རྒྱས་ལ་བཏོན་པའི་འགན་འཁྲི་དང་ལས་འགན་དང་བསྟུན་ཏེ། འཐབ་ཇུས་རང་བཞིན་དང་གནད་འགག་རང་བཞིན་གྱི་གནད་ཆེའི་ཚན་རྩལ་གྲུབ་འབྲས་མང་པོ་འདོན་དགོས་པ་མ་ཟད། རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་དང་ཟུང་འབྲེལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཚོད་ལྟ་ཁང་གི་མ་ལག་ཆགས་པར་བྱེད་དགོས། 

རྒྱལ་ཁབ་ཚན་ཞིབ་སྒྲིག་གཞིས་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁྲིད་ཕྱོགས་སུ་བཟུང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་ཕུགས་རིང་གི་ཁེ་ཕན་ལ་འགལ་རྐྱེན་དང་ཚོད་འཛིན་ཐེབས་པའི་ཚན་རྩལ་གནད་དོན་ཆེན་པོ་ཐག་གཅོད་ཤུགས་ཆེན་བྱེད་དགོས་པ་དང་། ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་མགྱོགས་པོར་སྐྲུན་དགོས་ལ། འགག་རྩ་དང་སྲོག་ཤིང་གི་ལག་རྩལ་མགྱོགས་པོར་ཐོད་བརྒལ་བྱེད་དགོས། 

ཆུ་ཚད་མཐོ་བའི་ཞིབ་འཇུག་ཅན་གྱི་སློབ་ཆེན་གྱིས་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཚན་རྩལ་འཕེལ་རྒྱས་གཏོང་བ་དང་། ཐོན་ཁུངས་ཨང་དང་པོ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། སྒུལ་ཤུགས་ཨང་དང་པོ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་སྔར་ལས་ལྷག་པར་ཟུང་འབྲེལ་དང་། རྨང་གཞིའི་ཞིབ་འཇུག་ཟབ་བརླིང་ཡོད་པ་དང་རིག་ཚན་སྣོལ་འདྲེས་ཡིན་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་གི་གཙོ་ཤུགས་དམག་དཔུང་དང་གནད་ཆེའི་ཚན་རྩལ་འགག་སྒྲོལ་གྱི་སྟོབས་གསར་དམག་དཔུང་དུ་འགྱུར་བར་བྱེད་དགོས། ཞིབ་འཇུག་ཅན་གྱི་སློབ་ཆེན་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་དང་འཐབ་ཇུས་ལས་འགན་དང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞི་དང་མདུན་གྲལ་འཚོལ་ཞིབ་དང་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་རྒྱག་པ། ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་གཤིས་ལུགས། ཀྲུང་གོའི་ཉམས་འགྱུར་བཅས་ལྡན་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག །གཏམ་བཤད་མ་ལག་བཅས་ཧུར་ཐག་གིས་འཛུགས་པ་བཅས་ཀྱི་ཐོག་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས། 

ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱིས་ཚོང་རའི་དགོས་མཁོ་དང་། འདུས་གྲུབ་གསར་གཏོད། ལས་སྟེགས་སྒྲིག་འཛུགས་བཅས་ཀྱི་བཟང་ཆ་འདོན་སྤེལ་བྱས་ཏེ། ཚན་རྩལ་སྟོབས་ཤུགས་ཆེ་བ་ནས་ཁེ་ལས་སྟོབས་ཤུགས་ཆེ་བ་དང་། ཐོན་ལས་སྟོབས་ཤུགས་ཆེ་བ། དཔལ་འབྱོར་སྟོབས་ཤུགས་ཆེ་བ་བཅས་སུ་འགྱུར་བའི་རྒྱུག་ལམ་གཤོང་དགོས། ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། ཁྱབ་ཁོངས་བརྒལ་བ་དང་། གཞོགས་འདེགས་ཆེན་པོ། ཤུགས་ཚད་ཆེན་པོ་བཅས་ཀྱི་གསར་གཏོད་རྟེན་གཞི་ཆགས་པ་དང་། ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་དེ་བཞིན་ཐོན་ལས་ཅན་དང་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུ་བཅས་སྤེལ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་དང་། རྟེན་གཞི། ཤེས་ལྡན་མི་སྣ། མ་དངུལ་བཅས་གཞི་གཅིག་ཅན་གྱི་བགོ་སྒྲིག་ལ་སྐུལ་འདེད་བཅས་བྱས་ཏེ། རང་རྒྱལ་གྱི་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་མུ་ཕྲེང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། 

ས་ཁུལ་ཁག་གིས་རང་ངོས་ཀྱི་མཐུན་རྐྱེན་བཟང་པོར་གཞི་བཙུགས་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་ཚན་རྩལ་གསར་གཏོད་བཀོད་སྒྲིག་བྱེད་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་སམ་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། དེ་ཉིད་འཛམ་གླིང་ཚན་རིག་གི་མདུན་གནས་ཁྱབ་ཁོངས་དང་གསར་དར་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་བདག་རྐྱེན་འདུ་གནས་སུ་འགྱུར་བར་བྱེད་དགོས། 

གསུམ་པ། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ལམ་ལུགས་ཆགས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་གི་རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཅན་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ནི་གནད་ཆེའི་ཚན་རྩལ་གསར་གཏོད་སྒྲིག་འཛུགས་བྱེད་མཁན་གལ་ཆེན་ཡིན་པའི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། འཁོར་ཡུན་རིང་བ་དང་། ཉེན་ཁ་ཆེ་བ། དཀའ་ཚེགས་ཆེ་བ། མདུན་ལྗོངས་བཟང་བ་བཅས་ཀྱི་འཐབ་ཇུས་རང་བཞིན་གྱི་ཚན་རིག་འཆར་གཞི་དང་ཚན་རིག་ལས་གྲྭར་རྒྱབ་སྐྱོར། མ་ལག་ལྡན་པར་བཀོད་སྒྲིག་དང་། མ་ལག་ལྡན་པར་ཇུས་འགོད། ལས་རིགས་བརྒལ་ཏེ་འདུས་གྲུབ་བཅས་འཛིན་པ། སྲིད་གཞུང་དང་། ཚོང་ར། སྤྱི་ཚོགས་སོགས་ཕྱོགས་གང་ཅིའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། མ་འོངས་པའི་སྤྱི་ཆའི་དགེ་མཚན་ཆགས་པར་བྱེད་དགོས། ཕན་ནུས་ལྡན་པའི་ཚོང་ར་དང་གོ་འཕེར་བའི་སྲིད་གཞུང་གཉིས་ཟུང་འབྲེལ་སྔར་ལས་ཡག་པོ་བྱ་རྒྱུར་སྐུལ་འདེད་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། ཚོང་རའི་དགོས་མཁོ་ལ་བརྟེན་ནས་གསར་གཏོད་ཐོན་ཁུངས་ནུས་ལྡན་ངང་བགོ་སྒྲིག་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། 

གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་རྨང་གཞིའི་བསྒྱུར་བཅོས་གཙོ་གནད་དུ་བཟུང་ནས་ཡག་པོར་འཛིན་པ་དང་། སྤུས་ཚད་དང་། བྱས་འབྲས། བྱས་རྗེས་བཅས་སྲོག་ཤིང་བྱས་པའི་གདེང་འཇོག་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གྲུབ་འབྲས་གསར་གཏོད་ཀྱི་ཆུ་ཚད་དང་། སྤོ་སྒྱུར་བཀོལ་སྤྱོད་ཀྱི་བྱས་འབྲས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མངོན་སུམ་བྱས་རྗེས་བཅས་ཆ་ཚང་ཞིང་དོན་ལ་གནས་པའི་སྒོ་ནས་མཚོན་དགོས། ལས་གཞིར་གདེང་འཇོག་བྱེད་པའི་ཐད་དུ། ཚན་ཞིབ་བྱེད་སྒོའི་ཆོས་ཉིད་དང་མཐུན་པའི་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་དགོས་པ་དང་། རང་མོས་ཀྱིས་འཚོལ་ཞིབ་ཅན་དང་འགན་འཁྲིས་ཕྱོགས་སྟོན་ཅན་གྱི་ཚན་རྩལ་ལས་གཞི་རིགས་དབྱེ་གདེང་འཇོག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ངོས་འཛིན་གཅིག་མཐུན་བྱུང་མེད་པའི་ཚན་རྩལ་ལས་གཞིའི་གདེང་འཇོག་ལམ་སྲོལ་འཛུགས་དགོས། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་ཐད་དུ། “ཁོ་ན་བཞི་གཏོར་བ་”[2]དང་“ཚད་གཞི་གསར་པ་འཛུགས་པ་”མཉམ་འཛིན་བྱས་ཏེ། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། བྱས་རྗེས་བཅས་ཁྲིད་ཕྱོགས་སུ་འཛིན་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་མགྱོགས་པོར་འཛུགས་དགོས། ཚན་ཞིབ་བྱ་ལས་སྡེ་ཚན་གྱིས་སྔར་བས་སྟབས་བསྟུན་ཅན་གྱི་གླ་ཕོགས་ལམ་ལུགས་འཚོལ་ཞིབ་དང་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་དང་། རྨང་གཞིའི་རང་བཞིན་དང་། མདུན་གནས་རང་བཞིན། སྤྱི་ཕན་རང་བཞིན་བཅས་ཀྱི་ཚན་ཞིབ་མི་སྣའི་དཔུང་ཁག་ཇེ་བརྟན་ཇེ་རྒྱས་སུ་བཏང་ནས་ཁོང་ཚོས་སེམས་རྣལ་དུ་ཕབ་ནས་ཚན་རིག་ཞིབ་འཇུག་བྱ་རྒྱུ་འགན་སྲུང་བྱེད་དགོས། 

ཚན་རྩལ་དོ་དམ་བསྒྱུར་བཅོས་བྱེད་པར་“སྣོན་རྩིས་”ཁོ་ན་རྒྱག་མི་རུང་བར་“འཕྲི་རྩིས་”རྒྱག་མཁས་པོ་བྱེད་དགོས། བློ་སྟོབས་སྔར་ལས་ཆེ་བ་བསྐྱེད་དེ་ཚན་རྩལ་དོ་དམ་གྱི་འགན་ནུས་སྤོ་སྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས་པ་དང་། འཐབ་ཇུས་དང་བསྒྱུར་བཅོས་དང་འཆར་འགོད་དང་ཞབས་ཞུ་བཅས་འཛིན་པའི་གནས་ངེས་ལྟར། སྤྱོད་ཚུལ་སྒྱུར་བ་དང་། ནུས་པ་ཆེ་རུ་གཏོང་བ། དངུལ་དང་རྒྱུ་དངོས་བགོ་བ་དང་ལས་གཞི་གཏན་འཁེལ་བྱེད་པ་སོགས་ལ་ཐད་ཀའི་ཐེ་ཇུས་ཉུང་དུ་གཏོང་བ། འཆར་འགོད་སྲིད་ཇུས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཞིབ་སྡེ་ཚན་ལ་རང་བདག་དབང་ཆ་སྔར་ལས་མང་བ་སྤྲོད་པ། ཚན་རིག་པར་ལག་རྩལ་ལམ་ཕྱོགས་ཐག་གཅོད་དབང་ཆ་དང་གྲོན་དངུལ་བཀོལ་སྤྱོད་དབང་ཆ་སྔར་ལས་ཆེན་པོ་སྤྲོད་པ་བཅས་བྱས་ཏེ། ཚན་ཞིབ་སྡེ་ཚན་དང་ཚན་ཞིབ་མི་སྣ་རྣམས་རྙོག་འཛིང་ཆེ་ལ་དགོས་པ་མེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འཆིང་རྒྱ་ལས་བཅིངས་འགྲོལ་ཐོབ་པར་བྱེད་དགོས། 

གསར་གཏོད་ནི་སྐྱེས་ཁུངས་ལ་མི་བལྟ། དཔའ་བོ་ནི་འབྱུང་ཁུངས་ལ་མི་བལྟ། གནད་ཆེའི་ཚན་རྩལ་ལས་གཞི་འཛུགས་སྟངས་དང་སྒྲིག་འཛུགས་དོ་དམ་བྱེད་སྟངས་བསྒྱུར་བཅོས་བྱས་ཏེ། “དཔའ་ཁས་ལེན་”དང་“རྟ་རྒྱུག་”སོགས་ཀྱི་ལམ་ལུགས་ལག་བསྟར་བྱེད་དགོས། གནད་དོན་དངོས་ལ་ཞིབ་འཇུག་བྱས་ནས་དོན་ལ་གནས་པའི་འོས་བབ་ཆགས་པར་བྱེད་དགོས། དོན་དངོས་སུ་གནད་དོན་ལ་ཞིབ་འཇུག་བྱས་ཏེ། ལས་ཀ་སྒྲུབ་འདོད་ཡོད་པ་དང་། ལས་ཀ་སྒྲུབ་ཐུབ་པ། ལས་ཀ་འགྲུབ་ཐུབ་པ་བཅས་ཀྱི་ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣར་དམག་དཔུང་ཁྲིད་ནས་གཡུལ་སར་སྐྱོད་དུ་འཇུག་དགོས་པ་དང་། ལག་རྩལ་སྤྱི་ཁྱབ་པས་འགན་འཁུར་བའི་ལམ་ལུགས་དང་། གྲོན་དངུལ་འགན་གཙང་ལེན་པའི་ལམ་ལུགས། ཡིད་རྟོན་ཁས་ལེན་བྱེད་པའི་ལམ་ལུགས་བཅས་ཁྱབ་སྤེལ་བྱས་ཏེ། འོས་ཐོབ་ལ་མི་ལྟ་བ་དང་ཚད་བཀག་མི་བཟོ་བར་ཤེས་ཡོན་ངོ་མ་ལྡན་པའི་ཚན་རྩལ་དཔའ་བོར་དཔའ་རྩལ་ངོམ་ས་ཡོད་པར་བྱེད་དགོས། 

བཞི་པ། སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ལ་ཞུགས་དགོས། ཚན་རིག་ལག་རྩལ་ལ་འཛམ་གླིང་གི་རང་བཞིན་དང་དུས་རབས་ཀྱི་རང་བཞིན་ལྡན་ཞིང་། མིའི་རིགས་ཐུན་མོང་གི་རྒྱུ་ནོར་ཡིན། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱས་ཏེ། གོ་ལ་ཧྲིལ་པོའི་མཐོང་རྒྱའི་ཐོག་ནས་གསར་གཏོད་ཇུས་འགོད་དང་སྐུལ་སྤེལ་དང་། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་དུ་ཧུར་ཐག་གིས་འཇུག་པ། གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བདེ་ཐང་སོགས་ཀྱི་གནད་དོན་ལ་དམིགས་པ། རྒྱལ་ཁབ་ཁག་གི་ཚན་ཞིབ་མི་སྣ་དང་མཉམ་འབྲེལ་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་ཆེན་པོའི་ལས་གྲྭ་འགོ་སློང་རྒྱུ་རང་འགུལ་གྱིས་འཆར་འགོད་དང་སྣེ་ཁྲིད་བྱེད་དགོས་པ་དང་། གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚན་རིག་ཞིབ་འཇུག་གི་ཐེབས་རྩ་འཛུགས་དགོས། 

ཚན་རྩལ་ནི་འཕེལ་རྒྱས་ཀྱི་མཚོན་ཆ་རྣོན་པོ་ཡིན་ལ། ཉེན་ཁའི་འབྱུང་རྩར་འགྱུར་ཡང་སྲིད། ཚན་རྩལ་འཕེལ་རྒྱས་ལས་བྱུང་བའི་སྒྲིག་སྲོལ་ཐད་ཀྱི་གདོང་ཐུག་དང་། སྤྱི་ཚོགས་ཀྱི་ཉེན་ཁ། ཚུལ་ལུགས་ཀྱི་འགྲན་སློང་བཅས་ལ་སྔོན་ཚོད་ངང་བརྡར་ཤ་གཅོད་དགོས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཚུལ་ལུགས་ཀྱི་ཞིབ་བཤེར་སྒྲིག་སྲོལ་དང་དེ་བཞིན་ལྟ་སྐུལ་དོ་དམ་གྱི་སྒྲོམ་གཞི་བཅས་འཐུས་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ལ་ཟབ་མོར་ཞུགས་པ་དང་། ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་བ། ཚན་རྩལ་དགེར་ཕྱོགས་ཀྱི་རིག་གནས་ལྟ་བ་བཞེངས་སྐྲུན་བཅས་བྱས་ཏེ། ཚན་རྩལ་གྱིས་སྔར་ལས་ལེགས་པའི་སྒོ་ནས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་། ཀྲུང་གོའི་ཚན་རྩལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས། 

ལྔ་པ། རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱས་ཏེ། གོ་ལ་ཧྲིལ་པོའི་ཤེས་ལྡན་མི་སྣའི་མཐོ་གནས་འཛུགས་སྐྲུན་བྱེད་དགོས། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་ཡིན་ཕྱིན་ངེས་པར་དུ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཤེས་ལྡན་མི་སྣ་འགུག་པ་དང་། ཤེས་ལྡན་མི་སྣ་ཉར་བ། ཤེས་ལྡན་མི་སྣ་བཀོལ་བ་བཅས་བྱེད་ཐུབ་དགོས། རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་དགོས་ན། མཐར་ཐུག་ཆུ་ཚད་མཐོ་བའི་གསར་གཏོད་ཤེས་ལྡན་མི་སྣར་བརྟེན་དགོས་པ་རེད། 

གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཀྱི་ཕུགས་རྒྱང་འཕེལ་རྒྱས་ཀྱི་ཇུས་ཆེན་ཡིན། ད་ལྟའི་འཛམ་གླིང་གི་འགྲན་རྩོད་ནི་མཐར་གཏུགས་ན་ཤེས་ལྡན་མི་སྣའི་འགྲན་རྩོད་དང་སློབ་གསོའི་འགྲན་རྩོད་རེད། ཤེས་ལྡན་མི་སྣ་རང་བདག་གིས་གསོ་སྐྱོང་བྱེད་པར་སྔར་བས་མཐོང་ཆེན་དང་། ཚན་རིག་གི་སྙིང་སྟོབས་དང་། གསར་གཏོད་ནུས་པ། མཐའ་དཔྱོད་རང་བཞིན་གྱི་བསམ་གཞིགས་བཅས་གསོ་སྐྱོང་དང་སྐྱེད་སྲིང་བྱེད་པར་སྔར་བས་མཐོང་ཆེན་བྱེད་དགོས། གཞོན་ནུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། འཛམ་གླིང་དུ་ཤུགས་རྐྱེན་ལྡན་པའི་རྩེར་སོན་ཚན་རྩལ་ཤེས་ལྡན་མི་སྣ་ཚོ་ཁག་ཅིག་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས་པ་དང་། གསར་གཏོད་ཚོགས་པ་སྐོར་ཞིག་གཏན་ཆགས་བཟོ་བ་དང་རྒྱབ་སྐྱོར་བྱེད་དགོས། བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ་བཅས་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས། རང་རྒྱལ་གྱི་སློབ་གསོས་མཁས་དབང་གསོ་སྐྱོང་བྱེད་ཐུབ་ངེས་རེད། ང་ཚོར་འདི་འདྲའི་གདེང་ཚོད་ཡོད་དགོས། སྤྱི་ཚོགས་ཡོངས་སུ་ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག །ཤེས་ལྡན་མི་སྣར་བརྩི་འཇོག །གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་པའི་ཁོར་ཡུག་བསྐྲུན་ནས་ཚན་རིག་ལ་བརྩི་མཐོང་བྱེད་པའི་དར་སྲོལ་ཆགས་པ་དང་། གཞོན་ནུ་ལོ་ཆུང་སྔར་ལས་མང་པོར་ཚན་རིག་གི་ཕུགས་འདུན་འཆང་ཞིང་གསར་གཏོད་ཀྱི་སྙིང་སྟོབས་སྐྱེད་དུ་འཇུག་དགོས། “ལྗོན་ཤིང་ཝུའུ་ཐུང་བཙུགས་ན། །བྱ་བརྒྱའི་དབང་པོ་འཁོར་ཡོང་། །”ཞེས་པ་ལྟར། གོ་ལ་ཧྲིལ་པོའི་ཕུལ་བྱུང་ཤེས་ལྡན་མི་སྣ་འདུ་བའི་ཚན་ཞིབ་གསར་གཏོད་ཀྱི་མཐོ་གནས་སྐྲུན་དགོས་པ་དང་། རྩེར་སོན་ཤེས་ལྡན་མི་སྣ་དང་ཆེད་ལས་ཤེས་ལྡན་མི་སྣ་ཀྲུང་གོར་ཡོང་ནས་ལས་ཀ་དང་། ཚན་ཞིབ། སྤེལ་རེས་བཅས་བྱེད་པའི་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། 

ཚན་རྩལ་གསར་གཏོད་ནི་ཚན་རྩལ་མི་སྣས་དུས་ཡུན་རིང་པོར་འབད་བརྩོན་བྱེད་པ་དང་ཁ་འབྲལ་ཐབས་མེད། ཚན་ཞིབ་མི་སྣའི་དུས་ཚོད་འགན་ལེན་བྱེད་ཆེད། 1961ལོར་ཀྲུང་དབྱང་གིས་ཚན་རྩལ་མི་སྣས་གཟའ་འཁོར་རེར་ཉིན་5ཡི་རིང་ལ་ཚན་རིག་ཞིབ་འཇུག་གི་ལས་ཀ་སྒྲུབ་ཐུབ་རྒྱུ་འགན་ལེན་བྱེད་དགོས་ཞེས་བཏོན་པ་རེད། དུས་ཚོད་འགན་ལེན་བྱེད་པ་ནི་གསར་གཏོད་ནུས་པ་སྲུང་སྐྱོབ་བྱེད་པ་རང་ཡིན། ཚན་ཞིབ་མི་སྣས་སེམས་ཤུགས་གཙོ་བོ་དེ་ཚན་ཞིབ་བྱ་རྒྱུའི་ཐོག་འཇོག་པ་འགན་སྲུང་བྱེད་པའི་ལམ་སྲོལ་བཙུགས་ཏེ། ཚན་རྩལ་མི་སྣས་སེམས་ཤུགས་གཙོ་བོ་དེ་ཚན་རྩལ་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་བྱེད་སྒོའི་ཐོག་འཇོག་ཏུ་འཇུག་དགོས། སྐབས་བསྟུན་རང་བཞིན་དང་འཚམས་འདྲི་སྣེ་ལེན་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་ལ་ནི་ཚན་རྩལ་མི་སྣ་ཉུང་ཙམ་ཞུགས་ཀྱང་གྱོང་གུན་གང་ཡང་རག་གི་མ་རེད། ཚན་རྩལ་མི་སྣར་དགོས་མེད་ཀྱི་ཕར་སྐྱེལ་ཚུར་བསུའི་བྱེད་སྒོ་དང་། དགོས་མེད་ཀྱི་ཞིབ་དཔྱད་གདེང་འཇོག་བྱེད་སྒོ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་ཐད་དུ་དུས་ཚོད་མང་པོ་སྤྱོད་དུ་གཏན་ནས་འཇུག་མི་རུང་། 

མཆན་འགྲེལ། 

[1] “ཁ་ཕྱོགས་པ་བཞི་”ཞེས་པ་ནི་འཛམ་གླིང་གི་ཚན་རྩལ་མདུན་གནས་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་གལ་ཆེའི་དགོས་མཁོར་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་ལ་ཟེར། 

[2] “ཁོ་ན་བཞི་གཏོར་བ་”ཞེས་པ་ནི་འདིར་དཔྱད་རྩོམ་ཁོ་ན་དང་། ལས་ཐོབ་ཁོ་ན། སློབ་རྒྱུས་ཁོ་ན། བྱ་དགའ་ཁོ་ན་བཅས་གཙོ་བོར་འཛིན་པ་གཏོར་བར་གོ །

༄༅། །རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་རྒྱུན་ཆད་མེད་པར་དྲག་བཟང་ཆེ་གསུམ་དུ་གཏོང་དགོས། 

(2021ལོའི་ཟླ་10ཚེས་18ཉིན།) 

ཉེ་བའི་ལོ་ཤས་རིང་དུ། མཉམ་སྦྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་པོ། སྤྲིན་རྩིས། མིས་བཟོས་རིག་ནུས། ཁུལ་དུམ་མུ་ཕྲེང་སོགས་ཀྱི་ལག་རྩལ་མགྱོགས་མྱུར་ངང་གསར་གཏོད་བྱུང་ཞིང་། ཉིན་རེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་འདྲེས་པ་དང་། རྒྱལ་ཁབ་ཁག་གིས་ཕན་ཚུན་འགྲན་རེས་ཀྱིས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གཏན་ལ་འབེབས་པ་དང་བསྔགས་སྐུལ་སྲིད་ཇུས་འདོན་པར་བརྟེན། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པ་དང་། ཁྱབ་འགྱེད་ཁྱབ་ཁོངས་ཆེ་བ། ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་པ་བཅས་ནི་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། གོ་ལ་ཧྲིལ་པོའི་བདག་རྐྱེན་ཐོན་ཁུངས་བསྐྱར་སྒྲིག་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་གྲུབ་ཚུལ་བསྐྱར་སྒྲིག །གོ་ལ་ཧྲིལ་པོའི་འགྲན་རྩོད་རྣམ་པར་འགྱུར་ལྡོག་གཏོང་བ་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། 

དུས་ཡུན་རིང་པོའི་ནང་ངས་རྟག་པར་གྲངས་ཀའི་ལག་རྩལ་དང་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད། 2000ལོར་ངས་ཧྥུའུ་ཅན་དུ་ལས་ཀ་བྱེད་རིང་“གྲངས་ཀའི་ཧྥུའུ་ཅན་”འཛུགས་སྐྲུན་བྱེད་དགོས་པ་བཏོན་ཞིང་། 2003ལོར་ཀྲེ་ཅང་དུ་ལས་ཀ་བྱེད་རིང་ཡང་བསྐྱར་“གྲངས་ཀའི་ཀྲེ་ཅང་”འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ངས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་ཐེངས་མང་བྱས་ཡོད། 2016ལོར་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་སོ་དྲུག་པའི་ཐོག་གྲངས་ཀའི་དཔལ་འབྱོར་རྒྱ་ཆེན་པོ་དང་སྟོབས་ཆེན་པོར་སྤེལ་དགོས་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས་པ་ནན་བཤད་བྱས་པ་ཡིན། ལོ་དེར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཧང་ཀྲོའུ་དབུ་ཚོགས་ཐོག་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གྲོས་འགོ་ཐོག་མར་བཏོན་པར། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་ཁེ་ལས་པའི་ཡོངས་ཁྱབ་ཀྱི་ཁས་ལེན་ཐོབ། 2017ལོར་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གཉིས་པའི་ཐོག་གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གཞི་གྲངས་འགག་རྩའི་བདག་རྐྱེན་དུ་གྱུར་པའི་གྲངས་ཀའི་དཔལ་འབྱོར་བསྐྲུན་ནས་དངོས་གཞིའི་དཔལ་འབྱོར་དང་གྲངས་ཀའི་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་ཡིན། 2018ལོར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་5Gདང་། མི་བཟོས་རིག་ནུས། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་བྱས་པ་ཡིན། 2021ལོར་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ཝུའུ་ཀྲེན་དབུ་ཚོགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལས། གྲངས་ཀའི་དཔལ་འབྱོར་གྱི་གསོན་ཤུགས་ངར་སློང་དང་། གྲངས་ཀའི་སྲིད་གཞུང་གི་ཕན་ནུས་ཆེ་རུ་གཏོང་བ། གྲངས་ཀའི་སྤྱི་ཚོགས་ཁོར་ཡུག་ལེགས་སྒྱུར། གྲངས་ཀའི་མཉམ་ལས་རྣམ་པ་གཏོད་པ། གྲངས་ཀའི་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པ་བཅས་བྱས་ཏེ། གྲངས་ཀའི་ཤེས་དཔལ་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཞེས་བསྟན་པ་ཡིན། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ཤིང་དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་སྤར་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག །དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་དང་རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། དྲ་རྒྱའི་དཔལ་འབྱོར་བར་སྟོང་རྒྱ་སྐྱེད་གཏོང་དགོས་པ། མཉམ་སྦྲེལ་དྲ་རྒྱ་དང་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་ཀྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ། མཉམ་སྦྲེལ་དྲ་རྒྱར་བརྟེན་པའི་གསར་གཏོད་ཁག་ལ་རྒྱབ་སྐྱོར་བྱེད་དགོས་པ་བཅས་བཏོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་མཉམ་སྦྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས། དངོས་གཞིའི་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། གྲངས་ཀའི་ཀྲུང་གོ་དང་རིག་ལྡན་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་དང་། གྲངས་ཀ་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་ལ་སྐུལ་འདེད། གྲངས་ཀའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཅས་གཏོང་དགོས་པ་དང་། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་གྲངས་ཀའི་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད། ང་ཚོས་《དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་རྩ་གནད་》དང་《གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྩ་གནད་》བཏོན་ནས་རྒྱལ་ཁབ་རིམ་པའི་ངོས་ནས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བཀོད་སྒྲིག་དང་སྐུལ་འདེད་བཏང་ཡོད། ལོ་འདི་དག་གི་རིང་ལ། རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་ཅུང་མྱུར་ཞིང་གྲུབ་འབྲས་ཀྱང་མངོན་གསལ་ཐོབ་ཡོད། 2021ལོའི་གོ་ལ་ཧྲིལ་པོའི་གྲངས་ཀའི་དཔལ་འབྱོར་ཚོགས་ཆེན་གྱི་གཞི་གྲངས་ལྟར་ན། རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་གྱི་གཞི་ཁྱོན་ལོ་མང་རིང་བསྟུད་མར་འཛམ་གླིང་གི་ཨང་གཉིས་པར་སླེབས་ཡོད། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། གྲངས་ཀའི་ལག་རྩལ་དང་གྲངས་ཀའི་དཔལ་འབྱོར་གྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པའི་ཐད་དུ་ནུས་པ་གལ་ཆེན་ཐོན་ཡོད། 

དུས་མཚུངས་སུ་ང་ཚོས་མཐོང་དགོས་པ་ཞིག་ནི། འཛམ་གླིང་གི་གྲངས་ཀའི་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་དང་རྒྱལ་ཁབ་སྟོབས་ལྡན་དག་དང་བསྡུར་ན། རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་ནི་རྒྱ་ཆེ་རུང་སྟོབས་མི་ཆེ་བ་དང་། འགྲོས་མགྱོགས་རུང་སྤུས་མི་དག་པ་རེད། ད་དུང་མཐོང་དགོས་པ་ཞིག་ནི། རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་བྱུང་རིང་དུ་སྐྱོན་ཅན་དང་ཚད་ལྡན་མིན་པའི་འཁྱེར་སོ་དང་འཕེལ་ཕྱོགས་འགའ་ཞིག་ཀྱང་ཐོན་ཡོད། གནད་དོན་དེ་དག་གིས་གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགལ་རྐྱེན་བཟོ་བར་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་ཞིང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་དངུལ་རྩའི་བདེ་འཇགས་ལ་འཇིགས་སྐུལ་བཟོས་ཡོད་པས། ངེས་པར་དུ་ཡོ་བསྲང་དང་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། 

ཕྱོགས་བསྡུས་ཀྱིས་བརྡར་ཤ་བཅད་ན། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། དེ་ནི་རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་གསར་པ་དམ་འཛིན་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། གཅིག་ནི་གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ལས་འགན་གལ་ཆེན་ཞིག་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་རྒྱུ་དང་དཔལ་འབྱོར་འཁོར་རྒྱུག་རྒྱུག་པོ་བཟོ་རྒྱུ་དེ་རེད། གྲངས་ཀའི་ལག་རྩལ་དང་གྲངས་ཀའི་དཔལ་འབྱོར་གྱིས་ཐོན་ཁུངས་བདག་རྐྱེན་སྣ་ཚོགས་མགྱོགས་མྱུར་ངང་འཁོར་རྒྱུག་དང་ཚོང་རའི་བྱེད་པོ་སྣ་ཚོགས་མགྱོགས་མྱུར་ངང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་ཐུབ་ཅིང་། ཚོང་རའི་བྱེད་པོར་སྒྲིག་འཛུགས་བྱེད་སྟངས་བསྐྱར་སྒྲིག་བྱེད་རོགས་བྱས་ནས་ལས་རིགས་ལས་བརྒལ་བའི་འཕེལ་རྒྱས་མངོན་འགྱུར་དང་། ཡུལ་དུས་ཀྱི་ཚོད་འཛིན་མེད་པར་བཟོ་བ། ཐོན་ལས་མུ་ཕྲེང་རིང་དུ་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་འཁོར་རྒྱུག་རྒྱུག་པོ་བཟོ་བ་བཅས་བྱེད་ཐུབ། གཉིས་ནི་གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ན་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། གཞི་གྲངས་ནི་ཐོན་སྐྱེད་བདག་རྐྱེན་གསར་པ་ཞིག་ཡིན་པའི་ཆ་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་བསྒྱུར་བཅོས་བྱེད་པར་ཤུགས་རྐྱེན་གལ་ཆེན་ལྡན། གྲངས་ཀའི་དཔལ་འབྱོར་ལ་གསར་གཏོད་རང་བཞིན་ཆེ་བ་དང་། སིམ་འཛུལ་རང་བཞིན་ཆེ་བ། ཁྱབ་རྒྱའི་རང་བཞིན་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། དཔལ་འབྱོར་འཕར་གཞི་གསར་པ་ཡིན་པར་མ་ཟད། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་དང་རིམ་སྤར་བྱེད་པའི་རྟེན་སའང་ཡིན་ཕྱིར། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་གལ་ཆེན་དུ་འགྱུར་ཐུབ། གསུམ་ནི་གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ན་རྒྱལ་ཁབ་ཀྱི་འགྲན་རྩོད་བཟང་ཆ་གསར་པ་སྐྲུན་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། དེང་གི་དུས་རབས་སུ། གྲངས་ཀའི་ལག་རྩལ་དང་གྲངས་ཀའི་དཔལ་འབྱོར་ནི་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ཐོག་མ་ཡིན་ལ། རེབ་གསར་པའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་གོ་སྐབས་ཐོག་མ་འདི་ཟིན་ཐུབ་པ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་བཙན་ས་འཛིན་དགོས། 

མ་འོངས་པར་ཁ་ཕྱོགས་ཚེ། ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་མཐོ་ཚད་དུ་ལངས་ཤིང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་དང་། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། གཞི་གྲངས་འབོར་ཆེན་དང་ཕུན་སུམ་ཚོགས་པའི་བཀོལ་སྤྱོད་བྱ་ཡུལ་གྱི་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། གྲངས་ཀའི་ལག་རྩལ་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྲོལ་སྒྱུར་རིམ་སྤར་ལ་ནུས་པ་སྩོལ་བ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་སྐྱེད་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་རྒྱུན་ཆད་མེད་པར་དྲག་བཟང་ཆེ་གསུམ་དུ་གཏོང་དགོས། 

དང་པོ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲངས་ཀའི་འགག་རྩའི་ལྟེ་བའི་ལག་རྩལ་རང་བརྟེན་གསར་གཏོད་བྱེད་པའི་“སྣ་ཐག་”འདི་དམ་པོར་བཟུང་ནས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་དང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཅན་གྱི་བཟང་ཆ། གཞི་ཁྱོན་ཆེས་ཆེ་བའི་ཚོང་རའི་བཟང་ཆ་བཅས་འདོན་སྤེལ་བྱས་ཏེ། གྲངས་ཀའི་ལག་རྩལ་གྱི་རྨང་གཞིའི་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོར་རྒྱག་པ། ཆུ་ཚད་མཐོ་བའི་རང་ཚུགས་རང་དར་གང་མགྱོགས་ཀྱིས་མངོན་འགྱུར་བྱེད་པ་བཅས་ཀྱི་ཐོག་ནས་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་དབང་ཉིད་རང་ལག་ཏུ་དམ་པོར་འཛིན་དགོས། 

གཉིས་པ། རྨང་གཞིའི་སྒྲིག་བཀོད་གསར་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། འཐབ་ཇུས་ཀྱི་བཀོད་པར་ཤུགས་བརྒྱབ་ནས་5Gདྲ་རྒྱ་དང་། རྒྱལ་ཡོངས་གཞི་གཅིག་ཅན་གྱི་གཞི་གྲངས་ལྟེ་གནས་མ་ལག །རྒྱལ་ཁབ་ཀྱི་ཐོན་ལས་དྲ་སྦྲེལ་སོགས་འཛིན་བྱེད་དུ་གྱུར་པའི་མྱུར་ཞིང་ཀུན་ལ་ཁྱབ་པ་དང་། གནམ་ས་གཞི་གཅིག་ཏུ་གྱུར་པ། སྤྲིན་དྲ་མཉམ་དུ་འདྲེས་པ། རིག་ནུས་ལྡན་ལ་ཚོར་བ་སྐྱེན་པ། ལྗང་མདོག་ཡིན་ལ་ཐཱན་ཉུང་བ། བདེ་འཇགས་ཡིན་ལ་ཚོད་འཛིན་ཐུབ་པ་བཅས་ཀྱི་རིག་ནུས་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་གྲངས་ཀའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཆ་འཕྲིན་གྱི་“འཕར་རྩ་ཆེན་མོ་”ཤར་རྒྱུག་ཡོང་བར་བྱེད་དགོས། ཕྱོགས་ཡོངས་ནས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་གཏོང་ཐུབ་པའི་མཉེན་ཆས་ཁེ་ལས་ཆེ་གྲས་གསོ་སྐྱོང་དང་། འགག་རྩའི་མཉེན་ཆས་གཙོ་གནད་དུ་བཟུང་ནས་འགག་སྒྲོལ་བྱེད་པ། མཉེན་ཆས་ཐོན་ལས་རྒྱ་གང་ཆེ་དང་སྟོབས་གང་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགག་རྩའི་མཉེན་ཆས་ཀྱི་ལག་རྩལ་གསར་གཏོད་དང་འདོན་སྤྲོད་བྱེད་ནུས་ཆེ་རུ་གཏོང་དགོས། 

གསུམ་པ། གྲངས་ཀའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གྲངས་ཀ་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་ཁ་ཕྱོགས་ལ་གདེང་ཚོད་བླངས་ཏེ། བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཞིང་ལས་སོགས་ཀྱི་ཐོན་ལས་གྲངས་ཀ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། མཉམ་སྦྲེལ་དྲ་རྒྱའི་ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་ལས་ལ་ཕྱོགས་མཐའ་ཀུན་དང་མུ་ཕྲེང་ཡོངས་ནས་སྒྱུར་བཀོད་བྱེད་པ། བདག་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གྲངས་ཀའི་ལག་རྩལ་གྱིས་ཐོན་པའི་རྒྱ་སྐྱེད་དང་། རྩེག་སྣོན། ལྡབ་འཕར་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མཉམ་སྦྲེལ་དྲ་རྒྱ་དང་། གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས་གསུམ་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། “ཆེད་ཞིབ་ཁྱད་གསར་”གྱི་ཁེ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཟིན་པའི་ཁེ་ལས་སྐོར་ཁག་ཅིག་སྐྱེད་སྲིང་གང་མགྱོགས་བྱེད་དགོས། དེ་ཡང་ནན་ནན་བཅགས་བཅགས་དང་ཁེ་ལས་ཀྱི་བབ་དང་བསྟུན་དགོས་པ་ལས་གྲངས་ཀ་ཅན་རང་གི་ཆེད་དུ་གྲངས་ཀ་ཅན་སྒྲུབ་མི་རུང་། 

བཞི་པ། གཙོ་གནད་ཁྱབ་ཁོངས་ཀྱི་གྲངས་ཀའི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། འཐབ་ཇུས་ཀྱི་མདུན་གྲལ་དང་བཙན་སའི་ཁྱབ་ཁོངས་ལ་དམིགས་གཏོད་པ་དང་། ལག་རྩལ་གལ་ཆེན་འགག་སྒྲོལ་དང་འཕེལ་རྒྱས་ཀྱི་དགོས་མཁོ་གལ་ཆེན་ལ་གཞི་བཙུགས་ཏེ། ཐོན་ལས་མུ་ཕྲེང་གི་འགག་རྩའི་ལྷུ་ཚིགས་ཀྱི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བ་དང་། གཙོ་གནད་ཐོན་ལས་ཀྱི་མཁོ་སྤྲོད་མུ་ཕྲེང་གི་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་རྫས་དང་ཞབས་ཞུ་རབས་བརྗེ་མགྱོགས་སུ་གཏོང་དགོས། འདུས་གྲུབ་གློག་ལམ་དང་། འཆར་ཆས་དཔེ་གསར། འཕྲིན་གཏོང་སྒྲིག་ཆས། རིག་ནུས་མཁྲེགས་ཆས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་བཟང་ཆ་སྐྲུན་བཟོ་དང་ཞན་ཆ་ཁ་གསབ་མགྱོགས་སུ་བཏང་སྟེ། རྒྱལ་སྤྱིའི་ཐོག་འགྲན་རྩོད་བྱེད་ནུས་ལྡན་པའི་ཁེ་ལས་ཆེ་གྲས་དང་ཐོན་ལས་མུ་ཕྲེང་ཚོད་འཛིན་བྱེད་ཐུབ་པའི་སྐྱེ་ཁམས་གཙོ་ཁྲིད་ཅན་གྱི་ཁེ་ལས་སྐོར་ཁག་ཅིག་སྐྱེད་སྲིང་དང་། རང་བརྟེན་དང་ཚོད་འཛིན་ཐུབ་པའི་ཐོན་ལས་ཀྱི་སྐྱེ་ཁམས་སྐྲུན་དགོས། ཁྱུ་ཚོགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་རིམ་པའི་གྲངས་ཀའི་ཐོན་ལས་ཁྱུ་ཚོགས་སྐྲུན་དགོས། 

ལྔ་པ། གྲངས་ཀའི་དཔལ་འབྱོར་གྱི་འཕེལ་རྒྱས་ཚད་ལྡན་དུ་གཏོང་དགོས། གྲངས་ཀའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར། འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་དང་ལྟ་སྐུལ་དོ་དམ་ཚད་ལྡན་བཟོ་བའི་ཕྱོགས་གཉིས་ཀ་འཛིན་པ་དང་ཕྱོགས་གཉིས་ཀ་དམ་པོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ལས་ཚད་ལྡན་དུ་གཏོང་བ་དང་ཚད་ལྡན་ལས་འཕེལ་རྒྱས་སུ་གཏོང་དགོས། ཚོང་རར་ཞུགས་འཐུས་ལམ་ལུགས་དང་། དྲང་སྙོམས་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས། དྲང་སྙོམས་འགྲན་རྩོད་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་དགོས་ཤིང་། ཕྱོགས་མཐའ་ཀུན་དང་། རིམ་པ་མང་བ། ལངས་གཟུགས་ཅན་བཅས་ཀྱི་ལྟ་སྐུལ་དོ་དམ་མ་ལག་བཙུགས་ནས་ལས་དོན་གྱི་སྦྱོར་དངོས་རྗེས་གསུམ་གྱི་མུ་ཕྲེང་ཧྲིལ་པོ་དང་ཁྱབ་ཁོངས་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱས་ཏེ། ལྟ་སྐུལ་དོ་དམ་གྱི་ཆད་སྐྱོན་སེལ་ནས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་དགོས། འཕེལ་རྒྱས་གཏོང་རིམ་ནང་གི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་དྲང་སྙོམས་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་བྱ་སྤྱོད་དང་བྱེད་སྟངས་ཡོ་བསྲང་བྱེད་པ་དང་ཚད་ལྡན་དུ་གཏོང་དགོས་པ་དང་། ལས་སྟེགས་སྒེར་སྡེམ་དང་མ་རྩ་སྒྲིག་མེད་ངང་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱེད་དགོས་ཤིང་། སྒེར་སྡེམ་དང་ཚུལ་མིན་གྱི་འགྲན་རྩོད་བྱ་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། ལས་སྟེགས་ཀྱི་ལས་སྒྲུབ་མི་སྣ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ་དང་། ཁྲལ་བསྡུའི་ལྟ་སྐུལ་དོ་དམ་དང་ཁྲལ་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

དྲུག་པ། གྲངས་ཀའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གཉེར་སྡེ་ཁག་དང་ལྟ་སྐུལ་དོ་དམ་སྒྲིག་གཞིའི་འགན་འཁྲི་འཐུས་ཚང་དུ་བཏང་ནས་ལས་བགོས་མཉམ་ལས་དང་ཕན་ཚུན་གཞོགས་འདེགས་བྱེད་དགོས། ལྟ་སྐུལ་དོ་དམ་གྱི་ལག་རྩལ་དང་བྱེད་ཐབས་ལེགས་སྒྱུར་དང་མཐོར་འདེགས་བཏང་ནས་ལྟ་སྐུལ་དང་བཅོས་སྐྱོང་གཉིས་གསར་གཏོད་དང་། ཐོན་སྐྱེད། གཉེར་སྐྱོང་། དངུལ་འཇོག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་དགོས། ལས་སྟེགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས་ལས་རིགས་ཀྱི་རང་གཅུན་ལམ་སྲོལ་འཛུགས་དགོས། སྤྱི་ཚོགས་ཀྱི་ལྟ་སྐུལ་དང་། སྨྱན་སྦྱོར་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་བཅས་པའི་ལྟ་སྐུལ་གྱི་བསྒྲིལ་ཤུགས་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་གྱི་བདེ་འཇགས་ཉེན་ཟོན་སྔོན་བརྡ་དང་། འགོག་འཛིན་གྱི་ལམ་སྲོལ་དང་ནུས་པའི་འཛུགས་སྐྲུན་ལ་གཙོ་གནད་དུ་ཤུགས་བརྒྱབ་ནས་ལྟེ་བའི་ལག་རྩལ་དང་། གལ་ཆེའི་ཐོན་ལས། འགག་རྩའི་སྒྲིག་བཀོད། འཐབ་ཇུས་ཐོན་ཁུངས། གལ་ཆེའི་ཚན་རྩལ། སྣེ་འདྲེན་ཁེ་ལས་སོགས་ཀྱི་བདེ་འཇགས་ཚོད་འཛིན་ཐུབ་པར་བྱེད་དགོས། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། 

བདུན་པ། གྲངས་ཀའི་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་ཐག་གིས་ཞུགས་དགོས། ལྟ་ཞིབ་ནན་པོ་དང་རང་འགུལ་ངང་ལྷུར་ལེན་བྱེད་པའི་སྒོ་ནས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་གྲངས་ཀའི་དཔལ་འབྱོར་སྐོར་གྱི་གྲོས་གཞིའི་གྲོས་མོལ་ལ་རང་འགུལ་གྱིས་ཞུགས་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་གྲངས་ཀའི་བཅོས་སྐྱོང་མཉམ་ལས་སྤེལ་བ། ཕྱོགས་མང་གི་གྲངས་ཀའི་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་སྲུང་སྐྱོང་དང་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཇུས་གཞི་དུས་ཐོག་ཏུ་འདོན་པ་དང་། ཀྲུང་གོའི་སྐད་སྒྲ་དུས་ཐོག་ཏུ་སྒྲོག་པ་བཅས་བྱེད་དགོས། 

གྲངས་ཀའི་དཔལ་འབྱོར་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྱུང་སྲིད་པའི་ཆར་འབྲེལ་ནས་རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་འཛུགས་སྐྲུན་ཡག་པོ་བྱེད་དགོས། དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པར་ཤུགས་རྒྱག་དགོས་ཤིང་། གོ་སྐབས་མི་ཤོར་བ་དང་རང་དབང་ཟིན་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་གིས་གྲངས་ཀའི་དཔལ་འབྱོར་གྱི་བསམ་གཞིགས་བྱེད་ནུས་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་པ། གྲངས་ཀའི་དཔལ་འབྱོར་གྱིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དམངས་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་གྲངས་ཀའི་བྱང་ཚད་དང་ནུས་རྩལ་ཆེ་རུ་བཏང་ནས་རང་རྒྱལ་གྱི་གྲངས་ཀའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་བཟོ་དགོས། 

 

༄༅། །རང་རྒྱལ་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས།

(2021ལོའི་ཟླ་12ཚེས་8ཉིན།) 

འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་རྗེས། རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཞིང་། གནད་ཆེའི་གནད་དོན་གསར་པ་མང་པོ་མདུན་དུ་ལྷགས་ཡོད་པ་དེ་དག་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། འདིར་ངས་གནད་དོན་འགའ་གཙོ་གནད་དུ་བཟུང་ནས་བཤད་རྒྱུ་ཡིན། 

གནད་དོན་དང་པོ། མཉམ་དུ་ཕྱུག་འགྱུར་ཡོང་བའི་འཐབ་ཇུས་དམིགས་འབེན་དང་ལག་ལེན་ཐབས་ལམ་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། “རྒྱལ་ཁབ་དོན་དམ་སྟོབས་འབྱོར་ལྡན་དགོས་ན། །མི་སེར་ཕྱུག་པོར་འགྱུར་བའི་ཐབས་ལ་བརྩོན། །”[1]རྒྱུ་ནོར་གསར་སྐྲུན་བྱེད་པ་དང་བགོ་བཤའ་རྒྱག་པ་ནི་རྒྱལ་ཁབ་ཁག་གི་མདུན་དུ་ལྷགས་པའི་གནད་ཆེའི་གནད་དོན་ཞིག་རེད། ནུབ་ཕྱོགས་རྒྱལ་ཁབ་ལ་ལར་སྤྱི་ཚོགས་ཀྱི་རྒྱུ་ནོར་རྒྱུན་ཆད་མེད་པར་འཕར་སྣོན་བྱུང་བ་དང་ལྷན་དུ་དུས་ཡུན་རིང་པོར་དབུལ་ཕྱུག་གི་ཧེ་བག་ཆེ་བ་དང་མཐའ་གཉིས་སུ་གྱེས་པའི་གནད་དོན་གནས་ཡོད། ལ་ཏིང་མེ་གླིང་གི་རྒྱལ་ཁབ་ལ་ལར་ཡོང་འབབ་ཆེན་པོ་རང་མེད་ཀྱང་བགོ་བཤའི་ཧེ་བག་ཧ་ཅང་ཆེན་པོ་ཡོད། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག །སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་དང་། རྒྱུན་ཆད་མེད་པར་སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་དང་གསོག་འཇོག་བྱེད་དགོས་ལ། མཐའ་གཉིས་སུ་གྱེས་པ་སྔོན་འགོག་བྱས་ཏེ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་དང་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་བར་སྐུལ་འདེད་ཏན་ཏིག་གཏོང་ཡང་གཏོང་དགོས་པ་རེད། སྔོན་ཆད་ང་ཚོ་ཡོང་འབབ་དམའ་བའི་ཆུ་ཚད་འོག་གི་ཆ་སྙོམས་རིང་ལུགས་ཡིན་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ས་ཁུལ་ཁག་ཅིག་དང་མི་ཁག་ཅིག་སྔོན་ལ་ཕྱུག་འགྱུར་བྱུང་བ་དང་སྦྲགས་ཡོང་འབབ་ཀྱི་ཧེ་བག་ཀྱང་རིམ་བཞིན་ཇེ་ཆེར་སོང་ཡོད་པ་དང་། རྒྱུ་ནོར་ཚུལ་མིན་དུ་འདུས་གསོག་བྱུང་བ་ཁག་ཅིག་གིས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པར་ཉེན་ཁ་དང་འགྲན་སློང་བཟོས་ཡོད། 

མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན། མཉམ་དུ་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་དུ་ཇི་ལྟར་སྐྱོད་དགོས་པ་ང་ཚོས་འཚོལ་ཞིབ་བྱེད་བཞིན་ཡོད། མཉམ་དུ་ཕྱུག་འགྱུར་ཡོང་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱེད་པ་བརྒྱུད་ནས་“བག་ལེབ་”ཇེ་ཆེ་ཇེ་ལེགས་སུ་བཟོ་དགོས་པ་དང་། དེ་ནས་ལུགས་དང་མཐུན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ལ་བརྟེན་ནས་འཕར་སྣོན་དང་བགོ་བཤའི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་“བག་ལེབ་”བགོ་བཤའ་ཡག་པོ་རྒྱག་དགོས་པ་རེད། དེ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་ང་ཚོས་ཆ་རྐྱེན་བསྐྲུན་པ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གོམ་སྟབས་བརྟན་པོའི་ངང་དམིགས་འབེན་དེའི་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། 

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དུ་ལས་ཞུགས་འགོ་མ་བྱེད་པའི་ཁྲིད་ཕྱོགས་ཤུགས་ཆེ་རུ་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན། དཔལ་འབྱོར་འཕར་སྣོན་འབྱུང་བའི་ལས་ཞུགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ལས་ཞུགས་བྱེད་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ནས་དེའི་ལས་ཞུགས་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས། ནུབ་ཕྱོགས་རྒྱལ་ཁབ་ལ་ལའི་དཔལ་འབྱོར་“དངོས་གཞི་ནས་རྟོག་བཏགས་སུ་ཕྱོགས་པ་”ཡི་བསླབ་བྱ་བསྡུ་ལེན་བྱས་ཏེ་དངོས་གཞིའི་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་དགོས། མི་ཤུགས་མ་རྩ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་རྒྱག་པ། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ་དང་གཞི་ཁྱོན་རང་བཞིན་གྱི་ལས་ཤོར་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་དགོས། 

བགོ་བཤའི་བྱེད་ལས་དང་ནུས་པ་འདོན་སྤེལ་བྱེད་དགོས། ལས་ཆོད་དང་དྲང་སྙོམས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོག་མའི་བགོ་བཤའ་དང་། བགོ་བཤའ་བསྐྱར་མ། བགོ་བཤའ་ཐེངས་གསུམ་པ་བཅས་མཐུན་སྦྱོར་ཆ་འགྲིག་ཡིན་པའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཛུགས་དགོས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་གྱི་ཐོབ་ཆས་ཐོག་མའི་བགོ་བཤའི་ནང་དུ་ཟིན་པའི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་། བདག་རྐྱེན་ལ་བརྟེན་ནས་བགོ་བཤའ་རྒྱག་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། བགོ་བཤའ་བསྐྱར་མའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱས་ཏེ། ཁྲལ་འབབ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གནད་འཕིགས་རང་བཞིན་མཐོ་རུ་གཏོང་དགོས། བགོ་བཤའ་ཐེངས་གསུམ་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། འདོད་མོས་ཡོད་པ་དང་ནུས་པ་ལྡན་པའི་ཁེ་ལས་དང་སྤྱི་ཚོགས་ཚོགས་པ་སྤྱི་ཕན་དགེ་ལས་བྱ་གཞག་ཏུ་ཧུར་བརྩོན་གྱིས་ཞུགས་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། རེད་དེ་ཀུན་སྤྱོད་ཀྱི་ཁག་འཁུར་བཙན་འགེལ་ཚུལ་གྱི་“ཞལ་འདེབས་བཙན་སྐུལ་”བྱེད་མི་རུང་། 

སྤྱི་པའི་ཞབས་ཞུའི་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས། མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས་ན་“ཕན་བདེའི་རིང་ལུགས་”དེ་གྲས་སྤེལ་མི་རུང་། དེ་སྔ་རྒྱལ་ཁབ་ཁ་ཤས་ཀྱིས་དམངས་འདོད་རིང་ལུགས་སྤེལ་བ་དང་། ཕན་བདེ་ཆེན་པོས་“སྒྱིད་ལུག་ཅན་”དང་འཚོ་རྟེན་རང་འགྲུབ་ཟ་མཁན་སྐོར་ཚོ་ཞིག་གསོས་ནས་མཇུག་མཐར་རྒྱལ་ཁབ་ཀྱི་ནོར་སྲིད་ཁུར་པོ་ལྕི་རུ་ཕྱིན་ནས་“ཡོང་འབབ་འབྲིང་རིམ་གྱི་རྒྱ་རྙིའི་”ནང་དུ་ཚུད་ནས་རང་ཉིད་དུས་ཡུན་རིང་པོར་ཐར་མ་ཐུབ་པ་རེད། ཕན་བདེའི་ཐོབ་ཐང་མཐོ་རུ་བཏང་ཕྱིན་ཆད་དམའ་རུ་གཏོང་ཁག་པོ་ཡིན་པ་དང་། ནུས་ཚོད་ལས་བརྒལ་བའི་“ཕན་བདེའི་རིང་ལུགས་”རྒྱུན་མཐུད་བྱེད་མི་ཐུབ་པས། དཔལ་འབྱོར་དང་ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་འབྱུང་ངེས་རེད། ང་ཚོས་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་གསོ་དང་། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་ཁྱབ་ཁོངས་སུ་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་གནད་འཕིགས་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་སྲུང་དགོས་པ་ལས་རེ་འདོད་ཆེན་པོ་སྐྱེ་རུ་འཇུག་མི་རུང་ལ་དོན་མེད་ཁས་ལེན་བྱེད་མི་རུང་། 

གནད་དོན་གཉིས་པ། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཆ་རྐྱེན་འོག་ཚོང་རའི་དཔལ་འབྱོར་སྤེལ་ཆོག་པའི་བསམ་ཚོད་གནང་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་མ་རྩར་ལྟ་སྟངས་ཇི་ལྟར་འཛིན་དགོས་མིན་སྔོན་དཔག་བྱེད་ཐབས་བྲལ་བ་ཡང་སྨོས་ཅི་དགོས། ལེ་ཉིན་དང་སི་ཏ་ལིན་རྣམ་གཉིས་ཀྱིས་སུའུ་ལེན་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་འགོ་ཁྲིད་གནང་ཡོད་མོད། འོན་ཀྱང་སྐབས་དེར་སུའུ་ལེན་གྱིས་ལག་བསྟར་བྱས་པ་ནི་ཚད་མཐོའི་གཅིག་བསྡུས་ཀྱི་འཆར་གཞིའི་དཔལ་འབྱོར་གྱི་སྒྲིག་སྲོལ་ཡིན་པས། གཞི་རྩའི་ཐོག་གཞི་ཁྱོན་ཆེན་པོའི་མ་རྩའི་གནད་དོན་དང་འཕྲད་མེད། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྤེལ་བ་ནི་ང་ཚོའི་ཏང་གི་གསར་གཏོད་རླབས་པོ་ཆེ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ཡིན་ཙ་ན། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་འབྱུང་ངེས་རེད། མ་རྩའི་རིང་ལུགས་སྤྱི་ཚོགས་ཀྱི་མ་རྩ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཀྱི་མ་རྩ་གཉིས་ལ་མི་འདྲ་ས་མང་པོ་ཡོད་པ་སྨོས་མེད་ཡིན་མོད། འོན་ཀྱང་མ་རྩ་ཡོད་ཚད་ཀྱིས་ཁེ་སྤོགས་སྙེག་གི་རེད། “གནམ་འོག་མང་ཚོགས་འདུ་བྱེད་རྒྱུ་ནོར་ཡིན། གནམ་འོག་རྒྱུ་ནོར་སྐྱོང་བྱེད་ཁྲིམས་ལུགས་ཡིན།”[2] ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཇི་ལྟར་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས་པ་དང་ཆབས་ཅིག་མ་རྩའི་ཞབས་འདྲེན་གྱི་ནུས་པ་ཚོད་འཛིན་ནུས་ལྡན་བྱེད་དགོས། ཉེ་བའི་ལོ་ཤས་རིང་ལ། ངོས་འཛིན་གྱིས་མ་འདང་བ་དང་ལྟ་སྡོམ་སྟོང་པར་ལུས་པའི་རྐྱེན་གྱིས་རང་རྒྱལ་གྱི་ཁྱབ་ཁོངས་ལ་ལར་མ་རྩ་སྒྲིག་མེད་དུ་རྒྱ་སྐྱེད་པ་དང་། རང་སྣང་གང་ཤར་གྱིས་ཁ་ལོ་བསྒྱུར་ནས་ཁེ་བཟང་ཆེན་པོ་ཟ་གི་ཡོད། དེ་ལས་མ་རྩའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་དང་སྐྱོན་གཡོལ་ཡོན་གཉེར་བྱས་ཏེ། “མ་རྩའི་ཆུ་སྲིན་”ལ་རང་སྣང་གང་དྲན་བྱེད་དུ་མི་འཇུག་པར་མ་ཟད། ཐོན་སྐྱེད་བདག་རྐྱེན་ཡིན་པའི་མ་རྩའི་བྱེད་ནུས་འདོན་སྤེལ་ཡང་བྱེད་དགོས། དེ་ནི་གཡོལ་ཐབས་མེད་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནད་ཆེའི་གནད་དོན་ཞིག་རེད། 

ལས་དོན་དངོས་ཀྱི་ནང་དུ་གཤམ་གསལ་གྱི་དོན་འགའ་ཡག་པོར་འཛིན་དགོས། མ་རྩར་“འགྲིམ་འགྲུལ་གློག་བརྡ་”བཟོ་དགོས། “འགྲིམ་འགྲུལ་གློག་བརྡ་”ནི་རྒྱ་ལམ་དུ་སྐྱོད་པའི་འགྲིམ་འགྲུལ་ཡོ་ཆས་ཡོད་ཚད་ལ་སྤྱད་འཐུས་ཤིང་། མ་རྩ་ལའང་དེ་དང་ཆ་འདྲ་བ་ཡིན་ལ། མ་རྩ་རིགས་མི་འདྲ་བ་ཚང་མ་གང་འདོད་ལྟར་རྒྱུག་ཏུ་འཇུག་མི་རུང་། མ་རྩ་ཁ་ཤས་རྒྱ་ཡན་ངང་འཕེལ་བ་བཀག་འགོག་བྱེད་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་། ཁེ་བཟང་ཆེ་ཐལ་བར་ངོ་རྒོལ། རིན་གོང་ཆེ་ཐལ་བར་ངོ་རྒོལ། བསམ་ངན་འུད་སྒྲོག་ལ་ངོ་རྒོལ། ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བཅས་བྱེད་དགོས། ཁྲིམས་ལྟར་མ་རྩར་ལྟ་སྡོམ་གནད་སྨིན་བྱེད་པར་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ནི་ཁྲིམས་སྐྱོང་དཔལ་འབྱོར་ཡིན་པས། མ་རྩའི་བྱེད་སྒོ་ཁྲིམས་ལྟར་སྤེལ་དགོས། མ་རྩ་སྒྲིག་མེད་ཀྱིས་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱེད་པ་ནི་མ་རྩ་མི་དགོས་ཟེར་བ་མ་ཡིན་པར་མ་རྩ་སྒྲིག་ལམ་ལྡན་པའི་ངང་འཕེལ་རྒྱས་གཏོང་དགོས་པ་དེ་ཡིན། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་མི་ཚང་བའི་གྲས་འཐུས་ཚང་དུ་གཏོང་རྒྱུ་དམ་འཛིན་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོད་རིགས་ལ་ཁྲིམས་བསྟར་གྱི་ལྟ་སྡོམ་ནན་པོ་བྱེད་དགོས། མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་སྤེལ་གཏོང་དགོས། 

གནད་དོན་གསུམ་པ། དམའ་རིམ་ཐོན་རྫས་ཀྱི་འདོན་སྤྲོད་འགན་སྲུང་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། ང་ཚོ་ལྟ་བུའི་རྒྱལ་ཁབ་ཆེན་པོ་ཞིག་ལ་མཚོན་ན། དམའ་རིམ་ཐོན་རྫས་ཀྱི་འདོན་སྤྲོད་འགན་སྲུང་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་ཞིག་ཡིན། ངེས་པར་དུ་འཐབ་ཇུས་ཇུས་འགོད་ལ་ཤུགས་བརྒྱབ་སྟེ་སྔ་ཙམ་ནས་ལེགས་སྒྲིག་བྱས་ཏེ་འདོན་སྤྲོད་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། 

གྲོན་ཆུང་འགོ་མ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། “ལེན་པར་ཚོད་ཡོད་སྤྱོད་པར་ཚོད་ཡོད་ལོངས་སྤྱོད་འཕེལ། །ལེན་པར་ཚོད་མེད་སྤྱོད་པར་ཚོད་མེད་ལོངས་སྤྱོད་རྒུད། །”[3]ཕྱོགས་ཡོངས་ནས་གྲོན་ཆུང་གི་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱབ་ཁོངས་ཁག་གི་གྲོན་ཆུང་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ཁྱབ་ཁོངས་སུ་ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་། ལེགས་བསྡུས་ཞིབ་གཉེར། རེས་འཁོར་བེད་སྤྱོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྩིས་གཞི་རེའི་ཐོན་རྫས་ཀྱི་ནུས་ཁུངས་ཟད་གྲོན་ཆུང་དུ་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ། གཏོང་འཇོག་དང་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཛད་སྤྱོད་ཁྱབ་ཁོངས་སུ་དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་ཤུགས་ཆེ་རུ་གཏོང་བ་དང་། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། རྒྱས་སྤྲོས་ཆུད་ཟོས་དང་འཛད་སྤྱོད་ཐལ་དྲགས་པར་ངོ་རྒོལ། “སྡེར་གཙང་”སོགས་འབྲུ་རིགས་གྲོན་ཆུང་གི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་ལས་ཁུངས་དང་། ལྗང་མདོག་ཁྱིམ་ཚང་། ལྗང་མདོག་སྡེ་ཁུལ། ལྗང་མདོག་ཕྱིར་སྐྱོད་སོགས་གཏོད་པའི་བྱ་སྤྱོད་རྒྱ་ཆེར་སྤེལ་དགོས། 

རྒྱལ་ནང་གི་ཐོན་ཁུངས་ཐོན་སྐྱེད་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། རྩད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རེབ་གསར་པའི་གཏེར་འཚོལ་འགག་སྒྲོལ་གྱི་འཐབ་ཇུས་བྱ་སྤྱོད་ལག་བསྟར་བྱས་ནས་རྒྱ་མཚོའི་ཐོན་ཁུངས་དང་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ཁུངས་དང་ཐོན་ཁུངས་གལ་ཆེན་རྒྱལ་ནང་དུ་ཐོན་སྐྱེད་བྱས་ནས་རང་ཁ་རང་གསོ་བྱེད་པའི་འཐབ་ཇུས་མ་མཐའ་གཏན་འཁེལ་བྱེད་དགོས་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་འདེགས་སྐྱོར་དང་ཞབས་སྐྱོར་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། སྣུམ་རླངས་སོགས་ཐོན་ཁུངས་སྔོག་འདོན་བྱེད་པའི་སྔོན་ཐོན་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དངོས་ཟོག་གྲབས་གསོག་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་འགག་རྩའི་དུས་སུ་མ་མཐའ་འགན་ལེན་བྱེད་པའི་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱེད་དགོས། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་དུ་སྒྱུར་རྒྱུ་ཁྱབ་གདལ་གཏོང་བ་དང་། རྒྱལ་ནང་གི་སྲ་གཟུགས་བེད་མེད་དངོས་རྫས་བེད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་ནས་བེད་མེད་དངོས་རྫས་རེས་འཁོར་བེད་སྤྱོད་ཀྱི་མ་ལག་གང་མགྱོགས་འཛུགས་དགོས། 

ཕྱི་རྒྱལ་གྱི་ཐོན་ཁུངས་འགན་སྲུང་བྱེད་ནུས་ལེགས་བཅོས་བྱེད་དགོས། གཉིས་ཕན་མཉམ་རྒྱལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་ར་གཉིས་དང་ཐོན་ཁུངས་རིགས་གཉིས་པོ་སྒོ་ཀུན་ནས་བེད་སྤྱོད་བྱེད་པ་དང་། ཕྱི་ཕྱོགས་སུ་མ་དངུལ་འཇོག་པའི་ཉེན་ཁ་འགོག་ཟོན་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་འབྲེལ་ཡོད་རྒྱལ་ཁབ་དང་ནུས་ཁུངས་དང་ཐོན་ཁུངས་མཉམ་ལས་བྱེད་པར་ཤུགས་རྒྱག་དགོས་པ་དང་། ཕྱི་རྒྱལ་གྱི་ཐོན་ཁུངས་སྤུས་ལེགས་ཀྱི་ཁེ་དབང་ཆེ་རུ་གཏོང་དགོས། 

འདིར་ངས་ཞིང་ལས་ཐོན་རྫས་ཀྱི་འདོན་སྤྲོད་བདེ་འཇགས་ཀྱི་གནད་དོན་དམིགས་སུ་བཀར་ནས་ནན་བཤད་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱི་མངའ་ཁོངས་བརྟག་དཔྱད་བྱས་འབྲས་གསར་ཤོས་ལ་བལྟས་ན། རྨོ་ཞིང་གི་རྒྱ་ཁྱོན་ད་དུང་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ས་གནས་ཁ་ཤས་ཀྱི་གཞི་རྩའི་རྨོ་ཞིང་ལ་འབྲུ་རིགས་མི་འདེབས་པར་འབྲས་ཤིང་འཛུགས་པ་དང་། ཡང་ན་ཟུར་སྣོན་རིན་ཐང་མཐོ་བའི་ལོ་ཏོག་གཞན་དག་འདེབས་ཀྱི་ཡོད་པ་རེད། ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་དང་། ང་ཚོའི་ལྟོ་ཕོར་ནང་དུ་གཙོ་བོ་ཀྲུང་གོའི་བཟའ་འབྲུ་ལྡུག་དགོས་ཞེས་ངས་ཡང་ཡང་བཤད་མྱོང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་འབུར་ཐོན་གྱི་གནས་སུ་བཞག་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སོན་ལས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། འབྲུ་འདེབས་ཞིང་པའི་ལུགས་མཐུན་གྱི་ཡོང་འབབ་འགན་སྲུང་བྱེད་པ། བཟའ་འབྲུ་བལྟོས་མེད་བདེ་འཇགས་དང་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་འགན་ལེན་ཏན་ཏིག་བྱེད་པ། སྣུམ་རྒྱུ་དང་སྲན་མའི་ཐོན་ནུས་དང་རང་མཁོ་རང་སྤྲོད་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། 

གནད་དོན་བཞི་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་བྱ་རྒྱུ་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་། རང་རྒྱལ་གྱིས་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་། རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། ཏོག་གསར་གློ་ཚད་རིམས་ནད་སོགས་ཉམས་སད་ཆེན་པོར་ཁ་གཏད་ནུས་ལྡན་བཅགས་ཡོད། ད་ལྟ། རང་རྒྱལ་གྱི་དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་སུ་ཉེན་ཁ་དང་འགལ་རྐྱེན་མང་པོ་གནས་ཡོད་མོད། འོན་ཀྱང་སྤྱིའི་ཆ་ནས་ཚོད་འཛིན་བྱེད་ཐུབ་པ་ཡིན། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་དགོས། གནའ་མིའི་གཏམ་ལ། “གནོད་འཚེ་འབྱུང་བའི་རྒྱུ། །ཆུང་ངུའི་དུས་སུ་འཇོམས། །ནད་རྟགས་བྱུང་མ་ཐག །དེ་ཡི་རྩ་བ་འཇོམས། །”[4]ཞེས་ཟེར་སྲོལ་ཡོད། ང་ཚོས་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་ཡག་པོ་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་། སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱས་ནས་ཉེན་ཁ་དང་ཉམས་ཉེན་ཚབས་ཆེན་ཟློག་དགོས། 

ཉེ་སྔོན་ང་ཚོས་གྲིབ་མའི་དངུལ་ཁང་གི་ཉེན་ཁ་དང་དྲ་སྦྲེལ་དངུལ་རྩའི་ཉེན་ཁ་ཐག་གཅོད་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཉེན་ཁ་གསར་པ་སྔར་བཞིན་ཐོན་བཞིན་ཡོད་པ་དང་། “ངང་པ་ནག་པོའི་”དོན་རྐྱེན་དང་“བསེ་རུ་སྐྱ་བོའི་”དོན་རྐྱེན་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད་པ་མཐོང་དགོས། སྣང་ཚུལ་འདི་དག་ལ་དབྱེ་ཞིབ་བྱེད་པར་རྒྱུ་རྐྱེན་གལ་ཆེན་འགའ་ཡོད། གཅིག་ནི་དུས་ཡུན་རིང་པོར་སྤུངས་གསོག་ཐེབས་པའི་འབྲས་བུ་ཡིན། “དུས་གསུམ་བསྣོལ་བརྩེགས་”ཀྱི་ཤུགས་རྐྱེན་སྔར་བཞིན་མཇུག་བསྒྲིལ་མེད་པ་དང་། སྔོན་ཚུད་ཀྱི་ཉེན་ཁ་ད་དུང་སེལ་དགོས་ཀྱི་ཡོད། གཉིས་ནི་ལྟ་སྡོམ་བྱེད་ནུས་དང་ལམ་ལུགས་ཀྱི་སྐྱོན་ཆ་ཡིན། དངུལ་རྩའི་སྒྲིག་གཞིའི་ཀུང་སི་བཅོས་སྐྱོང་གི་གནད་དོན་ལ་འགན་འཛོལ་ཚབས་ཆེན་ཤོར་བ་དང་། དངུལ་རྩའི་ལྟ་སྡོམ་བྱེད་ནུས་དང་ཆུ་ཚད་འཚམ་པོ་མེད་པ་རེད། ས་གནས་བུ་ལོན་གྱི་དོ་དམ་ལྷོད་དུ་སོང་བ་དང་། ས་གནས་ཁ་ཤས་ཀྱིས་རྣམ་པ་འགྱུར་བའི་སྒྲིག་འགལ་བུ་ལོན་བླངས་ནས་བུ་ལོན་གྱི་ཁུར་པོ་མུ་མཐུད་ཇེ་ལྕིར་སོང་ཡོད། གསུམ་ནི་བུ་ལོན་ལེན་མཁན་གྱི་ཀླ་ཀློའི་བྱ་སྤྱོད་ཡིན། ཁེ་ལས་ཆེན་པོ་ལ་ལས་རྨོངས་ཚོད་ཀྱིས་ངར་ལངས་ནས་རིགས་ཤེས་ལས་འདས་པའི་སྣ་མང་ཅན་དུ་རྒྱ་སྐྱེད་གཏོང་བ་དང་། དངུལ་རྩའི་བཀན་ཤིང་ལ་རྟེན་རྒྱུ་ཐལ་དྲགས་པས། ཐོན་ལས་མ་རྩ་ཉིད་དངུལ་རྩའི་ལས་རིགས་སུ་ཚད་བརྒལ་གྱིས་ཞུགས་ཀྱི་ཡོད། རྐང་བདག་དང་དངོས་སུ་ཚོད་འཛིན་བྱེད་མཁན་ལ་ལས་ཁྲིམས་འགལ་སྒྲིག་འགལ་གྱིས་དངུལ་རྩའི་ཁེ་ལས་གཉེར་སྐྱོང་དང་དོ་དམ་བྱེད་པ་དང་། ནང་ཁུལ་གྱི་མིས་ཚོད་འཛིན་དང་རྐང་བདག་ཆེན་པོས་ཁ་ལོ་སྒྱུར་བ། ནོར་དོན་རྫུན་བཟོ་བྱེད་པ། མ་དངུལ་གང་བྱུང་དུ་སྤྱོད་པ་བཅས་ཡོད། བཞི་ནི་དཔོན་ཚོང་ངན་འབྲེལ་དང་རུལ་སུངས་ཀྱི་བྱ་སྤྱོད་ཡིན། དངུལ་རྩའི་སྒྲིག་གཞིའི་འགན་འཁུར་པ་དང་སྲིད་གཞུང་གི་དཔོན་རིགས་ལ་ལས་འགན་ཤོར་ལས་འཛོལ་དང་། ལྐོག་ཟ་རུལ་སུངས། གཡོ་ཐབས་ཀྱིས་བར་ཁེ་ཟ་བ་བཅས་བྱེད་པ་དང་། རྒྱལ་ཁབ་ཀྱི་རྒྱུ་ནོར་ཕངས་མེད་དུ་སྤྱད་དེ་གྱོང་གུན་ཚབས་ཆེན་བཟོས་ཡོད། ལྔ་ནི་དཔལ་འབྱོར་དུས་འཁོར་གྱི་འགྱུར་ལྡོག་ཡིན། དཔལ་འབྱོར་འཕར་འགྲོས་དལ་དུ་ཕྱིན་པ་དེས་མ་གཞི་ནས་བག་ལ་ཉལ་བའི་ཉེན་ཁ་སྣ་ཚོགས་གསལ་རྗེན་དུ་ཐོན་པ་དང་། ཆ་ཤས་ཀྱི་ཉེན་ཁ་ལས་མ་ལག་གི་ཉེན་ཁ་སློང་སྲིད་ཚད་ཇེ་མཐོར་སོང་བ་དང་། ཁེ་ལས་ཀྱི་མ་དངུལ་དང་བུ་ལོན་ཁ་འཐབ་མི་ཐུབ་པ་ཁྱད་ཆོས་སུ་གྱུར་པའི་ཉེན་ཁ་འབུར་དུ་ཐོན་ཡོད། 

གོམ་སྟབས་རྗེས་མར་སྤྱི་ཡོངས་བརྟན་པོ་དང་། གཅིག་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། གནད་འཁེལ་འགག་གཏོར་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལྟར་མུ་མཐུད་ནས་ཉེན་ཁ་ཐག་གཅོད་ཀྱི་ལས་ཀ་ཡག་པོར་འཛིན་དགོས། ཁྲིམས་ལྟར་སྲོལ་མཐུན་སྒོས་དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་དུས་བཀག་ལྟར་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་ལམ་ལུགས་འཚོལ་ཞིབ་བྱས་ཏེ་འཛུགས་དགོས། འགན་འཁྲི་ནན་དུ་བསྒོས་ཏེ་“རང་གི་ཕྲུ་གུ་རང་གིས་སྐྱོང་བ་”དང་། ས་གནས་ཏང་སྲིད་ཀྱི་འགན་འཁྲི་འདྲ་མཚུངས་སུ་ནན་དུ་བཏང་ནས་མངའ་འོག་ས་ཆའི་བརྟན་བརླིང་སྲུང་སྐྱོང་དང་ཉེན་ཁ་སེལ་འགན་འཁུར་རྒྱུ་དང་། དངུལ་རྩའི་ལྟ་སྡོམ་དང་། ལས་རིགས་གཙོ་སྐྱོང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སོགས་སྡེ་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། སོ་སོའི་འགན་འཁྲི་ལྟར་ཉེན་ཁ་སེལ་བར་སྐུལ་འདེད་གཏོང་རྒྱུ། ཁེ་ལས་ཀྱི་རང་སྐྱོབ་འགན་འཁྲི་ནན་དུ་བཏང་ནས་གོ་ཆོད་པའི་ཉེན་ཁ་སེལ་བའི་ཇུས་གཞི་བཟོ་རྒྱུ་བཅས་ཡིན། ནུས་པའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྡོམ་གྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ། ལྟ་སྡོམ་གྱི་ཆད་སྐྱོན་སེལ་བ། དངུལ་རྩའི་ལྟ་སྡོམ་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐོན་ཁུངས་འཛོམས་པོ་ཞིག་ཡོད་དགོས་པ་དང་། དངུལ་རྩ་བརྟན་བརླིང་དང་འགན་སྲུང་གི་ཐེབས་རྩ་འཛུགས་རྒྱུ་དམ་འཛིན་བྱེད་པ། ཉེན་ཁ་ཐག་གཅོད་བྱེད་པའི་ནང་གི་བཅོལ་དངུལ་འགན་བཅོལ་ལམ་ལུགས་དང་ལས་རིགས་འགན་སྲུང་ཐེབས་རྩའི་ནུས་པ་འདོན་སྤེལ་བྱེད་པ། དངུལ་རྩའི་སྒྲིག་གཞི་ཟླ་སྒྲིལ་ཉོ་སྒྲུབ་དང་ངན་རེངས་མ་རྩ་འདུམ་སེལ་བྱེད་པར་སྐུལ་སྤེལ་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ས་གནས་ཀྱིས་རང་འགུལ་ངང་བསགས་ཉར་རྒྱུ་ནོར་གང་འགབ་ཅི་སྤྱོད་དང་དེའི་ཉེན་ཁ་སེལ་དགོས། རྐང་རྩ་མ་སྟོངས་བར་དུ་ཁེ་ལས་ཀྱི་རྐང་བདག་གིས་ཐོག་མར་ཉེན་ཁ་དང་གྱོང་གུན་འཁུར་དགོས། ཕྱོགས་སོ་སོས་གཞོགས་འདེགས་རྒྱ་ཁྱབ་བྱས་ཏེ་དངུལ་རྩའི་ལས་རིགས་ཀྱིས་གཞི་གཅིག་ཅན་གྱི་ཉེན་ཁ་ཐག་གཅོད་ལམ་སྲོལ་འཛུགས་པ་དང་། སྒོ་ཀུན་ནས་དབང་སྐུར་དང་གཅིག་འདོམས་མཐུན་སྦྱོར་བྱས་ནས་ཚོང་ར་དང་ལས་རིགས་ལས་བརྒལ་བའི་གཅིག་འདོམས་ཐོག་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། 

ས་ཁང་ཐོན་ལས་ཁེ་ལས་ཁག་ཅིག་གི་ཉེན་ཁར་བླ་ལྷག་ཏུ་མཐོང་ཆེན་བྱེད་དགོས། ས་གནས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་ལྟ་སྡོམ་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མ་མཐའི་ཚོད་བཟུང་ནས་ས་ཁང་ཐོན་ལས་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་འཛིན་སྐྱོང་བྱེད་དགོས། 

གནད་དོན་ལྔ་པ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡང་དག་པའི་སྒོ་ནས་ངོས་འཛིན་དང་ངེས་ཤེས་བྱེད་དགོས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་བསམ་གཞིགས་གཟབ་ནན་བྱས་ཏེ་བཏོན་པའི་འཐབ་ཇུས་ཀྱི་ཇུས་ཆོད་གལ་ཆེན་དང་། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡང་ཡིན། ཉེ་ཆར་ལས་ཀ་དངོས་ཀྱི་ནང་དུ་གནད་དོན་འགའ་ཞིག་བྱུང་ཡོད་པ་སྟེ། ལ་ལས་“ཐཱན་གདོང་གཏུག་”བྱེད་ཅིང་། འགའ་ཞིག་གིས་“གཅིག་དཔེ་བརྒྱ་འགེབས་”དང་བྱ་འགུལ་རྣམ་པའི་“ཐཱན་འཕྲི་”སྤེལ་བ་དང་། ཐ་ན་“གློག་སྒོ་བརྒྱབ་ནས་གློག་གཅོད་པའི་”སྣང་ཚུལ་བྱུང་བ་དེ་དག་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མི་མཐུན་པ་རེད། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་རྒྱུ་ཕྱོགས་ཡོངས་ནས་སྲོལ་སྒྱུར་བྱེད་པའི་རྙོག་འཛིང་གི་ལས་གྲྭ་དང་ཡུན་རིང་གི་ལས་འགན་ཡིན་ཞིང་། ནུས་ཁུངས་གྲུབ་ཚུལ་དང་ཐོན་ལས་གྲུབ་ཚུལ་ནི་ལེགས་སྒྲིག་བྱེད་ཐེངས་གཅིག་ལ་འགྲུབ་ཐུབ་པ་ཞིག་མིན་ལ། དོན་དངོས་དང་དེ་བས་ཀྱང་ཁ་འབྲལ་མི་རུང་། གལ་ཏེ་སྲོལ་རྒྱུན་གྱི་ནུས་ཁུངས་རིམ་བཞིན་ཕྱིར་འཐེན་བྱེད་པ་དེ་བདེ་འཇགས་ཡིན་ལ་ཡིད་རྟོན་རུང་བའི་ནུས་ཁུངས་གསར་པའི་ཚབ་དོད་ཡོད་པའི་རྨང་གཞིའི་ཐོག་བཙུགས་པ་མིན་ན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཕོག་ཐུག་བཟོ་སྲིད་པ་རེད། སྦགས་འཕྲི་ཐཱན་གཅོག་ནི་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག་གི་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པས། སྔོན་ལ་འཛུགས་པ་དང་རྗེས་སུ་གཏོར་བ་དང་། ཕྱོགས་ཀུན་ནས་ཇུས་འགོད་བྱེད་དགོས། 

ངས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་“ཐཱན་ཟུང་”ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་གཅིག་འདོམས་དང་། གྲོན་ཆུང་འགོ་མ་བྱེད་པ། འཁོར་ལོ་ཟུང་གིས་སྒུལ་བ། ཕྱི་ནང་ཤར་རྒྱུག །ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་ལུགས་ནན་བཤད་བྱས་ཡོད། ཏང་ཀྲུང་དབྱང་གིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་ཡག་པོར་སྒྲུབ་དགོས་པའི་བསམ་འཆར་བཏོན་ནས་ཐཱན་རྩེར་སོན་བྱ་སྤྱོད་ཀྱི་ཇུས་གཞིར་ཆོག་མཆན་སྤྲད་པ་རེད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་བློ་བརྟན་འགྱུར་མེད་ཡིན་དགོས། འོན་ཀྱང་སྡེབ་གཅིག་ལ་ཡོངས་སུ་འགྲུབ་མི་ཐུབ་པས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས་རིམ་པ་བཞིན་དུ་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་འཛིན་དགོས་པ་སྟེ། རྡོ་སོལ་གཙོ་བོ་ཡིན་པ་ནི་ང་ཚོའི་གཞི་རྩའི་རྒྱལ་ཁབ་གནས་ཚུལ་ཡིན་པས། ཐཱན་རྩེར་སོན་མངོན་འགྱུར་བྱེད་པར་ངེས་པར་དུ་དོན་དངོས་འདི་གཞིར་འཛིན་དགོས། རྡོ་སོལ་གཙང་ཞིང་ལས་ཆོད་ཆེ་བའི་ངང་བེད་སྤྱོད་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག །སོལ་གློག་འཕྲུལ་འཁོར་ཚན་པ་སྟབས་བསྟུན་རང་བཞིན་གྱི་བསྒྱུར་བཀོད་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་། བསྐྱར་སྐྱེ་ནུས་ཁུངས་འཕེལ་རྒྱས་གཏོང་བ། རྡོ་སོལ་དང་ནུས་ཁུངས་གསར་པ་ལེགས་སྒྱུར་སྡེབ་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་པའི་བསྡུ་འཛད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་འགག་སྒྲོལ་དམ་འཛིན་བྱས་ཏེ་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་གཏོང་དགོས། ཚན་རིག་དང་མཐུན་པར་དཔྱད་ཞིབ་བྱེད་པ་དང་། ནུས་ཁུངས་ཟད་གྲོན་གྱི་“ཚོད་འཛིན་གཉིས་”ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆ་རྐྱེན་བསྐྲུན་ནས་ནུས་ཁུངས་ཟད་གྲོན་གྱི་“ཚོད་འཛིན་གཉིས་”སྔ་ཙམ་གྱིས་ཐཱན་འབུད་གཏོང་གི་སྤྱི་འབོར་དང་ཤུགས་ཚད་ཀྱི་“ཚོད་འཛིན་གཉིས་”ལ་བསྒྱུར་ཏེ། སྦགས་འཕྲི་ཐཱན་གཅོག་གི་སྐུལ་ལྕག་གཅུན་འདོམས་ལམ་སྲོལ་གང་མགྱོགས་ཆགས་པར་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་“ཚོད་འཛིན་གཉིས་”དང་“ཐཱན་ཟུང་”གི་ལས་དོན་གཅིག་འདོམས་ངང་ཡག་པོར་སྒྲུབ་དགོས་པ་ལས། སླ་བཅོས་ཀྱི་སྒོ་ནས་རིམ་པ་ལྟར་རེ་བཞིན་དབྱེ་ཕྲལ་བྱེད་རིགས་བཀག་འགོག་བྱེད་དགོས། ནུས་ཁུངས་འདོན་སྤྲོད་ཁག་ཐེག་དང་། དམིགས་ཡུལ་མང་པོ་དོ་མཉམ། ཐབས་ལམ་མང་པོ་བརྒྱུད་ནས་ནུས་ཁུངས་འདོན་སྤྲོད་འཕར་སྣོན་གཏོང་བ། ཁེ་ལས་ཆེ་གྲས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་འདོན་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་བཟོ་བ་བཅས་བྱེད་དགོས་པ་ལས། གཞི་ཁྱོན་ཆེ་བའི་“གློག་སྒོ་བརྒྱབ་ནས་གློག་གཅོད་པའི་”དོན་རྐྱེན་ཚབས་ཆེན་འདི་རིགས་སླད་ཕྱིན་གཏན་ནས་བྱུང་མི་ཆོག །ནུས་ཁུངས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་འཛད་སྤྱོད་དང་། འདོན་སྤྲོད། ལག་རྩལ། སྒྲིག་སྲོལ་བཅས་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་རྒྱག་པ་བཅས་བྱས་ནས་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་མགྱོགས་སུ་གཏོང་དགོས། 

མཆན་འགྲེལ།

[1] རྒྱལ་ཁབ་གསུམ་སྐབས་ཀྱི་ཀྲུང་ཧུའེ་ཡི་《ཁྲུའུ་རའོ་ཡི་བཤད་པ་》ཞེས་པར་གསལ། 

[2] སུང་རྒྱལ་རབས་བྱང་མའི་ཝང་ཨན་ཧྲི་ཡི་《ནོར་སྲིད་མངག་གཞུག་ཚོམས་ཆེན་གྱི་ལྡེབས་བྲིས་ཡི་གེ་》ཞེས་པར་གསལ། 

[3] མིང་རྒྱལ་རབས་ཀྱི་ཀྲང་ཅུས་ཀྲེང་གི་《སྲིད་དོན་འབྱོངས་བའི་སྐོར་གྱི་ཞུ་ཡིག་》ཅེས་པར་གསལ། 

[4] སུང་རྒྱལ་རབས་ལྷོ་མའི་ཧོ་ཐན་གྱི་《ཞི་ཁྲོའུ་ཡི་བཤད་རྒྱུན་•བཅོས་སྐྱོང་》ཞེས་པར་གསལ། 

 

༄༅། །རང་རྒྱལ་གྱི་མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱས་ཏེ། ཐོན་སྐྱེད་བདག་རྐྱེན་གལ་ཆེན་ཡིན་པའི་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

(2022ལོའི་ཟླ་4ཚེས་29ཉིན།) 

མ་རྩ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཐོན་སྐྱེད་བདག་རྐྱེན་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་མ་རྩ་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་པ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་ལ་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། ལག་ལེན་གྱི་གནད་དོན་གལ་ཆེན་ཞིག་ཡིན་ལ་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། དེ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་བ་ཡོད་ལ། བསྒྱུར་བཅོས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་དང་ཡང་འབྲེལ་བ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་དུ་ཕྱུག་འགྱུར་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་དང་ཡང་འབྲེལ་བ་ཡོད། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་རང་རྒྱལ་གྱི་མ་རྩ་སྣ་ཚོགས་དང་དེ་དག་གི་ནུས་པར་ངེས་པར་དུ་ངོས་འཛིན་ཟབ་མོ་བྱས་ཏེ། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱས་ཏེ་ཐོན་སྐྱེད་བདག་རྐྱེན་གལ་ཆེན་དུ་གྱུར་པའི་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། 

ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ནང་དུ། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་དུས་སྐབས་མི་འདྲ་བའི་ལས་འགན་གཙོ་བོར་གཞི་ཚུགས་ཏེ་མ་རྩའི་སྐོར་གྱི་ངོས་ཟིན་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་། མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་པའི་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཡོད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོས་དབང་བའི་ལམ་ལུགས་ཀྱི་གནད་དོན་ཐད་ཀྱི་སྲོལ་རྒྱུན་འདུ་ཤེས་ཀྱི་འཆིང་རྒྱ་གཏོར་ཞིང་། ཐོན་སྐྱེད་ཀྱི་བདག་རྐྱེན་གལ་ཆེན་ཞིག་ཡིན་པའི་མ་རྩ་ནི་ཚོང་རས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ལག་ཆ་ཞིག་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱེད་སྟངས་དང་བྱེད་ཐབས་ཤིག་ཡིན་པར་འདོད་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱིས་ཀྱང་མ་རྩ་སྣ་ཚོགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་ཆོག་ཅིང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་བོ་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ལ་སོགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རིམ་བཞིན་གཏན་འཁེལ་བྱས་ཤིང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་བསྔགས་སྐུལ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས་ཞེས་བཏོན་པ་དང་འབྲེལ་རྒྱུན་འཁྱོངས་བྱས་ཡོད། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་བར་མ་ཟད། “གཡོ་འགུལ་སྤུ་ཙམ་མེད་པ་གཉིས་”དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞིའི་ནང་དུ་བཀོད་དེ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་ཞིག་ཏུ་བཟུང་ནས་བླ་ལྷག་ཏུ་གཏན་འཁེལ་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། ཐོན་ཁུངས་བགོ་སྒྲིག་གི་ནང་དུ་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ནས་མ་རྩ་སྣ་ཚོགས་འཕེལ་རྒྱས་གཏོང་ཆེད་སྔར་ལས་ཕན་ཐོགས་ཡོད་པའི་ཚོང་རའི་ཁོར་ཡུག་དང་ཁྲིམས་སྐྱོང་གི་ཁོར་ཡུག་སྐྲུན་དགོས་པ་ནན་གྱིས་བསྟན་ཡོད། ང་ཚོས་སྒེར་སྡེམ་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་མ་རྩ་སྒྲིག་ལམ་མེད་པར་རྒྱ་སྐྱེད་གཏོང་བ་བཀག་འགོག་བྱས་ཤིང་། ཉེན་ཁ་འགོག་ཟོན་ནུས་ལྡན་བྱས་པ་དང་། ཚོང་རའི་དྲང་གཞག་འགྲན་རྩོད་སྲུང་སྐྱོང་བྱས་ཡོད། ང་ཚོས་ཤུགས་བརྒྱབ་ནས་དངུལ་རྩའི་ཉམས་ཉེན་འགོག་ཟོན་དང་སེལ་ཐབས་བྱས་ནས་དཔལ་འབྱོར་དངོས་གཞི་ཅན་ནས་རྟོགས་བཟོ་ཅན་དུ་འགྱུར་བ་ཁྱད་གསོད་བྱས་པ་དང་། ངན་རེངས་མ་རྩའི་ཉེན་ཁ་དང་ལྦུ་སོབ་ཀྱི་ཉེན་ཁ་སོགས་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱས་ཡོད། ང་ཚོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་དུ་ཆེ་རུ་བཏང་ནས་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་སྤེལ་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཤུགས་བརྒྱབ་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཙུགས་ཡོད། ང་ཚོས་མ་རྩའི་ངོ་བོར་གོ་བ་ལོན་ཚད་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། མ་རྩའི་ནུས་པའི་ངོས་ཟིན་སྔར་ལས་ཆ་ཚང་དུ་གྱུར་ཡོད་ཅིང་། མ་རྩའི་ཆོས་ཉིད་ཀྱི་ངེས་ཤེས་སྔར་ལས་གཏིང་ཟབ་ཏུ་སོང་ཡོད་ལ། མ་རྩ་འཁོར་སྐྱོད་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 

རང་རྒྱལ་གྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་40ལྷག་གི་རིང་དུ། མ་རྩ་ཡིས་ས་ཞིང་དང་། ངལ་རྩོལ་ནུས་ཤུགས། ལག་རྩལ། གཞི་གྲངས་སོགས་ཐོན་སྐྱེད་བདག་རྐྱེན་དག་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་འཕེལ་ཡར་རྒྱས་ཡོང་བར་བྱས་རྗེས་བཞག་ཡོད་པས། མ་རྩ་སྣ་ཚོགས་པའི་དགེ་མཚན་ལྡན་པའི་ནུས་པར་ངེས་པར་དུ་ཁས་ལེན་དཔྱིས་ཕྱིན་པ་ཞིག་བྱེད་དགོས། ད་ལྟའི་དུས་རིམ་འདིར། རང་རྒྱལ་ལ་གཞུང་ཁོངས་མ་རྩ་དང་། ཐུན་མོང་མ་རྩ། དམངས་གཉེར་མ་རྩ། ཕྱི་རྒྱལ་གྱི་མ་རྩ། མ་རྩ་འདྲེས་མ་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མ་རྩ་ཡོད་པར་མ་ཟད། གཞི་ཁྱོན་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་དང་། བྱེད་པོ་སྔར་བས་སྣ་མང་དུ་འགྱུར་བ། འཁོར་སྐྱོད་མྱུར་ཚད་ཇེ་མགྱོགས་སུ་འགྲོ་བ། རྒྱལ་སྤྱིའི་མ་རྩ་འབོར་ཆེན་ནང་དུ་ཡོང་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཡོད། 

ངེས་པར་དུ་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བརྟན་པོར་འཛིན་པ། གནད་དོན་གྱི་ཁྲིད་ཕྱོགས་དང་མ་ལག་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས། མིག་མདུན་ལ་གཞི་འཛུགས་པ་དང་ཕུགས་རིང་ལ་དམིགས་གཏོད་པ། དམ་ལྷོད་ཟུང་འབྲེལ་དང་རིགས་དབྱེ་ཇུས་བསྟར་རྒྱུན་འཁྱོངས། འཕེལ་རྒྱས་དང་བདེ་འཇགས། ལས་ཆོད་དང་དྲང་སྙོམས། གསོན་ཤུགས་དང་སྒྲིག་ལམ། རྒྱལ་ནང་དང་རྒྱལ་སྤྱི་བཅས་གཅིག་འདོམས་བྱེད་པ། སྤྱི་ལ་དབང་བ་མ་ཡིན་པའི་མ་རྩ་ཚུད་པའི་མ་རྩ་སྣ་ཚོགས་པའི་གསོན་ཤུགས་སྐུལ་སློང་བྱེད་པར་དོ་སྣང་། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་དང་། ཚོང་རའི་དཔལ་འབྱོར་དར་རྒྱས་གཏོང་བ། མི་དམངས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ། རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་པ་བཅས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་རུ་འཇུག་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་མ་རྩའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པར་ཤུགས་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་ཇི་ལྟར་བྱས་ནས་མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་རྒྱུ་དང་དེར་ཁྲིད་སྟོན་བྱ་རྒྱུ་འདི་ནི་དུས་རབས་གསར་པའི་མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པས་ངེས་པར་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་མ་རྩར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱས་པའི་དྲང་ལྡོག་ཕྱོགས་གཉིས་ཀའི་ཉམས་མྱོང་ལ་ཕྱོགས་བསྡོམས་གཏིང་ཟབ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་མ་རྩའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱས་ཏེ་མ་རྩ་སྣ་ཚོགས་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པ། མི་དམངས་ཀྱི་བསོད་བདེ་ཆེ་རུ་གཏོང་བ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། 

ལོ་རྒྱུས་དང་། འཕེལ་རྒྱས། རྩོད་སྒྲུབ་བཅས་ཀྱི་སྒོ་ནས་རང་རྒྱལ་གྱི་སྤྱི་ཚོགས་སུ་གནས་པའི་མ་རྩ་སྣ་ཚོགས་དང་དེ་དག་གི་ནུས་པ་ངོས་འཛིན་དང་ངེས་ཤེས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འོག །མ་རྩ་ནི་ཐོན་སྐྱེད་བདག་རྐྱེན་སྣ་ཚོགས་གཅིག་བསྡུས་ཀྱིས་བགོ་སྒྲིག་བྱེད་པར་སྐུལ་ཁྲིད་བྱེད་པའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། མ་རྩས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། དུས་མཚུངས་སུ་ངེས་པར་དུ་ངོས་འཛིན་བྱེད་དགོས་པ་ཞིག་ནི། མ་རྩ་ལ་ཁེ་གཉེར་གྱི་རང་གཤིས་ལྡན་པས། གལ་ཏེ་ཚད་ལྡན་དུ་མ་བཏང་བ་དང་ཚོད་འཛིན་མ་བྱས་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཞལ་དུ་མེད་པའི་གནོད་འཚེ་བཟོ་སྲིད། ང་ཚོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་པ་མི་འདྲ་བའི་མ་རྩའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། ངོ་བོའི་ཐོག་ཏུ་དབྱེ་བ་འབྱེད་པ་དང་། གནས་ངེས་ཐད་དུ་ཁ་གསལ་བཟོས་ཏེ་མ་རྩ་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་དགོས། 

མ་རྩ་དང་ཁེ་ཕན་བགོ་བཤའི་གནད་དོན་ཐག་གཅོད་ཡང་དག་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོས་ང་ཚོས་ངེས་པར་དུ་རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་བོ་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་བགོ་བཤའི་ནང་དུ་མི་དམངས་བླ་ན་མེད་པ་མཚོན་དགོས་པ་ཐག་བཅད་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་ཀུན་ཕན་རང་བཞིན་དང་ཐོག་མའི་བགོ་བཤའི་དྲང་གཞག་རང་བཞིན་ལ་དོ་སྣང་བྱེད་དགོས་ལ། མ་རྩ་སྤྱི་ཚོགས་བགོ་བཤའི་ནང་ཞུགས་ནས་གནས་ཐང་འཕར་རྒྱུ་དང་འཕེལ་རྒྱས་ཡོང་རྒྱུ་འགན་སྲུང་བྱེད་པར་དོ་སྣང་བྱེད་དགོས་ལ། དེ་བས་ཀྱང་རྩོལ་བསྟུན་ཐོབ་སྤྲོད་ཀྱི་བྱེད་པོའི་གོ་གནས་སྲུང་སྐྱོང་བྱ་རྒྱུར་དོ་སྣང་ཡང་བྱེད་དགོས་ཤིང་། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་འགྲོ་ལམ་དུ་སྐྱོད་དགོས། 

མ་རྩའི་ཚོང་རའི་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས། རང་རྒྱལ་གྱི་མ་རྩའི་ཚོང་རའི་རྨང་གཞིའི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་བཟོ་བ་དང་། མ་རྩའི་ཚོང་རའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། མ་རྩ་སྣ་ཚོགས་འཕེལ་རྒྱས་གཏོང་བར་བར་སྟོང་སྔར་ལས་ཆེ་བ་སྐྲུན་དགོས། ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཚོང་རའི་འགལ་རྐྱེན་སྣ་ཚོགས་སེལ་བ་བཅས་བྱས་ཏེ། མ་རྩ་སྣ་ཚོགས་ཀྱི་གོ་སྐབས་འདྲ་མཉམ་དང་། དྲང་གཞག་ངང་ཐེ་ཞུགས། འགྲན་རྩོད་སྒྲིག་ལྡན་བཅས་ཡོང་བར་བྱེད་དགོས། སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མ་དངུལ་འཇོག་སྟབས་བདེ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚོང་རའི་ཁོར་ཡུག་སྤུས་ལེགས་ལ་བརྟེན་ནས་རྒྱལ་སྤྱིའི་མ་རྩ་སྔར་ལས་མང་བས་རང་རྒྱལ་དུ་མ་དངུལ་འཇོག་པ་དང་ལས་དོན་དར་རྒྱས་གཏོང་བར་བློ་འགུག་བྱེད་དགོས། རང་རྒྱལ་གྱི་མ་རྩ་དང་ཁེ་ལས་འཛམ་གླིང་དུ་སྐྱོད་པར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱེད་དགོས། 

མ་རྩ་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་དགོས། “གློག་ལྗང་གློག་དམར་”འཛུགས་དགོས་པ་སྟེ། མ་རྩ་འཕེལ་རྒྱས་གཏོང་བའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྒྲོམ་གཞི་ཆ་ཚང་བ་དང་། གཏན་ཚིགས་ཁ་གསལ་བ། ལམ་ལུགས་འཐུས་སྒོ་ཚང་བ་བཅས་ཀྱི་སྒྲིག་སྲོལ་མ་ལག་ཆགས་པར་བྱེད་དགོས། བདག་དབང་སྲུང་སྐྱོང་དང་། གན་རྒྱ་སྲུང་སྐྱོང་། ཚོང་ར་གཅིག་གྱུར། འདྲ་མཉམ་བརྗེ་རེས། དྲང་གཞག་འགྲན་རྩོད། ལྟ་སྡོམ་ནུས་ལྡན་བཅས་ཁྲིད་ཕྱོགས་སུ་འཛིན་དགོས་ཤིང་། གནད་དོན་འབུར་ཐོན་ཅན་ཡོད་པའི་རིགས་ལ་དམིགས་ཏེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཛུགས་བཅོས་འདོར་འགྲེལ་བཞི་ཡག་པོར་སྒྲུབ་དགོས། མ་རྩ་ཚོང་རར་ཞུགས་པའི་འགག་སྒོ་ནན་པོར་སྲུང་དགོས་པ་དང་། ཚོང་རར་ཞུགས་འཐུས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཚོང་རར་ཞུགས་འཐུས་གསལ་ཐོའི་ལུགས་མཐུན་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། མ་རྩའི་བྱ་སྤྱོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལྟ་སྡོམ་གྱི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་རར་ཁ་ལོ་སྒྱུར་བའི་གོ་གནས་གང་བྱུང་དུ་སྤྱོད་པ་སོགས་ཀྱི་སྒེར་སྡེམ་དང་ཚུལ་མིན་འགྲན་རྩོད་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས། ཚུལ་ལྡན་སྐྱོན་བྲལ་དང་ཡར་ཐོན་དགེར་ཕྱོགས་ཀྱི་ཡིད་རྟོན་རིག་གནས་སྐྱེད་སྲིང་བྱེད་དགོས་པ་དང་། མ་རྩའི་བྱེད་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཡིད་རྟོན་དང་དྲང་བདེན་ལ་དང་དོད་དང་། སྤྱི་ཚོགས་ཀྱི་འགན་འཁྲིར་བརྩི་མཐོང་། འགྲོ་ལམ་ཡང་དག་པར་འགྲོ་བ་བཅས་བྱེད་དུ་འཇུག་དགོས། 

ཕྱོགས་ཡོངས་ནས་མ་རྩའི་བཅོས་སྐྱོང་ཕན་ནུས་མཐོར་འདེགས་གཏོང་དགོས། ཉམས་མྱོང་ཕྱོགས་བསྡོམས་དང་། ཆོས་ཉིད་སྟངས་འཛིན། འཚོལ་ཞིབ་གསར་གཏོད་བཅས་བྱེད་དགོས་ཤིང་། མ་རྩ་བཅོས་སྐྱོང་གི་དམིགས་གཏད་རང་བཞིན་དང་། ཚན་རིག་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་བ་དང་། བྱ་བ་མ་བསྒྲུབས་གོང་ལ་སྣེ་ཁྲིད་དང་། བྱ་བ་སྒྲུབ་སྐབས་འགོག་ཟོན། བྱ་བ་བསྒྲུབས་རྗེས་ལྟ་སྡོམ་བཅས་ཕན་ཚུན་སྦྲེལ་བའི་མུ་ཕྲེང་ཡོངས་ཀྱི་མ་རྩའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ལྟ་སྡོམ་སྒྲིག་སྲོལ་དང་ལམ་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁྲིམས་ལྟར་ལྟ་སྡོམ་དང་། དྲང་གཞག་ངང་ལྟ་སྡོམ། འབྱུང་རྩ་ནས་ལྟ་སྡོམ། གནད་ལ་འཁེལ་བར་ལྟ་སྡོམ། ཚན་རིག་དང་མཐུན་པར་ལྟ་སྡོམ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ལྟ་སྡོམ་གྱི་འགན་འཁྲི་དོན་འཁྱོལ་དང་། ལྟ་སྡོམ་བྱེད་སྟངས་གསར་གཏོད། ལྟ་སྡོམ་གྱི་ཆད་སྐྱོན་ཁ་གསབ། མ་རྩའི་ལྟ་སྡོམ་བྱེད་ནུས་དང་ལྟ་སྡོམ་མ་ལག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་ཁ་གསལ་བཟོས་མེད་ན། “སུས་ཞིབ་མཆན་བཀོད་ན་དེས་ལྟ་སྡོམ་དང་། སུས་གཙོ་སྐྱོང་བྱེད་ན་དེས་ལྟ་སྡོམ་བྱ་རྒྱུའི་”རྩ་དོན་ལྟར་ལྟ་སྡོམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། མངའ་འོག་ས་ཆའི་ལྟ་སྡོམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ས་གནས་ཀྱིས་ཕྱོགས་ཡོངས་ནས་མངའ་འོག་ས་ཆའི་ལྟ་སྡོམ་གྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལྟ་སྡོམ་གནད་ཐོག་ཏུ་འཁེལ་རྒྱུ་འགན་ལེན་བྱེད་དགོས། ལས་རིགས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་བགོས་མཉམ་སྒྲུབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་རིགས་ཀྱི་ལྟ་སྡོམ་དང་དངུལ་རྩའི་ལྟ་སྡོམ། ཕྱི་རྒྱལ་མ་དངུལ་གྱི་ལྟ་སྡོམ། འགྲན་རྩོད་ཀྱི་ལྟ་སྡོམ། བདེ་འཇགས་ཀྱི་ལྟ་སྡོམ་སོགས་ཕྱོགས་བསྡུས་ལྟ་སྡོམ་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་རྒྱག་དགོས། མ་ལག་རང་བཞིན་གྱི་ཉེན་ཁ་འབྱུང་སྲིད་པའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་བྱ་བའི་ཡུལ་སྟངས་འཛིན་གནད་འཁེལ་བྱེད་དགོས་པ་དང་། བཅོས་སྐྱོང་གི་སྔོན་ཚོད་ཀྱི་ཤས་དང་བདེ་ལྕག་འཁྱུག་པའི་ཤས་ཆེ་རུ་བཏང་ནས་ཉེན་ཁ་ཤེས་རྟོགས་བྱུང་ཕྱིན་སྔ་ཙམ་ནས་ཐག་གཅོད་དང་སྔ་ཙམ་ནས་སེལ་ཐབས་བྱེད་དགོས། 

མ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཟིལ་གནོན་གྱི་སྟངས་ཀ་མཐའ་འཁྱོངས་བྱེད་དགོས་ཤིང་། དབང་ཆ་རྒྱབ་རྟེན་དུ་བཅོལ་བའི་མ་རྩས་ཁེ་ཕན་གཉེར་བའི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། མ་རྩ་སྒྲིག་མེད་དུ་རྒྱ་སྐྱེད་པ་དང་ལས་སྟེགས་ཀྱི་སྒེར་སྡེམ་སོགས་ཀྱི་ལྐོག་ངན་རུལ་སུངས་ཀྱི་བྱ་སྤྱོད་རྩད་ཞིབ་ཐག་གཅོད་བྱེད་པར་ཤུགས་རྒྱག་དགོས། 

མ་རྩ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་ཚད་ལྡན་དུ་གཏོང་བ་དང་དེར་ཁྲིད་སྟོན་བྱེད་པ་ནི་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ཏང་ཨུ་(ཏང་ཙུའུ་)རིམ་པ་ཁག་གིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་སྟེང་དུ་གཅིག་གྱུར་བྱེད་དགོས་ཤིང་། བྱེད་པོའི་འགན་འཁྲི་ཏན་ཏིག་ཁུར་ནས་མ་རྩ་བཅོས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་དགོས་པ་དང་། སྲིད་ཇུས་དྲིལ་བསྒྲགས་དང་རེ་ལྟོས་སྣ་ཁྲིད་བྱེད་པར་ཤུགས་བརྒྱབ་ནས་མ་ལག་རང་བཞིན་གྱི་ཉེན་ཁ་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།