༄༅། །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་འཕེལ་རིམ་གྱི་མཆོང་སྐྱོད་ཆེན་པོ།
(2020ལོའི་ཟླ་10ཚེས་29ཉིན།)
འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་འཕེལ་རིམ་གྱི་མཆོང་སྐྱོད་ཆེན་པོ་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་ཡིན་ཞེས་ངས་བཤད་མྱོང་། ཉེ་རབས་ནས་བཟུང་། ཕྱིའི་བཙན་དབང་རྒྱལ་ཁབ་ཀྱི་བཙན་འཛུལ་དང་བཀས་བཀོད་རྒྱུད་འཛིན་གྱི་རུལ་སུངས་དབང་སྒྱུར་འོག །རང་རྒྱལ་ནི་བཟོ་ལས་གསར་བརྗེའི་གོ་སྐབས་ཤོར་ནས་དུས་རབས་ཀྱི་རྗེས་སུ་ཆེས་ཆེར་ལུས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཀྱང་སྔར་བྱུང་མ་མྱོང་བའི་དཀའ་སྡུག་མྱངས་ཡོད། ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་གོའི་མི་དམངས་དང་སྐྱེས་ཆེན་དམ་པ་གྲངས་ལས་འདས་པས་དཔའ་ངར་ཞུམ་མེད་ཀྱིས་ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་སྙེག་བྱས། སྐུ་ཞབས་སུན་ཀྲུང་ཧྲན་གྱི་《རྒྱལ་འཛུགས་ཇུས་གཞི་ཆེན་མོ་》ནི་ཉེ་རབས་ཀྲུང་གོའི་དེང་རབས་ཅན་བརྩོན་གཉེར་བྱེད་པའི་དཔེ་གཞི་དང་པོ་ཡིན་ཞེས་བརྗོད་ཆོག །འོན་ཀྱང་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་འོག་ཀྲུང་གོའི་དེང་རབས་ཅན་ལེགས་འགྲུབ་བྱུང་མེད་ལ་འབྱུང་ཡང་མི་སྲིད།
ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱར་ཉེ་བའི་རིང་། ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་གང་བྱས་ཐམས་ཅད་ནི་རང་རྒྱལ་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཆེད་དུ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་བརྩོན་པས་དོན་གཉེར་བྱས་ཏེ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་དཀའ་སྤྱད་འཚོལ་ཞིབ་བྱས། 1954ལོར། བློ་མཐུན་ཀྲོའུ་ཨེན་ལའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་ཞུ་》ཡི་ནང་དུ་“གལ་ཏེ་ང་ཚོས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་བཟོ་ལས་དང་། དེང་རབས་ཅན་གྱི་ཞིང་ལས། དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན། དེང་རབས་ཅན་གྱི་རྒྱལ་སྲུང་བཅས་འཛུགས་སྐྲུན་མ་བྱས་ན། ང་ཚོ་རྗེས་ལུས་དང་དབུལ་ཕོངས་ཀྱི་གནས་ལས་ཐར་མི་ཐུབ་པ་དང་། ང་ཚོའི་གསར་བརྗེའི་དམིགས་ཡུལ་ཡང་འགྲུབ་མི་ཐུབ་”ཅེས་གསལ་སྟོན་གནང་ཡོད། 1956ལོར། བློ་མཐུན་མའོ་ཙེ་ཏུང་གིས་“རང་རྒྱལ་མི་དམངས་ཀྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་དཔལ་འབྱོར་དང་ཚན་རིག་རིག་གནས་ཐད་རང་རྒྱལ་འདི་རྗེས་ལུས་ཐེབས་པའི་གནས་ཚུལ་དེ་གང་ཐུབ་ཅི་ཐུབ་ཀྱིས་བསྒྱུར་ཏེ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་ལ་མགྱོགས་མྱུར་སླེབས་ཐུབ་པའི་རྒྱང་རིང་གི་འཆར་འགོད་ཅིག་བྱེད་དགོས་”[1]ཞེས་བསྟན་ཡོད། ཁོང་གིས་ད་དུང་གལ་ཏེ་ཡག་པོ་མ་བསྒྲུབས་ན་“སའི་གོ་ལའི་སྐྱིད་སྡུག་”ནས་ཕྱིར་འབུད་བྱེད་སྲིད་ཅེས་ཉེན་བརྡ་ཡང་བཏང་མྱོང་། 1964ལོའི་ཟླ་12པར། བློ་མཐུན་ཀྲོའུ་ཨེན་ལའེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་གསུམ་པའི་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་ཞུ་》ཡི་ནང་དུ་“ལོ་ལྔ་ཚན་གསུམ་པའི་འཆར་གཞི་འགོ་ཚུགས་པ་ནས་བཟུང་རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་གོང་དུ་སྤེལ་བར་གོམ་པ་གཉིས་སུ་དབྱེ་རྒྱུར་བསམ་གཞིགས་བྱེད་ཆོག་པ་སྟེ། གོམ་སྟབས་དང་པོར་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཅུང་ཆ་ཚང་ཞིང་རང་རྐྱ་འཕེར་བ་ཞིག་འཛུགས་དགོས་པ་དང་། གོམ་སྟབས་གཉིས་པར་ཕྱོགས་ཡོངས་ནས་ཞིང་ལས་དང་། བཟོ་ལས། རྒྱལ་སྲུང་། ཚན་རིག་ལག་རྩལ་བཅས་དེང་རབས་ཅན་དུ་འགྱུར་བར་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཛམ་གླིང་གི་མདུན་གྲས་སུ་སྐྱོད་ཐུབ་པར་བྱ་རྒྱུ་དེ་ཡིན་”ཞེས་ཡང་བསྐྱར་བསྟན་ཡོད། ཕྱིས་སུ་“རིག་གནས་གསར་བརྗེ་ཆེན་པོ་”ལངས་པའི་རྐྱེན་གྱིས། སྐབས་དེར་བཏོན་པའི་དེང་རབས་ཅན་བཞིའི་འཛུགས་སྐྲུན་ཡོངས་ཁྱབ་ཏུ་སྤེལ་ཐུབ་མེད། དེ་ལྟར་ལགས་ཀྱང་1949ལོ་ནས་1978ལོའི་བར་དུ། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་ཀྲུང་གོ་རྙིང་པའི་དབུལ་ཞིང་ཕོངས་པའི་རྨང་གཞིའི་ཐོག་རང་རྐྱ་འཕེར་ལ་ཅུང་ཆ་ཚང་བའི་བཟོ་ལས་ཀྱི་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་ཤིང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་ཐད་གོམ་སྟབས་སྲ་ཞིང་བརྟན་པ་ཞིག་བསྒྱུར་ཡོད།
བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། བློ་མཐུན་ཏེང་ཞའོ་ཕིན་གྱིས་“གོམ་པ་གསུམ་བགྲོད་”ཀྱི་འཐབ་ཇུས་བཏོན་པ་སྟེ། དུས་རབས་གོང་མའི་ལོ་རབས་80པའི་མཇུག་ཏུ་སླེབས་སྐབས་མི་དམངས་ཀྱི་ལྟོ་གོས་གཉིས་འཛོམས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། དུས་རབས་གོང་མའི་དུས་མཇུག་ཏུ་སླེབས་སྐབས་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པར་བྱ་རྒྱུ། དུས་རབས་21པའི་དུས་དཀྱིལ་དུ་སླེབས་སྐབས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ཏེ་དར་རྒྱས་འབྲིང་ཙམ་གྱི་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་བྱ་རྒྱུ་དེ་ཡིན། དུས་རབས་གསར་པར་མི་དམངས་ཀྱི་འཚོ་བ་སྤྱིའི་ཆ་ནས་འབྱོར་འབྲིང་གི་ཆུ་ཚད་ལ་སླེབས་རྗེས། ང་ཚོའི་ཏང་གིས་ཡང་བསྐྱར་འདི་ལྟར་བཏོན་པ་སྟེ། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་མི་འབོར་དུང་ཕྱུར་བཅུ་གྲངས་ལ་ཕན་ཞིང་ཆུ་ཚད་སྔར་ལས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཚར་པར་བྱེད་པ་དང་། དེ་ནས་ལོ་30ལ་འབད་འཐབ་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་སྐབས་སུ་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱས་ཏེ། རང་རྒྱལ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་སྐྱོད་རླབས་པོ་ཆེ་ཡོང་བའི་མདུན་བསུས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་ཞིང་སྔར་ལས་མཐོ་བའི་ཐོག་ལངས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དུས་རིམ་གཉིས་སུ་ཕྱེ་ནས་སྐུལ་སྤེལ་གཏོང་རྒྱུའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་སྟེ། 2035ལོར་སླེབས་དུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་རང་རྒྱལ་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།
ལོ་ལྔ་ཚན་དང་པོའི་འཆར་གཞི་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་བར་ཐོག་མཐའ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པའི་བརྗོད་དོན་གཙོ་བོ་ནི་རང་རྒྱལ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། ང་ཚོ་ལམ་ཀྱོག་ཏུ་བསྐྱོད་མྱོང་ལ། བསམ་ཡུལ་ལས་འདས་པའི་དཀའ་ངལ་དང་བར་ཆད་ཁ་ཤས་ལ་ཡང་འཕྲད་མྱོང་མོད། འོན་ཀྱང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་དང་ཆོད་སེམས་ལ་ཐོག་མཐའ་བར་གསུམ་དུ་གཡོ་འགུལ་ཐེབས་མེད། བརྒྱུད་རིམ་འདིའི་ནང་དུ་ང་ཚོའི་ཏང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཐད་ངོས་འཛིན་ཐོག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་། འཐབ་ཇུས་ཐོག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ལག་ལེན་ཐོག་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་བཅས་བྱུང་བས་རང་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་སོང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ལག་ལེན་གྱི་རྨང་གཞི་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི། ལམ་ལུགས་ཀྱི་རྨང་གཞི་བཅས་བཏིང་ཡོད།
མཆན་འགྲེལ།
[1] མའོ་ཙེ་ཏུང་གི་《སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་དམིགས་ཡུལ་ནི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་གཏོང་རྒྱུ་དེ་རེད་》(《མའོ་ཙེ་ཏུང་གི་གསུང་འབུམ་》དེབ་7པ། མི་དམངས་དཔེ་སྐྲུན་ཁང་གི་1999ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་2པ།)ཅེས་པར་གསལ།
༄༅། །འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་བསྐྱར་གཏོད་བྱེད་དགོས།
(2020ལོའི་ཟླ་10ཚེས་29ཉིན།)
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཤུགས་རྒྱག་དགོས།
རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་ཡོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ནི། རང་རྒྱལ་གྱི་འཕེལ་རྒྱས་དུས་རིམ་དང་། ཁོར་ཡུག །ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་གཞིར་བཟུང་ཞིང་། ལྷག་པར་དུ་རང་རྒྱལ་གྱི་བསྡུར་མངོན་དགེ་མཚན་གྱི་འགྱུར་ལྡོག་ལ་གཞིགས་ནས་དུས་དང་བབ་ལ་བསྟུན་ནས་བཅད་པའི་ཇུས་ཆེན་ཞིག་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་མ་ལག་རང་བཞིན་དང་རིམ་པ་ཟབ་པའི་འཕོ་འགྱུར་ཞིག་དང་། ད་ལྟའི་ཆ་ལ་གཞི་ཚུགས་པ་དང་ཕུགས་རྒྱང་ལ་དམིགས་པའི་འཐབ་ཇུས་ཀྱི་འཆར་འགོད་ཅིག་ཡིན། ང་ཚོས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་པའི་འཐབ་ཇུས་ཀྱི་བསམ་བཀོད་སྟངས་འཛིན་ཏན་ཏིག་བྱེད་དགོས།
རྩ་བའི་ཐོག་ནས་བཤད་ན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བླང་བྱ་དང་འཚམ་པ་དང་། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་རེད། བསྒྱུར་བཅོས་སྒོ་འབྱེད་མ་བྱས་གོང་ལ་རང་རྒྱལ་གྱི་དཔལ་འབྱོར་ནི་རྒྱལ་ནང་གི་རེས་འཁོར་གཙོ་བོར་འཛིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱིས་རྒྱལ་དམངས་དཔལ་འབྱོར་ནང་བཟུང་བའི་བསྡུར་ཚད་ཧ་ཅང་ཉུང་བ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ང་ཚོས་རྒྱལ་སྒོ་ཕྱེས་པ་དང་། ཕྱི་ཕྱོགས་ཉོ་ཚོང་རྒྱ་སྐྱེད་དང་ཕྱི་རྒྱལ་གྱི་མ་དངུལ་འགུག་འདྲེན་བྱས་པ་དང་། ལྷག་པར་དུ་2001ལོར་འཛམ་གླིང་ཉོ་ཚོང་རྩ་འཛུགས་ནང་ཞུགས་རྗེས་རང་རྒྱལ་རྒྱལ་སྤྱིའི་ལས་བགོས་ནང་དུ་ཟབ་མོར་ཞུགས་པ་དང་། རྒྱལ་སྤྱིའི་རེས་འཁོར་ཆེན་པོའི་ནང་དུ་འདྲེས་པར་བྱས་ཏེ་ཚོང་ར་དང་ཐོན་ཁུངས་“སྣེ་གཉིས་ཕྱི་རུ་ཡོད་པའི་”འཕེལ་རྒྱས་ཀྱི་བཀོད་པ་ཆགས་པས། ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་འབྱོར་སྟོབས་ཤུགས་མགྱོགས་མྱུར་ངང་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ནུས་པ་གལ་ཆེན་ཐོན་པ་རེད།
2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ནི་རང་རྒྱལ་གྱི་འཕེལ་རྒྱས་བཀོད་པར་འཕོ་འགྱུར་བྱུང་བའི་དབྱེ་མཚམས་གལ་ཆེན་ཞིག་ཡིན། ཕྱིའི་ཉམས་ཉེན་གྱི་ཕོག་ཐུག་ཚབས་ཆེན་བྱུང་བའི་མདུན་དུ། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་དེ་དཔལ་འབྱོར་བརྟན་བརླིང་ངང་འཕེལ་རྒྱས་མགྱོགས་ཙམ་ཡོང་བ་མཐའ་འཁྱོངས་བྱེད་པའི་གཞི་རྩའི་རྟེན་གཞི་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ནང་མཁོས་གཙོ་ཁྲིད་བྱེད་པར་བསྒྱུར་བར་སྐུལ་འདེད་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་ནང་གི་རྒྱལ་ནང་རེས་འཁོར་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་འགོ་ཚུགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་གཏོང་རྒྱུ་དེ་ནང་མཁོ་དང་ལྷག་པར་དུ་འཛད་སྤྱོད་ཀྱི་དགོས་མཁོས་སྐུལ་ཁྲིད་བྱེད་པར་བརྟེན་པ་ཡིན། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་ལ་བརྟེན་ཚད་2006ལོའི་རྩིས་ཐང་མཐོ་ཤོས་67%ནས་2019ལོའི་32%ཙམ་ལ་ཆག་ཡོད། རྒྱུན་ལྡན་ལས་གཞིའི་དྲང་ཆད་ཀྱིས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་མཐོ་ཤོས་དུས་ཀྱི་10%ཡན་ནས་མིག་སྔའི་1%ཡས་མས་སུ་ཆག་ཡོད། ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་བྱས་རྗེས་འཇོག་ཚད་ལོ་7རིང་100%ལས་བརྒལ་ཡོད། ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་བཏོན་པ་འདི་ནི་རང་རྒྱལ་གྱི་ཕྱི་རོལ་ཡུལ་གྱི་དཔལ་འབྱོར་ཆོས་ཉིད་དང་འཕེལ་རྒྱས་འགྲོ་ཕྱོགས་རང་རྟོགས་ཀྱིས་སྟངས་འཛིན་བྱས་པ་ཞིག་ཡིན་ཞིང་། དེར་ལག་ལེན་གྱི་རྨང་གཞི་ལྡན་ཡོད་པ་རེད།
མ་འོངས་པའི་དུས་སྐབས་ཤིག་གི་ནང་དུ། རང་རྒྱལ་གྱི་རྒྱལ་ནང་ཚོང་རས་དཔལ་འབྱོར་འཁོར་རྒྱུག་ལ་གཙོ་ཁྲིད་བྱེད་པའི་ཁྱད་ཆོས་སྔར་ལས་མངོན་གསལ་དུ་འགྱུར་ངེས་ཡིན་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་ནང་མཁོའི་བག་ཉལ་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱ་ངེས་རེད། དགོས་མཁོའི་ཐད་ནས་བལྟས་ན། རང་རྒྱལ་ལ་མི་གྲངས་དུང་ཕྱུར་14ཡོད། དེ་ལས་ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་དུང་ཕྱུར་4ལྷག་ཡོད། རང་རྒྱལ་གྱི་ཚོང་ཟོག་སིལ་ཚོང་གྲངས་འབོར་ཨ་རི་ལས་བརྒལ་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ལ་ཉེ་བ་དང་། རྗེས་ཕྱོགས་སུ་ད་དུང་བརྟན་པོའི་ངང་འཕར་བའི་བར་སྟོང་ཡོད་པ་རེད། འདོན་སྤྲོད་ཀྱི་ཐད་ནས་བལྟས་ན། རང་རྒྱལ་གྱི་རྒྱལ་ནང་གི་ཚོང་ར་ཆེན་པོ་གཞི་བྱས་ནས་གྲུབ་པའི་ཐོན་སྐྱེད་ནུས་ཤུགས་ཆེན་པོས་གོ་ལ་ཧྲིལ་པོའི་བདག་རྐྱེན་ཐོན་ཁུངས་གཅིག་སྒྲིལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་ཐུབ་ཅིང་། གཞི་ཁྱོན་གྱི་ཕན་འབྲས་དང་གཅིག་སྡུད་ཀྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱེད་དུ་འཇུག་ཐུབ། བབ་བསྟུན་ལས་སྒྲུབ་དང་ཇུས་བསྟར་གནད་འཁེལ་བྱས་ཚེ། ང་ཚོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་བསྐྱར་སྐྲུན་བྱེད་པའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད།
དང་པོ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་འཕེལ་རྒྱས་ཀྱི་རང་དབང་ཟིན་བྱེད་ཀྱི་སྔོན་ཇུས་ཡིན་པ་ལས། གཞན་དབང་གི་བྱ་སྤྱོད་དང་འཕྲལ་བསྟུན་གྱི་ཐབས་ཇུས་མིན། རྒྱལ་སྤྱིའི་བསྡུར་བ་ལས་བལྟས་ན། རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་ཁྱད་ཆོས་ནི་ཚང་མ་ནང་མཁོས་གཙོ་ཁྲིད་བྱེད་པ་དང་ནང་ཁུལ་དུ་འཁོར་རྒྱུག་བྱེད་ཆོག་པ་རེད། རང་རྒྱལ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེན་པོ་ཨང་གཉིས་པ་དང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་པའི་ཆ་ནས་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་དང་རྒྱལ་སྤྱིའི་དཔལ་འབྱོར་འཁོར་རྒྱུག་བར་གྱི་འབྲེལ་བ་དེ་ཕྱི་རོལ་ཡུལ་གྱི་ངོས་ནས་ལེགས་སྒྲིག་བྱེད་པའི་བླང་བྱ་སྔ་ཙམ་ནས་བྱུང་ཡོད། དེ་ནི་ང་ཚོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་བཏོན་པའི་བསམ་བློ་གཏོང་ས་དང་པོ་ཡིན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་གྱིས་ཁེངས་པའི་རྒྱབ་ལྗོངས་འོག །རྒྱལ་ནང་དུ་རྩ་བ་ཚུགས་པ་དང་རྒྱལ་ནང་གི་ཚོང་ར་ཆེན་པོའི་བཟང་ཆ་ལ་བརྟེན་ནས་ནང་མཁོའི་བག་ཉལ་སྟོབས་ཤུགས་སྒོ་ཀུན་ནས་སྔོག་འདོན་བྱས་ན། ཕྱི་རོལ་གྱི་ཕོག་ཐུག་དང་ཕྱི་མཁོ་མར་ཆག་པ་ལས་བྱུང་བའི་ཤུགས་རྐྱེན་སེལ་བར་ཕན་ཐོགས་ཡོད་ལ། ཛ་དྲག་མཐར་སོན་པའི་གནས་ཚུལ་འོག་རང་རྒྱལ་གྱི་དཔལ་འབྱོར་གཞི་རྩའི་ཆ་ནས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་པ་དང་སྤྱི་ཚོགས་སྤྱི་ཆ་ནས་བརྟན་བརླིང་ཡོང་བར་ཁེག་ཐེག་བྱེད་པར་ཡང་ཕན་ཐོགས་ཡོད།
གཉིས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་སྒོ་འབྱེད་ཅན་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་ཟུང་ལྡན་ཡིན་པ་ལས་བཀག་སྡོམ་ཅན་གྱི་རྒྱལ་ནང་གི་རེས་འཁོར་རྐྱང་པ་མིན། རང་རྒྱལ་གྱི་དཔལ་འབྱོར་ནི་འཛམ་གླིང་གི་དཔལ་འབྱོར་ལ་གཏིང་ཟབ་མོར་འདྲེས་ཡོད་ཅིང་། གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོ་དང་ཐོན་ལས་འབྲེལ་བ་ཡོད་ལ་ཕན་ཚུན་བརྟེན་རེས་བྱེད་ཚད་ཅུང་མཐོ་བ་དང་། ཕྱི་ནང་གཉིས་མཁོའི་ཚོང་ར་རང་ངོས་ནས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་སྐུལ་འདེད་བྱེད་པ་ཞིག་ཡིན། རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་ནི། ནང་མཁོའི་བག་ཉལ་སྟོབས་ཤུགས་འདོན་སྤེལ་བྱས་པ་བརྒྱུད་དེ་རྒྱལ་ནང་གི་ཚོང་ར་དང་རྒྱལ་སྤྱིའི་ཚོང་ར་སྦྲེལ་མཐུད་སྔར་ལས་ལྷག་པ་བྱེད་དུ་འཇུག་པ་དང་། རྒྱལ་ནང་གི་རེས་འཁོར་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་བདག་རྐྱེན་འགུག་ཐབས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་ཚོང་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་ལས་ལྷག་པ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ཁུངས་བགོ་སྒྲིག་བྱེད་ནུས་ཆེ་རུ་བཏང་སྟེ་སྒོ་འབྱེད་འཕེལ་རྒྱས་ནང་གི་འཐབ་ཇུས་ཀྱི་རང་དབང་སྔར་ལས་ལྷག་པའི་སྒོ་ནས་བརྩོན་ལེན་བྱེད་པ་བཅས་ཡིན་པ་ལས་སྒོ་བརྒྱབ་ནས་བཀག་སྡོམ་ངང་འཁོར་སྐྱོད་བྱེད་པ་གཏན་ནས་མིན། རང་རྒྱལ་གྱི་སྒོ་མོ་རྒྱ་ཆེ་རུ་ཆེ་རུ་འབྱེད་པ་ལས་སྒོ་མོ་རྒྱག་གཏན་ནས་མི་སྲིད། རྒྱལ་ནང་གི་རེས་འཁོར་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་ཟུང་ལྡན་བར་གྱི་འབྲེལ་བ་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། རང་དབང་གིས་ལས་སྒྲུབ་དང་ཐབས་མཁས་ཀྱིས་ལས་སྒྲུབ་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། ཁྱབ་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་དགོས།
གསུམ་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོའི་རྨང་གཞིའི་ཐོག་གི་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་ཡིན་པ་ལས། ས་གནས་ཁག་ཚང་མས་རང་ཉིད་ཀྱི་འཁོར་རྒྱུག་ཆུང་ངུ་བཟོ་བ་མིན། ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཏེ་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་དགོས་པ་བཏོན་པ་ནི་རྒྱལ་ཡོངས་ལ་དམིགས་ནས་བཤད་པ་ཞིག་ཡིན་པ་ལས། ས་གནས་ཁག་གིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རང་ཉིད་ཀྱི་འཁོར་རྒྱུག་ཆུང་ངུ་བཟོ་དགོས་པའི་བླང་བྱ་བཏོན་པ་ཞིག་མིན། ས་ཁུལ་ཁག་གིས་རྒྱལ་ནང་གི་རེས་འཁོར་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་རེེས་འཁོར་ཟུང་ལྡན་ནང་དུ་རང་ཉིད་ཀྱིས་ཟིན་པའི་གོ་གནས་དང་བསྡུར་མངོན་དགེ་མཚན་གནད་ལ་འཁེལ་བར་བཙལ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པ་སོགས་དང་གཞི་མཐུན་པར་སྦྲེལ་མཐུད་བྱས་ནས་བསྒྱུར་བཅོས་སྒོ་འབྱེད་ཀྱི་བཙན་ས་གསར་པ་སྐྲུན་དགོས་པ་ལས། “ཆུང་ཞིང་ལེ་ལག་ཚང་བ་”བྱེད་མི་རུང་ལ། “རྒྱལ་ནང་གི་རེས་འཁོར་”གྱི་མིང་ཐོག་ནས་ས་ཁུལ་བཀག་སྡོམ་དེ་བས་ཀྱང་བྱེད་མི་རུང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཕན་པའི་ཐབས་ལམ་ནུས་ལྡན་སྔོན་ལ་འཚོལ་ཞིབ་བྱས་ནས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་ནས་ལོ་5ཕྱིན་པ་རེད། ཕྱོགས་གང་ཅིའི་ཐད་ནས་ཚད་མཐོའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་ལ་ལག་ལེན་ཡང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་འདོན་ཤ་སྟག་རེད། དེ་ནི་ལོ་རྒྱུས་ཀྱི་གཏན་ཚིགས་དང་མངོན་སུམ་གྱི་གཏན་ཚིགས་ཀྱིས་ནུས་པ་མཉམ་དུ་ཐོན་པ་ཞིག་རེད། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་སྔོན་ཚོད་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་རང་བཞིན་གྱི་ཇུས་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག །སྤྱི་ཁོག་རང་བཞིན་གྱི་སྐུལ་སྤེལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐོག་ནས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོས་ཕན་ཚུན་སྐུལ་འདེད་ཡོང་བར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཤུགས་རྒྱག་ས་གལ་ཆེན་འགའ་ཞིག་སྟངས་འཛིན་ཡག་པོ་བྱེད་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་མ་ལག་ཚང་བའི་ལས་གྲྭ་ཞིག་ཡིན། “ལས་ཀྱི་གནད་ག་གོང་ནས་བཟུང་”སྟེ། འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་རྒྱག་དགོས་པར་མ་ཟད། “བྱེ་བྲག་གཤམ་ལ་བགོ་བར་བྱས་”[1]ནས། ལས་ཀའི་ཤུགས་རྒྱག་ས་སྟངས་འཛིན་བྱེད་དགོས།
གཅིག་ནི་ནང་མཁོའི་མ་ལག་ཆ་ཚང་སྐྱེད་སྲིང་ཇེ་མགྱོགས་བྱེད་དགོས། དེ་ནི་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་རྒྱུག་པོ་ཡོང་བ་དང་རྒྱལ་ནང་གི་རེས་འཁོར་ཆེན་པོའི་བྱེད་པོའི་གོ་གནས་མཐོ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཡིན། དཔལ་འབྱོར་བྱེད་སྒོ་ནི་འགུལ་རྣམ་དང་ཡང་སྐོར་བསྐྱར་སྐོར་གྱི་འཁོར་རྒྱུག་བརྒྱུད་རིམ་ཞིག་ཡིན། གཏིང་རིམ་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་བརྒྱབ་ནས་དཔལ་འབྱོར་འཁོར་རྒྱུག་ལ་འགོག་རྐྱེན་བཟོ་བའི་འགག་གནས་གཙོ་གནད་ནུས་ཤུགས་ཡོད་རྒུས་གཤོང་དགོས། རྒྱལ་ནང་གི་དགོས་མཁོ་བསྐང་རྒྱུ་གཞི་རྩའི་རྟེན་གཞི་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་གཞི་མཐུན་པར་ཟུང་འབྲེལ་བྱེད་པ་དང་། འདོན་སྤྲོད་མ་ལག་དེ་རྒྱལ་ནང་གི་དགོས་མཁོ་དང་མཐུན་པའི་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱས་ནས་དགོས་མཁོས་འདོན་སྤྲོད་ལ་སྣེ་ཁྲིད་དང་། འདོན་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བར་བྱེད་དགོས། དེང་རབས་ཀྱི་འཁོར་རྒྱུག་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཁྲེགས་ཆས་དང་མཉེན་ཆས། ཐབས་ལམ་དང་ལས་སྟེགས་བཅས་འཐུས་ཚང་དུ་བཏང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་པོའི་རྨང་གཞི་གལ་ཆེན་སྲ་བརྟན་དུ་གཏོང་དགོས།
གཉིས་ནི་ཚན་རྩལ་རང་ཚུགས་རང་དར་ཡོང་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། དེ་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོ་རྒྱུག་པོ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་རྒྱལ་སྤྱིའི་རེས་འཁོར་ཆེན་པོའི་ནང་གི་རང་རྒྱལ་གྱི་བཟང་ཆ་གསར་པ་སྐྲུན་པའི་འགག་རྩ་ཡིན། འགན་འཁྲིའི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྟོང་བསམ་དོར་ནས་དངོས་ཡོད་ལ་དོ་སྣང་བྱེད་པ་དང་། འགག་རྩ་དང་སྲོག་ཤིང་ལག་རྩལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཁྱབ་ཁོངས་གལ་ཆེན་གྱི་“སྐེ་བཙིར་བའི་”ལག་རྩལ་མགྱོགས་མྱུར་འགག་སྒྲོལ་བཅས་བྱེད་དགོས། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྒོ་ཀུན་ནས་སྐུལ་སློང་བྱས་ཏེ། ཤེས་ལྡན་མི་སྣ་ཕྱོགས་ཡོངས་ནས་གསོ་སྐྱོང་དང་། ནང་འདྲེན། བཀོལ་སྤྱོད་བཅས་ཡག་པོ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཚན་རྩལ་སྣེ་ཁྲིད་ཀྱི་ཤེས་ལྡན་མི་སྣ་རྩེར་སོན་དང་གསར་གཏོད་ཚོགས་པ་སྔར་ལས་མང་བ་སྐྱེད་སྲིང་བྱེད་དགོས་ཤིང་། རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣའི་རྗེས་གྲབས་དཔུང་ཁག་གསོ་སྐྱོང་བྱེད་དགོས། ཚན་རིག་པ་དང་ཕྱི་འགྲིམས་སློབ་མ་རྒྱལ་ནང་དུ་ལོག་ནས་ཞིབ་འཇུག་གསར་སྤེལ་དང་། སློབ་སྦྱོང་། ལས་སྒྲུབ། འཚོ་བ་རོལ་བ་བཅས་ལ་ཁོར་ཡུག་བཟང་པོ་དང་ཞབས་ཞུའི་འགན་སྲུང་འདོན་སྤྲོད་བྱས་ནས་ཁོང་ཚོར་ནུས་པ་གང་ཡོད་འདོན་དུ་འཇུག་པ་དང་། ཡོན་ཏན་ཇི་ཡོད་སྤྱོད་དུ་འཇུག་པ། རྒྱལ་ཁབ་ཀྱི་དོན་དུ་ལས་ལ་བརྩོན་དུ་འཇུག་པ་བཅས་བྱེད་དགོས།
གསུམ་ནི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ལེགས་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། དེ་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོའི་བྱེད་པོའི་གོ་གནས་སྲ་བརྟན་གཏོང་བ་དང་། རྒྱལ་སྤྱིའི་རེས་འཁོར་ཆེན་པོའི་ནང་གི་སྐུལ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཚུགས་པའི་གཞི་རྩ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན། ད་རེས་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱས་པར། རང་རྒྱལ་གྱི་ཆ་ཚང་བའི་བཟོ་སྐྲུན་ལས་རིགས་མ་ལག་གིས་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་པས། བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་དང་ལྷག་པར་དུ་རྒྱལ་ཁབ་ཆེན་པོའི་འཕེལ་རྒྱས་དང་བདེ་འཇགས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡང་བསྐྱར་ར་སྤྲོད་བྱས། ཐོན་ལས་མུ་ཕྲེང་གི་མཉེན་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གོ་གནས་སུ་བཞག་ནས་རང་བདག་ཡིན་ལ་ཚོད་འཛིན་ཐུབ་པ་དང་བདེ་འཇགས་ཡིན་ལ་ལས་ཕྱོད་ཆེ་བའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་འཛུགས་པར་ཤུགས་རྒྱག་དགོས། གཙོ་གནད་ལས་རིགས་ཀྱི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་མ་ལག་ལྡན་པར་ལེགས་སྒྲིག་བྱས་ཏེ། ལྷུ་ཚིགས་ཞན་ས་གསལ་རྟོགས་དང་ཉེན་ཁ་ཆེ་ས་འཕྱུགས་མེད་བཙལ་ནས་ལས་རིགས་ཕྱེ་ནས་འཐབ་ཇུས་ཇུས་འགོད་དང་ཇུས་བསྟར་གནད་འཁེལ་ཡག་པོ་བྱེད་པ་དང་། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གི་ཆད་སྐྱོན་གང་མགྱོགས་གསབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་དང་ལྷུ་ཚིགས་སུ་རང་བདག་ཡིན་ལ་ཚོད་འཛིན་ཐུབ་པ་རིམ་བཞིན་མངོན་འགྱུར་བྱེད་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་ཁེ་ལས་ཀྱི་རྩ་བ་རྒྱས་ནུས་ཆེ་རུ་བཏང་སྟེ། ཐོན་ལས་རྒྱལ་ནང་དུ་སྒྲིག་རིམ་ལྡན་པའི་ངང་སྤོ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་སྤོ་སྒྱུར་བྱེད་ནའང་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་མུ་ཕྲེང་གི་འགག་རྩའི་ལྷུ་ཚིགས་རྒྱལ་ནང་དུ་འཇོག་དགོས།
བཞི་ནི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཁོར་རྒྱུག་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོའི་ཕྱོགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་ཟུང་གི་བསྡུར་ཚད་འབྲེལ་བ་སྐྱོན་བྲལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡང་ཡིན། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། “ཞིང་གསུམ་”གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེན་ནང་གི་དོན་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་པ་དང་། དབུལ་ཞྭ་ཕུད་པའི་ས་ཁུལ་གྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཡོང་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་བདེ་འཇགས་ཡོང་བར་འགན་སྲུང་བྱ་རྒྱུ་ནི་“ཞིང་གསུམ་”ལས་དོན་གྱི་དོན་ཆེན་ཨང་དང་པོ་ཡིན། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་ཐད་ལྷོད་གཡེང་གཏན་ནས་བྱེད་མི་རུང་། འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྐོང་དང་བཟའ་འབྲུ་མཐའ་གཅིག་ཏུ་བདེ་འཇགས་ཡོང་རྒྱུ་འགན་ལེན་ཏན་ཏིག་བྱེད་པ་དང་། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་ལེགས་སྒྱུར་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ས་ཁོངས་བཀོད་པ་ལེགས་སྒྱུར་བྱེད་པ། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོབ་ཁུལ། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བཟང་ཆ་ལྡན་ཁུལ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ལྔ་ནི་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས། དེ་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོ་རྒྱུག་པོ་ཡོང་བའི་ཀུན་སློང་དང་དམིགས་ཡུལ་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་པོ་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པའི་གནད་འགག་གི་འབྲེལ་མཚམས་ཀྱང་ཡིན། མི་དམངས་མང་ཚོགས་ཀྱི་དགོས་མཁོའི་འགྱུར་ལྡོག་དང་བསྟུན་ནས་དམངས་འཚོའི་བྱ་གཞག་ཁག་ཧུར་ཐག་སྒོས་ཡག་པོར་སྒྲུབ་རྒྱུ་དང་། མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཐོན་སྐྱེད་ཀྱི་རྩ་བའི་དམིགས་ཡུལ་ཡིན། བགོ་བཤའི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས་ཡོང་འབབ་འབྲིང་རིམ་ཚོགས་སྤྱི་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བར་ཕན་ཞིང་། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བའི་འགག་རྩའི་ལྷུ་ཚིགས་ཤིག་རེད། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོ་ཡིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། ཐོག་མའི་བགོ་བཤའི་ནང་གི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་བ་དང་། གླ་ཕོགས་ལུགས་མཐུན་ངང་འཕར་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་ཞིང་དང་མ་རྩ་སོགས་བདག་རྐྱེན་སྤྱོད་དབང་དང་ཁེ་ཕན་ཐོབ་དབང་ལ་བརྟེན་ནས་ཡོང་འབབ་དམའ་མོ་དང་འབྲིང་པོའི་ཚོགས་སྤྱིའི་བདག་རྐྱེན་ཡོང་འབབ་མང་དུ་གཏོང་ཐབས་འཚོལ་ཞིབ་བྱེད་པ་དང་། ངལ་རྩོལ་པའི་གླ་ཕོགས་དང་ཁེ་དབང་འགན་སྲུང་ཏན་ཏིག་བྱས་ནས་ཡོང་འབབ་འབྲིང་པོའི་ཚོགས་སྤྱི་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་དམངས་འཚོའི་ཁེ་ཕན་མང་ཙམ་གཉེར་བ་དང་། དམངས་འཚོའི་དཀའ་ངལ་མང་ཙམ་སེལ་བ་དང་། གང་ནུས་དེ་སྒྲུབ་དང་འཁོས་དཔག་ལས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཆད་སྐྱོན་དང་ཞན་ཆ་མགྱོགས་མྱུར་གསབ་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
དྲུག་ནི་བདེ་འཇགས་འཕེལ་རྒྱས་ཞེས་པའི་མཐའ་ཚད་འདི་བརྟན་པོར་སྲུང་དགོས། དེ་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་སྔོན་འགྲོའི་ཆ་རྐྱེན་དང་འགན་སྲུང་གལ་ཆེན་ཡིན་ལ། རྒྱལ་ནང་གི་རེས་འཁོར་ཆེན་པོ་རྒྱུག་པོ་ཡོང་བའི་དགོས་ངེས་ཀྱི་ནང་དོན་ཡང་ཡིན། ཐེངས་འདིའི་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཏེ་འཐབ་ཇུས་བཀོད་སྒྲིག་བྱས་པ་དེར་རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་ཆེ་རུ་གཏོང་དགོས། སྒོ་འབྱེད་དང་བདེ་འཇགས་ཀྱི་འབྲེལ་བར་གདེང་ཚོད་ཡག་པོ་ལེན་པ་དང་། སྒོ་འབྱེད་དང་བདེ་འཇགས་ཀྱི་དྲ་བ་དམ་ཞིང་བརྟན་པར་འཐེན་པ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཁོར་ཡུག་གི་ནང་དུ་རྒྱལ་ཁབ་བདེ་འཇགས་འགུལ་རྣམ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ཨང་དང་པོར་བཞག་སྟེ། ཕྱོགས་ཡོངས་ནས་སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་བརླིང་སྒྲིག་ལྡན། རྒྱལ་ཁབ་ཡུན་རིང་བདེ་འཁོད་བཅས་ཡོང་བར་སྐུལ་འདེད་གཏོང་དགོས།
མཆན་འགྲེལ།
[1] སུང་རྒྱལ་རབས་ལྷོ་མའི་ཁྲེན་ལིའང་གི་《རྩ་བ་འཛིན་ལུགས་ཀྱི་རྣམ་བཤད་》ཅེས་པར་གསལ།
༄༅། །འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཡང་དག་ཆུད་དགོས།
(2021ལོའི་ཟླ་1ཚེས་11ཉིན།)
ཏང་དང་མི་དམངས་ཀྱི་བྱ་གཞག་གནས་སའི་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་འཕེལ་རྒྱས་ཀྱི་དུས་རིམ་ལ་ངོས་འཛིན་ཡང་དག་པ་བྱེད་པ་ནི་ང་ཚོའི་ཏང་གིས་དུས་རིམ་རང་བཞིན་གྱི་ལྟེ་བའི་ལས་འགན་ཁ་གསལ་བཟོ་བ་དང་། ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་གཏན་ལ་འབེབས་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། ང་ཚོའི་ཏང་གིས་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་ལ་འགོ་ཁྲིད་བྱས་ཏེ་རྒྱུན་ཆད་མེད་པར་རྒྱལ་ཁ་བླངས་པའི་ཉམས་མྱོང་གལ་ཆེན་ཡང་ཡིན།
དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ང་ཚོའི་ཏང་གིས་དཀའ་སྤྱད་འཚོལ་ཞིབ་བྱས་པ་བརྒྱུད། ཀྲུང་གོའི་གསར་བརྗེས་ནི་ངེས་པར་དུ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ཞེས་པའི་ལོ་རྒྱུས་ཀྱི་དུས་རིམ་འདི་བརྒྱུད་དགོས་པ་ངོས་འཛིན་རིམ་བཞིན་བྱུང་བ་དང་། རྨང་གཞི་དེའི་ཐོག་ཏུ་ཀྲུང་གོའི་གསར་བརྗེའི་ལས་འགན་དང་འཐབ་ཇུས་ཀྱི་ཇུས་གཞི་བཏོན་ཞིང་། མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་གསར་བརྗེ་ལ་རྒྱལ་ཁ་བླངས་པ་རེད། ཀྲུང་གོ་གསར་པ་བཙུགས་མ་ཐག་པའི་སྐབས་སུ། ང་ཚོའི་ཏང་ལ་དམངས་གཙོ་རིང་ལུགས་གསར་པའི་སྤྱི་ཚོགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་སྐྱོད་པའི་བར་བརྒལ་གྱི་དུས་རིམ་ཞིག་བརྒྱུད་དགོས་པ་ངོས་འཛིན་ཟབ་མོ་བྱུང་ནས་བར་བརྒལ་དུས་སྐབས་ཀྱི་ཏང་གི་སྤྱིའི་ལམ་ཕྱོགས་ཆགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་ལས་འགན་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་རིམ་དུ་སླེབས་པ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། ང་ཚོའི་ཏང་གིས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་སྤྱི་དང་ལྷག་པར་དུ་རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ། རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པར་མ་ཟད་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པའི་བརྡར་ཤ་གལ་ཆེན་བཅད་ཅིང་། དེ་ལ་གཞིགས་ནས་ཏང་གི་གཞི་རྩའི་ལམ་ཕྱོགས་བཏོན་ཏེ་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་བཏོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྔོན་བྱོན་པས་ཡུན་རིང་འབད་འཐབ་བྱས་པའི་རྨང་གཞིའི་ཐོག་ང་ཚོས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་བ་དང་། “ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པར་སྐུལ་འདེད་བཏང་བ་རེད།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག །ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་རྗེས་ང་ཚོས་བབ་བསྟུན་མདུན་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་དགོས་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་དགོས་ཞེས་བཏོན་པ་དེས་རང་རྒྱལ་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ཏུ་བསྐྱོད་པ་མཚོན་ཡོད། འཐབ་ཇུས་ཀྱི་བརྡར་ཤ་འདི་འདྲ་ཞིག་བཅད་པ་ལ་གཞི་འཛིན་ས་གཏིང་ཟབ་མོ་ཡོད་པ་རེད།
རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་སའི་ཆ་ནས་བཤད་ན། མར་ཁེ་སིའི་རིང་ལུགས་ནི་རྒྱང་རིང་གི་ཕུགས་བསམ་དང་མངོན་སུམ་གྱི་དམིགས་འབེན་ཟུང་འབྲེལ་བྱེད་པ་དང་། ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གཅིག་གྱུར་བྱེད་པའི་གཞི་མཐུན་སྨྲ་བ་ཡིན་ཞིང་། མིའི་རིགས་ཀྱི་སྤྱི་ཚོགས་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་ངེས་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་པ་ཡིན་མོད། འོན་ཀྱང་བླ་ན་མེད་པའི་དམིགས་འབེན་འདི་མངོན་འགྱུར་བྱེད་དགོས་ན་ལོ་རྒྱུས་ཀྱི་དུས་རིམ་འགའ་ཞིག་བརྒྱུད་དགོས་ངེས་རེད། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སྤྱད་དེ་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱེད་པའི་ལག་ལེན་ལས་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་གཏོང་བ་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བ་ལ་དབྱེ་དགོས་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་རིམ་བཞིན་ངོས་འཛིན་བྱུང་ཡོད། 1959ལོའི་ལོ་མཇུག་ནས་1960ལོའི་ལོ་འགོ་བར། བློ་མཐུན་མའོ་ཙེ་ཏུང་གིས་སུའུ་ལེན་གྱི་《ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་དེབ་》ཀློག་སྐབས་“སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་འདི་ཡང་དུས་རིམ་གཉིས་སུ་དབྱེ་དགོས་ཤས་ཆེ། དུས་རིམ་དང་པོ་ནི་དར་རྒྱས་བྱུང་མེད་པའི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། དུས་རིམ་གཉིས་པ་ནི་ཅུང་ཟད་དར་རྒྱས་བྱུང་བའི་སྤྱི་ཚོགས་རིང་ལུགས་ཡིན། དུས་རིམ་ཕྱི་མ་ལ་དུས་རིམ་སྔ་མ་ལས་དུས་ཡུན་དེ་བས་རིང་བ་དགོས་ཤས་ཆེ་”[1]ཞེས་གསུངས་ཡོད། 1987ལོར། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། “སྤྱི་ཚོགས་རིང་ལུགས་ནི་གུང་ཁྲན་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཡིན་པ་དང་། ང་ཚོ་ཀྲུང་གོ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད། དེ་ཡང་དར་རྒྱས་བྱུང་མེད་པའི་དུས་རིམ་ཞིག་རེད། བྱ་བ་གང་བྱེད་ཚང་མ་དོན་དངོས་འདི་གཞིར་འཛིན་དགོས་པ་དང་། དོན་དངོས་འདི་གཞིར་བཟུང་ནས་འཆར་གཞི་འགོད་དགོས།”[2] ད་ལྟ་ང་ཚོ་གནས་པའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་འདི་ཡང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནང་གི་དུས་རིམ་ཞིག་ཡིན་པའི་ཕྱོགས་མཚུངས་སུ་དེའི་ནང་གི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གསོག་འཇོག་བྱས་ཏེ་འགོ་ཚུགས་ས་གསར་པ་ཞིག་ཏུ་སླེབས་པའི་དུས་རིམ་ཞིག་རེད།
ལོ་རྒྱུས་ཀྱི་གཞི་འཛིན་སའི་ཆ་ནས་བལྟས་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནི་ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡར་ལངས་ཐོབ་པ་དང་། ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བའི་དུས་རིམ་གསར་པ་ཞིག་རེད། ང་ཚོའི་ཏང་དབུ་བརྙེས་རྗེས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་ངོ་28རིང་སྲོག་བསྡོས་ཀྱིས་དམར་འཛིང་དང་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་སྒྱུར་བཀོད་ལེགས་འགྲུབ་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་ལེགས་པར་བཙུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་འཛུགས་སྐྲུན་གཞི་རྒྱ་ཆེན་པོར་སྤེལ་མཐར། ཀྲུང་གོའི་མི་དམངས་ཡར་ལངས་བྱུང་བར་མ་ཟད། གཞི་རྐང་ཚུགས་པ་དང་བརྟན་པོར་གྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་བ་རེད། ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་པ་ན། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བསྒྱུར་བཅོས་སྒོ་འབྱེད་ཀྱི་གསར་བརྗེ་རླབས་པོ་ཆེ་གསར་པ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་ཆེན་པོ་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལེགས་འགྲུབ་ངང་གསར་གཏོད་བྱས་པས་ཀྲུང་གོས་གོམ་སྟབས་ཆེན་པོ་སྤོས་ཏེ་དུས་རབས་ཀྱི་རྗེས་ཆོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་པ་རེད། ད་ཆ། ང་ཚོས་དེ་སྔའི་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་གསར་པ་མུ་མཐུད་དུ་རྩོམ་བཞིན་ཡོད།
མངོན་སུམ་གྱི་གཞི་འཛིན་སའི་ཆ་ནས་བཤད་ན། ང་ཚོར་འཐབ་ལམ་གསར་པ་འབྱེད་པ་དང་། སྔར་ལས་མཐོ་བའི་དམིགས་འབེན་གསར་པ་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་བརྟན་པོ་ལྡན་ཟིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་40ལྷག་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མཇུག་བསྡུས་པའི་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། མི་དམངས་ཀྱི་འཚོ་བའི་ཆུ་ཚད་བཅས་སྐས་རིམ་ཆེན་པོ་གསར་པ་ཞིག་ཏུ་བསྙེགས་ནས་འཛམ་གླིང་གི་དཔལ་འབྱོར་ཕུང་གྲུབ་ཆེན་པོ་ཨང་གཉིས་པ་དང་། བཟོ་ལས་རྒྱལ་ཁབ་ཆེན་པོ་ཨང་དང་པོ། དངོས་ཟོག་ཉོ་ཚོང་རྒྱལ་ཁབ་ཆེན་པོ་ཨང་དང་པོ། ཕྱི་དངུལ་གསོག་འཇོག་རྒྱལ་ཁབ་ཆེན་པོ་ཨང་དང་པོ་བཅས་སུ་གྱུར་ཡོད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་བ་དང་། མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ལས་བརྒལ་བ་དང་། ཡོང་འབབ་འབྲིང་པོའི་མི་ཚོགས་མི་དུང་ཕྱུར་4ལས་བརྒལ་ཡོད། ལྷག་པར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པ་ལ་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མའི་སེམས་ནད་དུ་གྱུར་པའི་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། དེར་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རིམ་ནང་དུ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་དང་། རང་རྒྱལ་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐྱོད་ཅིང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ཡུན་རིང་མ་འགྱངས་པར། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན་པ་དང་། དེ་ནས་ལོ་ལྔའི་འཆར་འགོད་(འཆར་གཞི་)13བརྒྱུད་དེ། ང་ཚོས་དམིགས་འབེན་དེ་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཟིན་པ་དང་། སླད་ཕྱིན་གྱི་ལོ་ངོ་30ནི་ང་ཚོས་ལོ་རྒྱུས་ཀྱི་བསམ་འདུན་ཆེན་པོ་འདི་ཉིད་ལེགས་འགྲུབ་བྱེད་པའི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡིན་པ་རེད། ང་ཚོས་མ་འོངས་པའི་འཕེལ་རྒྱས་ལམ་ཐིག་དང་དུས་ཚོད་རེའུ་མིག་གཏན་ལ་ཕབ་ཟིན་པ་སྟེ། 2035ལོར་སླེབས་དུས་ལོ་ལྔའི་འཆར་འགོད་གསུམ་གྱི་དུས་ཡུན་སྤྱད་དེ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་དང་། དེ་ནས་སླར་ཡང་ལོ་ལྔའི་འཆར་འགོད་གསུམ་གྱི་དུས་ཡུན་སྤྱད་དེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་རང་རྒྱལ་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་རེད།
དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ཉེ་ལམ་དུས་སྐབས་ཤིག་གི་རིང་དུ། འཛམ་གླིང་གི་ཁྱད་ཆོས་གཙོ་བོ་ནི་“ཟང་ཟིང་”ཞེས་པའི་ཐ་སྙད་འདི་ཡིན་ཞིང་། འཕེལ་ཕྱོགས་འདི་ད་དུང་མུ་མཐུད་ནས་རྒྱུན་བསྲིང་ཡོང་བཟོ་འདུག །ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པ་དེ་ལ་ཁ་གཏད་འཇལ་སྟངས་ཐད་དུ། རྒྱལ་ཁབ་ཁག་གི་འགོ་ཁྲིད་ནུས་ཤུགས་དང་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་འདྲ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཞིག་རེད། དུས་བབ་ཀྱི་བཟང་ཆ་ནི་ང་ཚོའི་ཕྱོགས་སུ་ཡོད། འདི་ནི་ང་ཚོའི་ངེས་ཤུགས་དང་སྤོབས་སེམས་གནས་ས་ཡིན་ལ། ང་ཚོའི་ཆོད་སེམས་དང་བློ་གདེང་གནས་ས་ཡང་ཡིན།
དེ་དང་ལྷན་དུ་ང་ཚོས་ངེས་པར་དུ་གསལ་པོར་ཤེས་དགོས་པ་ཞིག་ནི། ད་ལྟ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་གི་རིང་དུ། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ལྡན་པའི་དུས་སྐབས་ཤིག་ཏུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་འབྱུང་བཞིན་ཡོད་ལ། གོ་སྐབས་དང་འགྲན་སློང་ཆེན་པོ་འདི་འདྲ་སྔར་བྱུང་མྱོང་མེད་པ་དང་སྤྱི་ཡོངས་ནས་བཤད་ན་གོ་སྐབས་ནི་འགྲན་སློང་ལས་ཆེ་བ་ཡོད། གནའ་མིའི་གཏམ་ལ་“སླ་བར་གཟབས་ནས་དཀའ་བ་གཡོལ། ཕྲ་མོར་འབད་ནས་གེགས་ཆེན་ཟློག་”[3]ཅེས་ཟེར་བ་ལྟར། ཏང་ཡོངས་ཀྱིས་ངེས་པར་དུ་མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། སྐུལ་སློང་བྱེད་ཆོག་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་དང་། མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་པ་དང་སྙིང་རུས་ལྷོད་མེད་ངང་ང་ཚོས་གཏན་འཁེལ་བྱས་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས།
ང་ཚོའི་ལས་འགན་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན། དེ་ཡང་ང་ཚོས་འཛུགས་སྐྲུན་བྱེད་པའི་དེང་རབས་ཅན་ནི་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། ཀྲུང་གོའི་དོན་དངོས་དང་མཐུན་པ་ཞིག་ཡིན་པ་སྨོས་ཅི་དགོས། ངས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་དོན་དག་ལྔ་དམིགས་སུ་བཀར་ནས་ནན་བཤད་བྱས་ཡོད་དེ། རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ཡིན་པ་དང་གཅིག །མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་དེང་རབས་ཅན་ཡིན་པ་དང་གཉིས། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡོང་བའི་དེང་རབས་ཅན་ཡིན་པ་དང་གསུམ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པ་དང་བཞི། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་ཡིན་པ་དང་ལྔ་བཅས་ཡིན། འདི་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ཐད་དུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཁ་ཕྱོགས་ཡིན་པས། རང་རྒྱལ་འཕེལ་རྒྱས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་དང་། འཐབ་ཇུས་དང་འཐབ་རྩལ། སྲིད་ཇུས་དང་ཐབས་ཇུས། ལས་ཀའི་བཀོད་སྒྲིག་བཅས་ལས་མངོན་པར་བྱས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་འདིའི་དོན་ལ་འབད་བརྩོན་བྱེད་པར་སྐུལ་འདེད་གཏོང་དགོས།
འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཕེལ་རིམ་ནང་གི་དུས་རིམ་གལ་ཆེན་ཞིག་རེད། 1992ལོར་བློ་མཐུན་ཏེང་ཞའོ་ཕིན་གྱིས་“ང་ཚོས་སྤྱི་ཚོགས་རིང་ལུགས་སྤེལ་ནས་ལོ་བཅུ་ཕྲག་འགའ་ཤས་ལས་འདས་མེད་པས་ད་དུང་ཐོག་མའི་དུས་རིམ་དུ་གནས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ད་དུང་ལོ་རྒྱུས་ཀྱི་དུས་རིམ་ཧ་ཅང་རིང་པོ་ཞིག་དགོས་པ་དང་། ང་ཚོ་མི་རབས་འགའ་ཞིག་གམ་མི་རབས་བཅུ་ཕྲག་ལྷག་གམ་ཡང་ན་མི་རབས་བཅུ་ཕྲག་འགའ་ཞིག་གིས་རྒྱུན་འཁྱོངས་ལྷོད་མེད་ངང་འབད་འཐབ་བྱེད་དགོས་པ་ལས་སྣང་མེད་ལྷོད་གཡེང་གཏན་ནས་བྱེད་མི་རུང་།”[4] ཞེས་གསུངས་མྱོང་། ངའི་མྱོང་ཚོར་ནི། བློ་མཐུན་ཏེང་ཞའོ་ཕིན་གྱིས་སྐབས་དེ་དུས་བཀའ་མོལ་འདི་གསུངས་དོན་ནི་གཙོ་བོ་ཆབ་སྲིད་ཐོག་ནས་གསུངས་པ་ཞིག་ཡིན་ཞིང་། སྐབས་དེའི་རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་ཞན་པའི་ཆ་རྐྱེན་འོག །དུས་ཡུན་ཧ་ཅང་རིང་པོ་ཞིག་ལ་དཀའ་སྤྱད་འབད་བརྩོན་བྱས་ན་ད་གཟོད་དེང་རབས་ཅན་མངོན་འགྱུར་བྱེད་ཐུབ་པ་ནན་བཤད་གནང་བ་དང་། དུས་མཚུངས་སུ་དེང་རབས་ཅན་མངོན་འགྱུར་བྱུང་ནའང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མི་རབས་ནས་མི་རབས་བར་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་གནད་དོན་སྔར་བཞིན་ཐག་གཅོད་ཡག་པོ་བྱེད་དགོས་པ་ལས་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་འཐོབ་མི་སྲིད་པ་ནན་བཤད་གནང་བ་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་གིས་“བྱ་དངོས་ཐམས་ཅད་ལ་ནམ་ཡིན་ཡང་‘མཐའ་’ཡོད། བྱ་དངོས་ནི་དུས་རིམ་གཅིག་གི་རྗེས་སུ་དུས་རིམ་གཅིག་གིས་མཐུད་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་ཞིག་ཡིན་ཞིང་། དུས་རིམ་རེ་རེ་ལའང་‘མཐའ་’རེ་ཡོད། ‘མཐའ་’ཡོད་པ་ཁས་མི་ལེན་པ་ནི་ངོ་བོའི་འགྱུར་ལྡོག་གམ་ཆ་ཤས་ཀྱི་ངོ་བོའི་འགྱུར་ལྡོག་ཁས་མི་ལེན་པ་རང་རེད།”[5] ཅེས་གསུངས་མྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་གཏན་ཆགས་ཅན་དང་། འགྱུར་བ་མེད་པ། འཕེལ་མེད་སོར་གནས་བཅས་ཀྱི་དུས་རིམ་ཞིག་མ་ཡིན་ལ། རང་ཤུགས་ཅན་དང་། གཞན་དབང་ཅན། ཤུགས་ཆེན་པོ་རྒྱག་མི་དགོས་པར་རང་ཤུགས་སུ་འགྲུབ་པའི་དུས་རིམ་ཞིག་ཀྱང་མ་ཡིན་པར། དེ་ནི་འགུལ་རྣམ་ཅན་དང་། ལྷུར་ལེན་དོན་ལྡན། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་བརྒྱུད་རིམ་ཞིག་ཡིན་ཞིང་། སྐས་རིམ་ལྟར་འཕར་བ་དང་། རྒྱུན་ཆད་མེད་པར་གོང་འཕེལ་ཡར་རྒྱས་ཡོང་བ། ཉིན་རེ་བཞིན་ངོ་བོའི་ཐོག་གི་འཕུར་མཆོང་ལ་བཅར་བཞིན་པའི་གྲངས་ཀྱི་གསོག་འཇོག་དང་འཕེལ་འགྱུར་འབྱུང་བའི་བརྒྱུད་རིམ་ཞིག་ཡིན། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རང་རྒྱལ་འཕེལ་རྒྱས་ཀྱི་བླང་བྱ་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཉིད་ཐོག་མའི་དུས་རིམ་ནས་དེ་ལས་མཐོ་བའི་དུས་རིམ་དུ་སྐྱོད་པའི་བླང་བྱའང་ཡིན།
མཆན་འགྲེལ།
[1] མའོ་ཙེ་ཏུང་གི་《སུའུ་ལེན་གྱི་〈ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་དེབ་〉ཀློག་སྐབས་ཀྱི་བཀའ་མོལ་(གནད་བསྡུས་)》(《མའོ་ཙེ་ཏུང་གི་གསུང་འབུམ་》དེབ་8པ། མི་དམངས་དཔེ་སྐྲུན་ཁང་གི་1999ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་116པ།)ཞེས་པར་གསལ།
[2] ཏེང་ཞའོ་ཕིན་གྱི་《བྱ་བ་གང་བྱེད་ཀྱང་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་དོན་དངོས་གཞིར་འཛིན་དགོས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་414པ།)ཞེས་པར་གསལ།
[3] 《ཧན་ཧྥེ་ཙི་•ལའོ་ཙིའི་བཤད་པ་》ཞེས་པར་གསལ།
[4] ཏེང་ཞའོ་ཕིན་གྱི་《ཝུའུ་ཁྲང་དང་། ཧྲེན་ཀྲེན། ཀྲུའུ་ཧའེ། ཧྲང་ཧའེ་སོགས་ས་གནས་སུ་གཏམ་བཤད་བྱས་པའི་གནད་བསྡུས་》(《ཏེང་ཞའོ་ཕིན་གྱི་གསུང་རྩོམ་གཅེས་བསྒྲིགས་》དེབ་3པ། མི་རིགས་དཔེ་སྐྲུན་ཁང་གི་1994ལོའི་བོད་ཡིག་པར་གཞི། ཤོག་ངོས་627པ།)ཞེས་པར་གསལ།
[5] མའོ་ཙེ་ཏུང་གི་《སུའུ་ལེན་གྱི་〈ཆབ་སྲིད་དཔལ་འབྱོར་རིག་པའི་སློབ་དེབ་〉ཀློག་སྐབས་ཀྱི་བཀའ་མོལ་(གནད་བསྡུས་)》(《མའོ་ཙེ་ཏུང་གི་གསུང་འབུམ་》དེབ་8པ། མི་དམངས་དཔེ་སྐྲུན་ཁང་གི་1999ལོའི་རྒྱ་ཡིག་པར་གཞི། ཤོག་ངོས་108པ།)ཞེས་པར་གསལ།
༄༅། །འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་དགོས།
(2021ལོའི་ཟླ་1ཚེས་11ཉིན།)
ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྒྱལ་སྲིད་སྐྱོང་བའི་ཕྱོགས་གལ་ཆེན་ཞིག་ནི་འཕེལ་རྒྱས་གང་འདྲ་ཞིག་མངོན་འགྱུར་བྱ་རྒྱུ་དང་འཕེལ་རྒྱས་ཇི་ལྟར་མངོན་འགྱུར་བྱ་རྒྱུའི་གནད་དོན་གལ་ཆེན་དེར་ལན་ཡག་པོ་ཞིག་འདེབས་དགོས་པ་དེ་རེད། 2015ལོའི་ཟླ་10ཚེས་29ཉིན། ངས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་“འདུ་ཤེས་ནི་བྱ་སྤྱོད་ཀྱི་སྣ་ཁྲིད་ཡིན་ཞིང་། འཕེལ་རྒྱས་ཀྱི་ལག་ལེན་ངེས་ཅན་ཞིག་ལ་འཕེལ་རྒྱས་ཀྱི་འདུ་ཤེས་ངེས་ཅན་ཞིག་གིས་སྣ་ཁྲིད་བྱེད་ཀྱི་ཡོད། འཕེལ་རྒྱས་ལ་ཕན་འབྲས་ཐོན་མིན་དང་ཐ་ན་རྒྱལ་ཕམ་གང་ཡོང་གི་རྩ་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་འགྲིག་མིན་ལ་ཐུག་ཡོད་པ་རེད། ལག་ལེན་གྱིས་ང་ཚོར་གསལ་བཤད་བྱས་དོན། འཕེལ་རྒྱས་ནི་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བའི་འཕེལ་རིམ་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ནི་འགྱུར་ལྡོག་མེད་པ་ཞིག་མིན་ལ། འཕེལ་རྒྱས་ཀྱི་ཆ་རྐྱེན་ཡང་འགྱུར་ལྡོག་མེད་པ་ཞིག་མིན་པས། འཕེལ་རྒྱས་ཀྱི་འདུ་ཤེས་ཀྱང་འགྱུར་ལྡོག་མེད་པ་ཞིག་མིན་”ཞེས་བཤད་མྱོང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོའི་ཏང་གིས་དཔལ་འབྱོར་གྱི་གནས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས་དུས་ཐོག་ཏུ་ལེགས་སྒྲིག་བྱས་པ་དེས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། འདིར་ངས་དེའི་ནང་གི་ཕྱོགས་གཙོ་བོ་དག་རགས་རིམ་ཙམ་བརྗོད་རྒྱུ་ཡིན། གཅིག་ནི་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། 2012ལོའི་ཟླ་11ཚེས་15ཉིན། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་གྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་མཇལ་འཕྲད་གནང་སྐབས། ངས་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ཞེས་ནན་བཤད་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་མཉམ་དུ་ཕྱུག་འགྱུར་གྱི་འགྲོ་ལམ་དུ་བསྐྱོད་དགོས་ཞེས་ནན་བཤད་བྱས་པ་ཡིན། 2015ལོའི་ཟླ་10ཚེས་29ཉིན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ངས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་པ་ཡིན། 2020ལོའི་ཟླ་10ཚེས་29ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ངས་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐད་དུ་ངོ་བོའི་རང་བཞིན་གྱི་འཕེལ་སྐྱེད་དེ་བས་གསལ་པོ་ཞིག་འབྱུང་བར་སྐུལ་སྤེལ་ཧུར་ཐག་གཏོང་དགོས་ཞེས་བླ་ལྷག་ཏུ་ནན་བཤད་བྱས་པ་ཡིན། གཉིས་ནི་ད་ནས་བཟུང་སླ་བཅོས་ཀྱི་སྒོ་ནས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ཁོ་ནའི་ཐོག་ནས་སུ་འཇོན་སུ་དཔའ་མི་གླེང་རྒྱུ་དེ་ཡིན། 2012ལོའི་ཟླ་12ཚེས་15ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་མི་བལྟ་བ་དང་ཆོས་ཉིད་དང་འགལ་ནས་རྨོངས་ཚོད་ཀྱིས་མྱུར་ཚད་མགྱོགས་པོ་ཁོ་ན་དོན་གཉེར་བྱེད་མི་རུང་ཞེས་ནན་བཤད་བྱས་པ་ཡིན། 2013ལོའི་ཟླ་4ཚེས་25ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ངས་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྙོམས་སྒྲིག་དམིགས་འབེན་དེ་ས་གནས་ཁག་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་མཐའ་ཚད་དུ་བརྩི་མི་རུང་ལ། ཕན་ཚུན་བསྡུར་རེས་དང་ཐ་ན་གཅིག་ཐོག་གཉིས་རྩེག་དེ་བས་ཀྱང་བྱེད་མི་རུང་བར། སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུར་གཞི་བཙུགས་ཏེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། མིག་མཐོང་ལག་ཟིན་དང་བསྲེས་ལྷད་མེད་པའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དོན་དུ་གཉེར་དགོས་པ། ཕན་འབྲས་ལྡན་ལ་སྤུས་ཀ་ལེགས་ཤིང་རྒྱུན་མཐུད་ཐུབ་པའི་དཔལ་འབྱོར་འཕེལ་རྒྱས་དོན་དུ་གཉེར་དགོས་པ་ནན་བཤད་བྱས་པ་ཡིན། གསུམ་ནི་རང་རྒྱལ་གྱི་དཔལ་འབྱོར་“དུས་གསུམ་སྣོལ་བརྩེགས་”ཀྱི་དུས་སྐབས་སུ་གནས་ཡོད་པ་དེ་ཡིན། 2013ལོའི་ཟླ་7ཚེས་25ཉིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ངས་རང་རྒྱལ་གྱི་དཔལ་འབྱོར་དེ་འཕར་སྣོན་མྱུར་ཚད་རིམ་པ་བརྗེ་བའི་དུས་སྐབས་དང་། གྲུབ་ཚུལ་ལེགས་སྒྲིག་ཟུག་གཟེར་ལངས་པའི་དུས་སྐབས། སྔོན་ཚུད་ངར་སྐུལ་སྲིད་ཇུས་ཉམས་ལེན་བྱེད་པའི་དུས་སྐབས་བཅས་སྣོལ་བརྩེགས་ཀྱི་དུས་རིམ་དུ་གནས་ཡོད་པ་དང་། དེའི་ཁར་འཛམ་གླིང་གི་དཔལ་འབྱོར་ཡང་ལེགས་སྒྲིག་གཏིང་ཟབ་བྱེད་བཞིན་པ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ་བས། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ངོས་འཛིན་ཡང་དག་པ་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱིས་བསྒྱུར་བཅོས་དང་ལེགས་སྒྲིག་བྱེད་དགོས་པ་ནན་བཤད་བྱས་པ་ཡིན། བཞི་ནི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱུན་རྣམ་གསར་པར་སླེབས་ཡོད་པ་དེ་ཡིན། 2013ལོའི་ཟླ་12ཚེས་10ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངས་“རྒྱུན་རྣམ་གསར་པ་”བཏོན་པ་ཡིན། 2014ལོའི་ཟླ་12ཚེས་9ཉིན། ཡང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངས་ཕྱོགས་9ཡི་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། རྒྱུན་རྣམ་གསར་པ་ངོས་འཛིན་དང་། རྒྱུན་རྣམ་གསར་པར་བསྟུན་པ། རྒྱུན་རྣམ་གསར་པར་སྣ་ཁྲིད་བྱེད་པ་བཅས་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཏན་ཚིགས་ཆེན་པོ་ཡིན་པ་ནན་བཤད་བྱས་པ་ཡིན། ལྔ་ནི་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་པ་དེ་ཡིན། 2013ལོའི་ཟླ་11པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ངས་ཚོང་རས་ཐོན་ཁུངས་བགོ་སྒྲིག་བྱེད་པ་ནི་ལས་ཆོད་ཆེ་ཤོས་ཀྱི་རྣམ་པ་ཞིག་ཡིན་པ་དང་། ཚོང་རས་ཐོན་ཁུངས་བགོ་སྒྲིག་ཐག་གཅོད་བྱེད་པ་ནི་ཚོང་རའི་དཔལ་འབྱོར་གྱི་སྤྱིར་བཏང་གི་ཆོས་ཉིད་ཅིག་ཡིན་པ་ནན་བཤད་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་དགོས་པ་ནན་བཤད་བྱས་ནས་ཚོང་རའི་ནུས་པ་ལ་གནས་ངེས་གསར་པ་གཏན་འཁེལ་བྱས་ཡོད། དྲུག་ནི་རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དེ་ཡིན། 2013ལོའི་ཟླ་9ཚེས་7ཉིན། ན་ཀྲར་པ་ཡེ་ཧྥུ་སློབ་ཆེན་དུ་གཏམ་བཤད་བྱེད་སྐབས་ངས་ལྟ་བ་འདི་གསལ་པོར་བཏོན་པ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་འཐབ་ཇུས་ལས་འགན་ཞིག་ཡིན་ཞིང་། བུ་རབས་ཚ་རྒྱུད་ལ་གནམ་སྔོན་པོ་དང་། ས་ལྗང་གུ། ཆུ་དྭངས་མོ་བཅས་ཀྱི་དགའ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤུལ་དུ་འཇོག་དགོས་པ་ནན་བཤད་བྱས་པ་ཡིན། 2014ལོའི་ཟླ་3ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས། ངས་ལྟ་བ་འདི་སྔར་ལས་ལྷག་པར་ནན་བཤད་བྱས་པ་ཡིན། བདུན་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་དགོས་པ་དེ་ཡིན། 2015ལོའི་ཟླ་10པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ངས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག །སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བཏོན་པ་དང་། གསར་གཏོད་ངང་འཕེལ་རྒྱས་གཏོང་བའི་དོ་སྣང་བྱ་གཞི་ནི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་དོ་སྣང་བྱ་གཞི་ནི་འཕེལ་རྒྱས་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱ་རྒྱུ། ལྗང་མདོག་ངང་འཕེལ་རྒྱས་གཏོང་བའི་དོ་སྣང་བྱ་གཞི་ནི་མི་དང་རང་བྱུང་ཁམས་ཞི་མཐུན་ཡོང་བའི་གནད་དོན་ཐག་གཅོད་བྱ་རྒྱུ། སྒོ་འབྱེད་ངང་འཕེལ་རྒྱས་གཏོང་བའི་དོ་སྣང་བྱ་གཞི་ནི་འཕེལ་རྒྱས་གཏོང་བའི་ཕྱི་ནང་མཉམ་འགུལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ། མཉམ་སྤྱོད་ངང་འཕེལ་རྒྱས་གཏོང་བའི་དོ་སྣང་བྱ་གཞི་ནི་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཡིན་པ་ནན་བཤད་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་འཕོ་འགྱུར་གཏིང་ཟབ་ཅིག་ཡིན་པ་ནན་བཤད་བྱས་པ་ཡིན། བརྒྱད་ནི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དེ་ཡིན། 2015ལོའི་ཟླ་11ཚེས་10ཉིན་ཀྲུང་དབྱང་ནོར་དཔལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་ཐོག་ངས་ཤུགས་བརྒྱབ་ནས་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བཏོན་ཡོད། 2015ལོའི་ཟླ་12ཚེས་18ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ངས་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཀྱི་འགག་རྩ་ནི་“ཐོན་ནུས་འདོར་བ་དང་། མཛོད་ཉར་འདོར་བ། བཀན་ཤིང་འདོར་བ། མ་གནས་གཅོག་པ། ཆད་སྐྱོན་གསབ་པ་”བཅས་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་བཤད་བྱས་པ་ཡིན། 2018ལོའི་ཟླ་12ཚེས་19ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག །ངས་“སྲ་བརྟན་དང་། སྟོབས་ལྡན། མཐོར་འདེགས། ཤར་བགྲོད་”བཅས་ཡིག་འབྲུ་བརྒྱད་ཀྱི་བླང་བྱ་གསར་པ་བཏོན་པ་དང་། ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་འདི་ནི་ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྤྱི་ཡོངས་ནས་བཀོད་པ་གཏོང་བའི་བླང་བྱ་ཡིན་པ་ནན་བཤད་བྱས་པ་ཡིན། དགུ་ནི་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བ་དེ་ཡིན། 2017ལོའི་ཟླ་10པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ངས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་བར་གྱི་འགལ་བར་གྱུར་ཟིན་པ་ནན་བཤད་བྱས་པ་དང་། དེ་ནི་ཁྱོན་ཡོངས་དང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡིན་པ་ནན་བཤད་བྱས་པ་ཡིན། བཅུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དེ་ཡིན། 2017ལོའི་ཟླ་10པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ངས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་བར་གྱི་འགལ་བར་གྱུར་པའི་དོན་དངོས་འདི་དང་། དེ་བཞིན་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་བླང་བྱ་གཞིར་བཟུང་ནས་རང་རྒྱལ་གྱི་དཔལ་འབྱོར་དེ་མྱུར་ཚད་མགྱོགས་པོའི་ངང་འཕར་སྣོན་ཡོང་བའི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་དུས་རིམ་དུ་གྱུར་ཡོད་པ་ནན་བཤད་བྱས་པ་ཡིན། བཅུ་གཅིག་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས་པ་དེ་ཡིན། 2017ལོའི་ཟླ་10པར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ངས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ནི་འགག་སྒོ་སྒྲོལ་བའི་ཁ་ཚ་དགོས་གཏུག་གི་བླང་བྱ་དང་རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་དམིགས་འབེན་ཡིན་པ་ནན་བཤད་བྱས་པ་ཡིན། བཅུ་གཉིས་ནི་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་དེ་ཡིན། 2020ལོའི་ཟླ་4ཚེས་10ཉིན། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོགས་ཐོག་ངས་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་ནན་བཤད་བྱས་པ་ཡིན། བཅུ་གསུམ་ནི་འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་དགོས་པ་དེ་ཡིན། 2015ལོའི་ཟླ་5ཚེས་29ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་གི་སྐབས་སུ་ངས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་འདུ་ཤེས་སེམས་ལ་བརྟན་པོར་འཆང་དགོས་པ་ནན་བཤད་བྱས་པ་ཡིན། 2016ལོའི་ཟླ་1ཚེས་18ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་གྲོས་འཛིན་གྲྭའི་ཐོག་ངས་ཕྱོགས་4ཡི་ཐད་ནས་ང་ཚོས་སྒོ་མོ་ཕྱེ་ནས་འཕེལ་རྒྱས་གཏོང་བར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་པ་དང་། 2018ལོའི་ཟླ་1ཚེས་5ཉིན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱི་ཞིབ་གྲོས་འཛིན་གྲྭའི་ཐོག་ངས་ཕྱོགས་8ཀྱི་ཐད་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་པའི་ཉེན་ཁ་16དཔེར་དྲངས་ཡོད། 2019ལོའི་ཟླ་1ཚེས་21ཉིན། ང་ཚོས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཁྱད་གསོད་གང་ཐུབ་བྱེད་པའི་ཆེད་དོན་ཞིབ་གྲོས་འཛིན་གྲྭ་ཆེད་དུ་གཉེར་བ་དང་། ངས་འཛིན་གྲྭ་འགོ་ཚུགས་མཛད་སྒོའི་ཐོག་ཆབ་སྲིད་དང་། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཨ་རིར་ཁ་གཏོད་པའི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་འཐབ་རྩོད། ཚན་རྩལ། སྤྱི་ཚོགས། ཕྱི་ཕྱོགས་ལས་དོན། ཏང་རང་ངོས་བཅས་ཁྱབ་ཁོངས་8ཀྱི་ཉེན་ཁ་ཆེན་པོ་སྔོན་འགོག་དང་སེལ་ཐབས་ལ་དབྱེ་ཞིབ་བྱས་པར་མ་ཟད་བླང་བྱ་གསལ་པོ་བཏོན་ནས་ང་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེན་པོ་མཐའ་འཁྱོངས་བྱེད་དགོས་པ་དང་། “ངང་པ་ནག་པོའི་”དོན་རྐྱེན་ལ་དོགས་ཟོན་ཆེན་པོ་བྱེད་དགོས་ལ་“བསེ་རུ་སྐྱ་བོའི་”དོན་རྐྱེན་ལའང་འགོག་ཟོན་བྱེད་དགོས་པ་ནན་བཤད་བྱས་པ་ཡིན།
ངས་བརྒྱུད་རིམ་འདི་ལ་ཕྱིར་དྲན་བྱེད་དོན་ནི་འདི་ལྟར་ནན་བཤད་བྱེད་འདོད་པ་སྟེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རིགས་པའི་གཞུང་ལུགས་དང་འདུ་ཤེས་གལ་ཆེན་མང་པོ་བཏོན་ཡོད་པ་དང་། དེ་དག་ལས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་གལ་ཆེ་ཤོས་དང་གཙོ་ཆེ་ཤོས་དེ་རེད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་མ་ལག་ལྡན་པའི་རིགས་པའི་གཞུང་ལུགས་ཆ་ཚང་ཞིག་ཡིན་ལ། དེས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་དང་། སྒུལ་ཤུགས། བྱེད་སྟངས། ཐབས་ལམ་སོགས་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཡོད་པ་དང་། ང་ཚོའི་ཏང་གི་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། རིན་ཐང་གི་ཁྲིད་ཕྱོགས། འཕེལ་རྒྱས་གཏོང་སྟངས། འཕེལ་རྒྱས་འགྲོ་ལམ་སོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཁག་གསལ་བཤད་བྱས་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས། དེ་ལ་གཤམ་གསལ་གྱི་གནད་དོན་འགའ་ངེས་ཤེས་འདྲོང་རྒྱུར་དོ་སྣང་བྱེད་དགོས།
དང་པོ། རྩ་བའི་དམིགས་ཡུལ་གྱི་ཐོག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ངེས་ཤེས་འདྲོང་དགོས། གནའ་མིའི་གཏམ་ལ་“ནམ་མཁའ་ས་གཞི་མཐའ་ཡས་ཀྱང་། །འབངས་ནི་སྲིད་ཀྱི་གཞི་མ་ཡིན། །”[1]ཞེས་གསུངས་པ་ལྟར། མི་དམངས་ནི་ང་ཚོའི་ཏང་གིས་སྲིད་དབང་སྐྱོང་བའི་རྨང་གཞི་བརྟན་ཤོས་དང་གདེང་ཚོད་ཆེ་ཤོས་དེ་ཡིན། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་རིགས་བསྐྱར་དར་དོན་གཉེར་བྱེད་པ་ནི་ང་ཚོའི་ཏང་གིས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ཀུན་སློང་དང་དམིགས་ཡུལ་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་“རྩ་བ་”དང་“བླ་སྲོག་”ཀྱང་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་དོན་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སུ་སྤྱོད་པ་བཅས་རྒྱུན་འཁྱོངས་བྱས་ན་ད་གཟོད་ཡང་དག་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་ལྡན་པ་རེད། སུའུ་ལེན་ནི་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཐོག་མ་བ་ཡིན་ཞིང་། གྲུབ་འབྲས་འོད་སྟོང་འབར་བ་ཐོབ་མྱོང་མོད། འོན་ཀྱང་ཕྱིས་སུ་ཕམ་ཉེས་བྱུང་བ་དང་ཁ་ཐོར་དུ་སོང་བ་རེད། དེའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་སུའུ་ལེན་གུང་ཁྲན་ཏང་མི་དམངས་དང་ཁ་བྲལ་ནས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་སྲུང་སྐྱོང་བྱེད་པའི་ཁྱད་དབང་དཔོན་ངན་ཚོགས་ཁག་ཅིག་ཏུ་གྱུར་པས་རེད། དེང་རབས་ཅན་མངོན་འགྱུར་བྱུང་བའི་རྒྱལ་ཁབ་ཅིག་ཡིན་པའི་དབང་དུ་བཏང་ནའང་། གལ་ཏེ་སྲིད་སྐྱོང་ཏང་གིས་མི་དམངས་དང་རྒྱབ་འགལ་བྱས་ཚེ་དེང་རབས་ཅན་གྱི་གྲུབ་འབྲས་ལ་གནོད་སྐྱོན་བཏང་འགྲོ་བ་རེད།
མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་ཞིག་ཡིན་པར་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། ང་ཚོས་དབུལ་ཕྱུག་གི་ཧེ་བག་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་དང་། དབུལ་པོ་ཇེ་དབུལ་ནས་ཇེ་དབུལ་དང་། ཕྱུག་པོ་ཇེ་ཕྱུག་ནས་ཇེ་ཕྱུག་ལ་འགྱུར་དུ་གཏན་ནས་འཇུག་མི་རུང་ལ། མི་ཕྱུག་པོ་དང་དབུལ་བོའི་བར་ལ་བརྒལ་ཐབས་མེད་པའི་འོབས་དོང་ཆེན་པོ་ཞིག་གཏན་ནས་ཆགས་སུ་འཇུག་མི་རུང་། མཉམ་དུ་ཕྱུག་འགྱུར་ཡོང་དགོས་ན། དགོས་མཁོ་དང་འབྱུང་སྲིད་པར་གཅིག་འདོམས་ཀྱིས་བསམ་བློ་གཏོང་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་གོམ་པ་རིམ་བགྲོད་བྱེད་དགོས། དེ་དང་ལྷན་དུ་ལས་དོན་འདི་རང་གར་བཞག་ནས་བསྡད་ན་ཡང་མི་འགྲིག་པར་ས་ཁུལ་ཁག་བར་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག །ཡོང་འབབ་ཀྱི་ཧེ་བག་སོགས་ཀྱི་གནད་དོན་རང་རྟོགས་དང་རང་འགུལ་ངང་ཐག་གཅོད་བྱེད་པ་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་དང་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་སྒྲུབ་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་སྣང་གསུམ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། མི་དམངས་མང་ཚོགས་ལ་མཉམ་དུ་ཕྱུག་འགྱུར་ཡོང་བ་ནི་འབོད་ཚིག་ཁོ་ན་ཙམ་གྱིས་མི་ཚད་པར་མིག་མཐོང་ལག་ཟིན་དང་བདེན་པ་བདེན་ཐུབ་ཀྱི་དོན་དངོས་ཞིག་ཡིན་པ་དངོས་སུ་ཚོར་དུ་འཇུག་དགོས།
གཉིས་པ། གནད་དོན་ཁྲིད་ཕྱོགས་སུ་བཟུང་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ངེས་ཤེས་འདྲོང་དགོས། རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་པས། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་བླང་བྱ་གསར་པར་གཞིགས་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྔར་ལས་གནད་འཁེལ་གྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔེར་ན། ཚན་རྩལ་རང་ཚུགས་རང་དར་དེ་རང་རྒྱལ་གྱི་འཚོ་གནས་དང་འཕེལ་རྒྱས་ཐག་གཅོད་བྱེད་པའི་རྨང་གཞིའི་ནུས་པ་ཞིག་ཏུ་འགྱུར་བའི་ཐད་དུ་“སྐེ་བཙིར་བའི་”གནད་དོན་མང་པོ་གནས་ཡོད། དཔེར་ན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་ཁག་བར་འཕེལ་རྒྱས་ཀྱི་ཧེ་བག་ཅུང་ཆེན་པོ་གནས་ཡོད་པ་ལ། གནད་དོན་དེ་ཡང་སྙིང་ཇི་ལྟར་ཐག་གཅོད་བྱེད་པའི་ཐད་དུ་གནད་དོན་གསར་པ་མང་པོ་ཞིག་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ཤིང་། ལྷག་པར་དུ་ས་ཁོངས་ཁག་དབྱེ་ཕྲལ་བསྐྱར་སྒྲིག་དང་། མི་འབོར་ས་ཁོངས་བརྒལ་ནས་གནས་སྤོ་བྱེད་ཚད་མགྱོགས་སུ་འགྲོ་བ། ཞིང་པས་གྲོང་ཁྱེར་དུ་ཁྱིམ་གཞིས་བཅའ་བའི་འདོད་བློ་ཆུང་དུ་འགྲོ་བ་སོགས་ཀྱི་གནད་དོན་དམ་འཛིན་བྱས་ནས་ཞིབ་འཇུག་བྱེད་དགོས་ལ་བསམ་ཕྱོགས་ཁ་གསལ་བཟོ་དགོས། དཔེར་ན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་སྤོ་སྒྱུར་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་བའི་ཐད་དུ་ངོས་འཛིན་གཅིག་མཐུན་ཚད་མཐོན་པོ་བྱུང་ཡོད་མོད་ཀྱང་། རང་རྒྱལ་གྱི་ནུས་ཁུངས་མ་ལག་ཚད་མཐོན་པོའི་སྒོ་ནས་རྡོ་སོལ་སོགས་འགྱུར་རྡོའི་ནུས་ཁུངས་ལ་བརྟེན་ཡོད་པ་དང་། ཐོན་སྐྱེད་དང་འཚོ་བའི་མ་ལག་ལྗང་མདོག་ཐཱན་ཉུང་དུ་སྤོ་སྒྱུར་བྱེད་པའི་གནོན་ཤུགས་ཧ་ཅང་ཆེ་ཞིང་། 2030ལོའི་གོང་དུ་ཐཱན་འབུད་ཚད་ཡང་རྩེར་སོན་པ་དང་2060ལོའི་གོང་དུ་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་རེད། དཔེར་ན། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགོག་རྐྱེན་བྱུང་བ་དང་སྦྲགས་ནས་ཕྱིའི་ཁོར་ཡུག་སྔར་ལས་རྙོག་འཛིང་དང་འགྱུར་ལྡོག་ཆེ་རུ་འགྲོ་བར་བརྟེན། ངེས་པར་དུ་རང་ཚུགས་རང་དར་དང་སྒོ་འབྱེད་མཉམ་ལས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། རྒྱལ་སྤྱིའི་ལས་བགོས་ནང་ཧུར་ཐག་ཞུགས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་དང་བདེ་འཇགས་ཞིབ་བཤེར་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བཅས་བྱས་ནས་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་དགོས་པ་ཚང་མས་ངོས་ཟིན་བྱུང་ཡོད། མདོར་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བསྟུད་མར་གོ་བ་ཟབ་ལེན་དང་ཐབས་བཀོད་སྔར་བས་གནད་འཁེལ་དོན་ལྡན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བསླུ་མེད་བྱེད་དགོས།
གསུམ་པ། ཉམས་ཉེས་དྲན་པའི་འདུ་ཤེས་ཐོག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་ངེས་ཤེས་འདྲོང་དགོས། “སྔ་འདང་བརྒྱབ་ཚེ་ཨར་ལ་མི་གཏད། བག་ཟོན་ཡོད་ཚེ་ཐབས་ཀྱིས་མི་རྡུགས།”[2]རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བ་དང་རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་བ་སྙོམ་སྒྲིག་གཏིང་ཟབ་ཏུ་ཕྱིན་པ་དང་སྦྲགས་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་ཕྲད་པའི་ཕྱི་ནང་གཉིས་ཀྱི་ཉེན་ཁ་དཔེ་མེད་ཇེ་ཆེར་སོང་བས། ངེས་པར་དུ་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་སྐྱེད་པ་དང་མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་སྔར་ལས་ལྷག་པའི་རྙོག་འཛིང་དང་དཀའ་ངལ་གྱི་གནས་བབ་ལ་ཁ་གཏད་འཇལ་རྒྱུའི་གྲ་སྒྲིག་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་《གྲོས་གཞི་》ལས་བདེ་འཇགས་ཀྱི་གནད་དོན་དེ་ཧ་ཅང་མངོན་གསལ་ཆེ་བའི་གནས་སུ་བཞག་སྟེ། བདེ་འཇགས་ངང་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དཀྱུས་གཅིག་ཏུ་བསྟར་དགོས་པ་ནན་བཤད་བྱས་ཡོད། གལ་ཏེ་བདེ་འཇགས་ཞེས་པའི་རྨང་གཞི་འདི་བརྟན་པོ་མ་བྱུང་ན། འཕེལ་རྒྱས་ཀྱི་ཐོག་ཁང་ཆེན་མོར་གཡོ་འགུལ་ཐེབས་ངེས་རེད། ཆབ་སྲིད་ཀྱི་བདེ་འཇགས་དང་། མི་དམངས་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་བཅས་བླ་མེད་དུ་བཀུར་རྒྱུ་གཞི་མཐུན་དུ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཐབ་རྩོད་བྱེད་ཕོད་དགོས་ལ་འཐབ་རྩོད་བྱེད་མཁས་པོ་ཡང་བྱེད་དགོས། ཕྱོགས་ཡོངས་ནས་རང་ཉིད་སྟོབས་ཆེར་གཏོང་བ་དང་ལྷག་པར་དུ་ཟིལ་གནོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་ཕྱོགས་སུ་འཕར་ཆག་ཆེན་པོ་མི་ཡོང་བ་བཀག་འགོག་བྱེད་དགོས་ཤིང་། མ་རྩའི་ཚོང་རའི་ཕྱོགས་སུ་ཕྱི་དངུལ་ཕྱིར་གཏོང་ནང་འདྲེན་ཕོན་ཆེན་བྱེད་རིགས་བཀག་འགོག་བྱེད་དགོས། འབྲུ་རིགས་དང་། ནུས་ཁུངས། ཐོན་ཁུངས་གལ་ཆེན་བཅས་ཀྱི་ཕྱོགས་སུ་འདོན་སྤྲོད་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་བརྟན་པོ་དང་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། མ་རྩ་སྒྲིག་མེད་རྒྱ་སྐྱེད་དང་རྒྱ་ཡན་དུ་དར་བ་བཀག་འགོག་བྱེད་དགོས་ལ། ད་དུང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་ཀྱི་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བའི་ལས་ཤོར་ཉེན་ཁ་སྔོན་འགོག་བྱེད་དགོས་པ་དང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཤུགས་བརྒྱབ་ནས་མི་ཚོགས་རང་བཞིན་གྱི་དོན་རྐྱེན་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱེད་པའི་ལམ་ལུགས་རང་བཞིན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཞན་གྱི་ཉམས་མྱོང་ལ་དཔེ་ལྟ་བྱེད་པ། དགོས་ངེས་ཀྱི་“ཤེལ་གྱི་སྒོ་མོ་”ཇི་ལྟར་འཛུགས་ཚུལ་ཞིབ་འཇུག་བྱས་ཏེ་དུས་རིམ་མི་འདྲ་བར་སྒོ་ལྕགས་མི་འདྲ་བ་བརྒྱབ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་གནད་དོན་སྣ་ཚོགས་ཐག་གཅོད་ནུས་ལྡན་བྱེད་དགོས།
མཆན་འགྲེལ།
[1] ཐང་རྒྱལ་རབས་ཀྱི་ཧྥང་ཞོན་ལིང་སོགས་ཀྱི་《ཅིན་ཡིག་•གོང་མ་ཞོན་ཏིའི་རྟོགས་བརྗོད་》ཅེས་པར་གསལ།
[2] ཧན་རྒྱལ་རབས་ནུབ་མའི་ལིའུ་ཞང་གི་《གཏམ་རྒྱུད་ཀྱི་དགའ་ཚལ་•འདུ་ར་》ཞེས་པར་གསལ།
༄༅། །འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་སྐྲུན་དགོས།
(2021ལོའི་ཟླ་1ཚེས་11ཉིན།)
རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་སྐྲུན་པ་ནི། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་《གྲོས་གཞི་》ལས་བཏོན་པའི་རང་རྒྱལ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བའི་འཐབ་ཇུས་ཀྱི་ལས་འགན་ཆེན་པོ་ཞིག་ཡིན་པས། ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ངེས་ཤེས་ཐིག་པོ་དང་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འགལ་རྐྱེན་བྱུང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་འཁོར་རྒྱུག་གི་བཀོད་པར་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཀྱང་གོ་ལ་ཧྲིལ་པོ་ཅན་ལས་ལྡོག་ཚུལ་ཇེ་དྲག་ཏུ་བཏང་བས། རྒྱལ་ཁབ་ཁག་གིས་ནང་ཁུལ་ལ་ཁ་ཕྱོགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་སྐབས་སུ་ང་རང་ཞིང་ཆེན་འགར་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་རིམས་འགོག་གི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་དང་། ལས་ཐོན་བསྐྱར་ཚུགས་བྱེད་པའི་ནང་དུ་ལྷགས་པའི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ཡིན། ངས་ཀྲེ་ཅང་དུ་རྟོག་ཞིབ་བྱེད་སྐབས། རིམས་ནད་ཀྱི་ཕོག་ཐུག་འོག་གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་ཁ་ཤས་མཚམས་ཆད་པས་རང་རྒྱལ་གྱི་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་བྱུང་། ས་གནས་དེ་གའི་ཁེ་ལས་མི་ཉུང་བ་ཞིག་ལ་ཉེ་བར་མཁོ་བའི་ཕྱི་རྒྱལ་གྱི་མ་བཅོས་རྒྱུ་ཆ་ནང་འདྲེན་བྱེད་མི་ཐུབ་པ་དང་། ཕྱི་རྒྱལ་གྱི་མི་སྣ་ཡོང་མི་ཐུབ་པ། དངོས་ཟོག་ཕྱིར་གཏོང་མི་ཐུབ་པ་བཅས་ཀྱི་གནས་ཚུལ་བྱུང་ནས་ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་མི་འཇོག་ཐབས་མེད་བྱུང་འདུག །ངའི་ཚོར་སྣང་ལ་ད་ལྟའི་གནས་བབ་སྔོན་མ་དང་ཧ་ཅང་མི་འདྲ་བ་རེད། ནང་འདྲེན་ཆེན་པོ་དང་ཕྱིར་སྐྱོད་ཆེན་པོ་བྱེད་པའི་ཁོར་ཡུག་གི་ཆ་རྐྱེན་ལ་འགྱུར་ལྡོག་བྱུང་ཟིན་པས། ངེས་པར་དུ་གནས་བབ་གསར་པར་གཞིགས་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བསམ་ཕྱོགས་གསར་པ་འདོན་དགོས། དེར་བརྟེན། ན་ནིང་གི་ཟླ་4པར་ངས་རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་སྐྲུན་དགོས་ཚུལ་བཏོན་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། འདི་ནི་སླད་ཕྱིན་འཕེལ་རྒྱས་ཀྱི་རང་དབང་འཛིན་པའི་འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་དང་སྔོན་ཇུས་ཡིན་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་ནང་དུ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ལེགས་འགྲུབ་བྱེད་དགོས་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན།
རང་རྒྱལ་ནི་མི་གྲངས་མང་ཞིང་ཚོང་རའི་གཞི་ཁྱོན་ཤིན་ཏུ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་རྒྱལ་ཁབ་གཞན་པ་ཚང་མར་ཕྲད་མ་མྱོང་བའི་གནོན་ཤུགས་དང་འགྲན་སློང་ཆེན་པོ་སྣ་ཚོགས་ལ་འཕྲད་ངེས་ཡིན། བློ་མཐུན་མའོ་ཙེ་ཏུང་གི་1936ལོའི་གསུང་ཚིག་ཅིག་ལ་དུས་ད་ལྟའང་ང་ཚོར་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཏེ། ཁོང་གིས་“རྙོག་འཛིང་དང་། ཛ་དྲག །དཀའ་སྡུག་བཅས་གང་འདྲ་ཆེན་པོ་ཞིག་གི་ཡུལ་དུ་གནས་རུང་། དམག་དོན་མཛུབ་སྟོན་བྱེད་མཁན་གྱིས་ཐོག་མར་རང་བཙན་རང་བདག་གི་སྒོ་ནས་རང་ཉིད་ཀྱི་སྟོབས་ཤུགས་སྒྲིག་འཛུགས་དང་བེད་སྤྱོད་བྱེད་དགོས། དགྲ་བོས་བཙན་གྱིས་གཞན་དབང་གི་གནས་སུ་བསྐྱལ་བའི་གནས་ཚུལ་རྟག་པར་འབྱུང་གི་ཡོད་ཀྱང་གལ་ཆེ་བ་ནི་མྱུར་བ་ཉིད་དུ་རང་དབང་གི་གནས་བབས་སོར་ཆུད་བྱ་རྒྱུ་དེ་ཡིན། གལ་ཏེ་གནས་བབས་དེ་ལྟ་བུ་སོར་ཆུད་བྱེད་མ་ཐུབ་ན་མཐར་ཕམ་ཉེས་ཡོང་ངེས་ཡིན།” “རང་དབང་གི་གནས་བབས་ནི་སྟོང་བསམ་ཞིག་མ་ཡིན་གྱི། མངོན་སུམ་དང་དངོས་པོ་ཞིག་ཡིན།”[1] ཞེས་གསུངས་ཡོད། ང་ཚོས་རང་ངོས་ལ་གཞི་ཚུགས་ཏེ་རྒྱལ་ནང་གི་རེས་འཁོར་ཆེན་པོ་ཤར་བགྲོད་ཐུབ་པ་དང་། ནད་བརྒྱས་མི་ཚུགས་པའི་མི་ཤིགས་རྡོ་རྗེའི་ལུས་གྲུབ་ན། ད་གཟོད་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་གང་ཞིག་བྱུང་ཡང་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་འཚོ་གནས་དང་འཕེལ་རྒྱས་འགྲོ་ཐུབ་པ་ཡིན་ཞིང་། མི་སུ་ཞིག་གིས་ཀྱང་ང་ཚོ་ཕམ་པར་བྱེད་མི་ཐུབ་པ་དང་བགགས་གསོད་བྱེད་མི་ཐུབ་པ་ཡིན། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་པོར་སྐྲུན་པར་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་རླུང་དམར་དྲག་ཆར་དང་རྦ་ཀློང་དྲག་པོ་སྣ་ཚོགས་ལས་ང་ཚོའི་འཚོ་གནས་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། འཕེལ་རྒྱས་གཏོང་ནུས། རྒྱུན་མཐུད་བྱེད་ཤུགས་བཅས་ཇེ་ཆེར་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་རིམ་འགོར་འགྱངས་མི་ཡོང་རྒྱུ་དང་ཐ་ན་བར་མཚམས་མི་ཆད་རྒྱུ་འགན་ལེན་ཏན་ཏིག་བྱེད་དགོས།
ལག་ལེན་གྱི་ནང་དུ་ང་ཚོས་ངོས་འཛིན་ཐད་ཀྱི་ནོར་འཁྲུལ་འགའ་ཞིག་ལ་འགོག་ཟོན་བྱེད་པར་གཟབ་དགོས་ཏེ། གཅིག་ནི་སྐད་ཆ་ཕྱེད་སྔ་མ་ཁོ་ན་བཤད་དེ་ཕྱོགས་རེ་བའི་སྒོ་ནས་“རྒྱལ་ནང་གི་རེས་འཁོར་ཆེན་པོ་གཙོ་བོར་འཛིན་པ་”གཙིགས་ཆེན་བྱས་ཏེ། ཕྱི་ཕྱོགས་སྒོ་འབྱེད་ཐད་ལ་ཁུ་བསྡུ་ཆེན་པོ་བྱ་རྒྱུའི་འདོད་ཚུལ་འཛིན་པ་དང་། གཉིས་ནི་སྐད་ཆ་ཕྱེད་ཕྱི་མ་ཁོ་ན་བཤད་དེ་ཕྱོགས་རེ་བའི་སྒོ་ནས་“རྒྱལ་ནང་དང་རྒྱལ་སྤྱིའི་རེས་འཁོར་གཉིས་”དེ་གཙིགས་ཆེན་བྱས་ཏེ། རྒྱལ་སྤྱིའི་བཀོད་པ་དང་གནས་བབ་ཀྱི་འགྱུར་ལྡོག་ལ་མི་བལྟ་བར། “སྣེ་གཉིས་ཕྱི་ལ་ཡོད་པ་དང་ནང་འདྲེན་ཆེན་པོ་དང་ཕྱིར་གཏོང་ཆེན་པོ་བྱེད་པའི་”བསམ་ཕྱོགས་རྙིང་པ་མཁྲེགས་འཛིན་བྱེད་པ་དང་། གསུམ་ནི་རང་ཇུས་རང་གཅོད་དང་རང་རྒྱ་རང་བསྡམས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཚོང་ར་ཆེན་པོ་སྐྲུན་པ་དང་རྒྱལ་ཡོངས་ཀྱི་འཁོར་རྒྱུག་ཆེན་པོ་ཤར་བགྲོད་གཏོང་རྒྱུར་དོ་སྣང་མི་བྱེད་པར། རང་ས་ཁུལ་དང་རང་ས་ཁོངས་ཀྱི་ཚོང་ར་ཆུང་ཆུང་སྐྲུན་རྒྱུ་དང་རང་ཉིད་ཀྱི་འཁོར་རྒྱུག་ཆུང་ངུ་བྱེད་པ་ཁོ་ནར་བསམ་བློ་གཏོང་བ་དང་། བཞི་ནི་དཔལ་འབྱོར་འཁོར་རྒྱུག་ལྷུག་པོར་གཏོང་བ་ནི་ཟོག་འགྲེམས་ལྷུག་པོར་གཏོང་བ་ཙམ་དུ་འདོད་ནས་ཚད་རིམ་དམའ་བའི་ཟོག་འགྲེམས་འཁོར་རྒྱུག་སྤེལ་བ་དང་། ལྔ་ནི་“སྐེ་བགགས་”ལག་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་པ་གླེང་མ་ཐག་ཏུ། ཡོད་ཚད་རང་ཉིད་ཀྱིས་སྒྲུབ་འགན་ལེན་པ་དང་བསྐྱར་ཟློས་འཛུགས་སྐྲུན་བྱེད་པ། “མཐོ་ཆེ་བཟང་གསུམ་”གྱི་ལས་གཞི་གཅིག་པུར་དམིགས་པ་ལས་ཕྱི་རོལ་ཡུལ་གྱི་དོན་དངོས་དང་ཐོན་ལས་ཀྱི་རྨང་གཞིར་བསམ་བློ་མི་གཏོང་བས། མཇུག་མཐར་ལས་འཕྲོ་ཅན་གྱི་ལས་གཞིར་ཆགས་པ་དང་། དྲུག་ནི་ནང་མཁོ་རྒྱ་སྐྱེད་བཏང་ནས་རྒྱལ་ནང་གི་ཚོང་ར་ཆེན་པོ་ཆགས་པར་བྱེད་དགོས་ཟེར་དུས། སླར་ཡང་རྨོངས་ཚོད་ཀྱིས་བུ་ལོན་གཡར་ཏེ་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ་དང་འཛད་སྤྱོད་ལ་ངར་སྐུལ་གཏོང་ཐལ་ཆེ་བ་སྤེལ་འགོ་རྩོམ་ལ། ཐ་ན་ནུས་ཁུངས་འཛད་གྲོན་ཆེ་བ་དང་འབུད་གཏོང་ཆེ་བའི་ལས་གཞི་བསྐྱར་དུ་གཉེར་བ་དང་། བདུན་ནི་དགོས་མཁོ་ཕྱོགས་ཀྱི་དོ་དམ་ཁོ་ནར་དོ་སྣང་བྱེད་པ་ལས་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ལ་མཐོང་ཆེན་མི་བྱེད་པས། འདོན་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་སྔར་བས་མཐོ་བའི་འགུལ་རྣམ་གྱི་དོ་མཉམ་ཡོང་ཐབས་མེད་པ་དང་། བརྒྱད་ནི་དེ་ཚོ་དཔལ་འབྱོར་དང་ཚན་རྩལ་སྡེ་ཁག་ཁོ་ནའི་ལས་ཀ་ཡིན་པ་ལས། རང་སྡེ་ཁག་དང་འབྲེལ་བ་ཆེན་པོ་མེད་པར་འདོད་པ་ལ་སོགས་པ་རེད། ངོས་འཛིན་དེ་དག་ཚང་མ་ཕྱོགས་རེ་བ་དང་ཐ་ན་ནོར་འཁྲུལ་ཅན་ཡིན་པས་ངེས་པར་དུ་འགོག་ཟོན་དང་ཡོ་བསྲང་བྱེད་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་གནད་འགག་ནི་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ལྷུག་པོ་ཡོང་རྒྱུར་ཐུག་ཡོད་དེ། དེ་ནི་མི་རྣམས་ཀྱིས་བཤད་པའི་ལུས་པོ་ཡོངས་ཀྱི་འབྱུང་གཞིའི་རླུང་ཁྲག་སྙོམ་པའི་རྩ་ལམ་གཉིས་ཡག་པོར་གསོ་དགོས་ཞེས་པ་ལྟར་ཡིན། དཔལ་འབྱོར་བྱེད་སྒོ་སྤེལ་ཚེ་གཅིག་ཏུ་དྲིལ་བའི་ཐོན་སྐྱེད་ཀྱི་བདག་རྐྱེན་སྣ་ཚོགས་ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག །འཛད་སྤྱོད་བཅས་ལྷུ་ཚིགས་ཁག་ཏུ་གཞི་གཅིག་ཏུ་སྦྲེལ་མཐུད་བྱུང་ནས་འཁོར་རྒྱུག་དང་རྒྱུན་འཁོར་ཡོང་བར་བྱེད་དགོས། རྒྱུན་ལྡན་གྱི་གནས་ཚུལ་འོག་གལ་ཏེ་དཔལ་འབྱོར་འཁོར་རྒྱུག་ཡག་པོ་བྱུང་ན། དངོས་པོའི་ཐོན་རྫས་འཕར་སྣོན་འབྱུང་བ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསོག་འཇོག་ཐུབ་ལ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་འགྲོ་བ་དང་། རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་བས། དུང་འཁྱིལ་ལྟར་གོང་དུ་འཕེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིག་ཆགས་ཀྱི་རེད། གལ་ཏེ་དཔལ་འབྱོར་འཁོར་རྒྱུག་འབྱུང་རིམ་ནང་དུ་འགག་པ་དང་མཚམས་ཆད་པ་བྱུང་ན་འཁོར་རྒྱུག་ལ་བཀག་འགོག་ཐེབས་འགྲོ་བས། སྤྱི་ཁོག་གི་ཆ་ནས་འཕར་སྣོན་གྱི་མྱུར་ཚད་ཆག་པ་དང་། ལས་ཤོར་མང་དུ་འབྱུང་བ། ཉེན་ཁ་ཕུང་གསོག་ཐེབས་པ། རྒྱལ་སྤྱིའི་གཏོང་ཡོང་དོ་མི་མཉམ་པ་སོགས་ཀྱི་གནས་ཚུལ་མངོན་ཡོང་བ་དང་། བྱེ་བྲག་གི་ཆ་ནས་ཐོན་ནུས་ལྷག་ཐལ་ཆེ་བ་དང་། ཁེ་ལས་ཀྱི་ཕན་འབྲས་ཆག་པ། གྲོང་མིའི་ཡོང་འབབ་ཆག་པ་སོགས་ཀྱི་གནད་དོན་མངོན་ཡོང་བ་རེད། རང་རྒྱལ་འཕེལ་རྒྱས་ཀྱི་ད་ལྟའི་དུས་རིམ་དུ། དཔལ་འབྱོར་འཁོར་རྒྱུག་ལྷུག་པོར་གཏོང་བའི་དོ་གལ་ཆེ་ཤོས་ཀྱི་ལས་འགན་ནི་འདོན་སྤྲོད་ཕྱོགས་དོན་ལྡན་དང་ལྷུག་པོར་གཏོང་རྒྱུ་དེ་རེད། དོན་འབྲས་ལྡན་པའི་འདོན་སྤྲོད་ནུས་པ་ཆེན་པོ་ལྡན་ན་འཁོར་རྒྱུག་གི་བཀག་ཆ་གཏོར་ཐུབ་ལ་འགག་རྩའི་ཚོད་བཀག་སེལ་ཐུབ་པ་དང་། ལས་ཞུགས་གསར་གཏོད་དང་ཡོང་འབབ་འདོན་སྤྲོད་བྱེད་ཐུབ་ཅིང་། དེ་ལ་བརྟེན་ནས་དགོས་མཁོའི་ནུས་པ་ཆགས་ཐུབ་པ་རེད། དེའི་རྐྱེན་གྱིས་ང་ཚོས་ངེས་པར་དུ་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཙོ་ཐིག་འདི་རྒྱུན་འཁྱོངས་བྱས་ཏེ། “གསུམ་འདོར་གཅིག་གཅོག་གཅིག་གསབ་”[2]ཀྱི་ལས་འགན་གལ་ཆེན་མུ་མཐུད་དུ་ཡོངས་འགྲུབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་རིམ་སྤར་བྱེད་པ། གསར་གཏོད་བྱེད་ནུས་དང་། འགྲན་རྩོད་བྱེད་ནུས། ཕྱོགས་བསྡུས་སྟོབས་ཤུགས་བཅས་མཐོ་རུ་གཏོང་བ། འདོན་སྤྲོད་མ་ལག་གི་ལྡེམ་ཤུགས་ཆེ་རུ་གཏོང་བ། ལས་ཕྱོད་སྔར་ལས་ཆེ་བ་དང་སྤུས་ཚད་སྔར་ལས་ལེགས་པའི་དངུལ་འཇོག་དང་ཐོན་སྐྱེད་ཀྱི་འབྲེལ་བ་ཆགས་པ་བཅས་བྱས་ཏེ། དཔལ་འབྱོར་ཉིད་ཆུ་ཚད་མཐོ་བའི་སྟེང་གི་འགུལ་རྣམ་དོ་མཉམ་ཡོང་བར་བྱེད་དགོས།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་ནི་ཆུ་ཚད་མཐོ་བའི་རང་ཚུགས་རང་དར་མངོན་འགྱུར་བྱེད་པ་དེ་ཡིན་ཞེས་ངས་བཤད་མྱོང་ཡོད། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡོད་ཅིང་། ལྷག་པར་དུ་ཐོན་སྐྱེད་བདག་རྐྱེན་གྱི་བལྟོས་པའི་བཟང་ཆ་ལ་འགྱུར་ལྡོག་བྱུང་ཡོད། ངལ་རྩོལ་ནུས་ཤུགས་ཀྱི་མ་གནས་རིམ་བཞིན་ཡར་འཕར་བ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་བུམ་སྐེ་ལྟ་བུའི་འགག་གནད་ལ་འཕྲད་ཡོད་ཅིང་། ཐོན་སྐྱེད་རྟེན་འབྱུང་གྲངས་ཀྱི་མཉམ་སྡེབ་བྱེད་སྟངས་རྙིང་པ་ད་ལྟ་རྒྱུན་མཐུད་དཀའ་བ་དང་། ཚན་རིག་ལག་རྩལ་གྱི་གལ་ཆེའི་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད། གནས་ཚུལ་འདི་འདྲའི་འོག་ང་ཚོས་ངེས་པར་དུ་རང་བརྟེན་གསར་གཏོད་ལ་བླ་ལྷག་ཏུ་གཙིགས་ཆེན་བྱེད་དགོས། དེར་བརྟེན་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་《གྲོས་གཞི་》ལས། བྱེད་ཐབས་གལ་ཆེན་གྱི་དོན་ཚན་དང་པོ་ནི་ཚན་རྩལ་གསར་གཏོད་ཡིན་པ་དང་། དོན་ཚན་གཉིས་པ་ནི་ཐོན་ལས་ཀྱི་བུམ་སྐེ་ལྟ་བུའི་འགག་གནད་འགག་སྒྲོལ་བྱ་རྒྱུ་དེ་ཡིན། ང་ཚོས་གནད་དོན་དེ་ངེས་པར་དུ་འཚོ་གནས་དང་འཕེལ་རྒྱས་ཐུབ་མིན་གྱི་མཐོ་ཚད་དུ་བཞག་ནས་ངོས་འཛིན་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་ཚན་རྩལ་གསར་གཏོད་ཀྱི་བཀོད་སྒྲིག་ལ་ཤུགས་རྒྱག་པ། དགེ་མཚན་ལྡན་པའི་ཐོན་ཁུངས་བསྡུ་རུབ་བྱེད་པ། གསར་གཏོད་འགག་སྒྲོལ་གྱི་“སྒྲུབ་འགན་ཁས་ལེན་”སྒྲིག་སྲོལ་དང་ལམ་སྲོལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བ། གསར་གཏོད་མུ་ཕྲེང་དང་ཐོན་ལས་མུ་ཕྲེང་སྦྲེལ་མཐུད་ཡོང་བར་ཤུགས་རྒྱག་པ། ལམ་ཐིག་རི་མོ་དང་། དུས་ཚོད་རེའུ་མིག །འགན་འཁྲིའི་ལམ་ལུགས་བཅས་ཁ་གསལ་བཟོ་བ། སྡེ་ཚན་དང་ས་གནས་སྲིད་གཞུང་གིས་སྣེ་འཁྲིད་བྱེད་འོས་རིགས་སྣེ་ཡག་པོ་འཁྲིད་དགོས་པ་དང་། ཁེ་ལས་ཀྱིས་སྣེ་འཁྲིད་བྱེད་འོས་རིགས་ལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། ཀྲུང་དབྱང་ཁེ་ལས་སོགས་གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་ལྕི་མོ་འཁུར་ཕོད་པ་དང་གདོང་ལེན་བྱེད་ཕོད་པ་བྱས་ཏེ་ཐོག་མའི་གསར་གཏོད་ལག་རྩལ་གྱི་“འགོ་རྩོམ་ས་”དང་དེང་རབས་ཐོན་ལས་མུ་ཕྲེང་གི་“ཕྲེང་དཔོན་”བྱེད་ཕོད་དགོས།
དེང་སྐབས་འཛམ་གླིང་ཐོག་གི་ཐོན་ཁུངས་དཀོན་ཤོས་ནི་ཚོང་ར་རེད། ཚོང་རའི་ཐོན་ཁུངས་ནི་རང་རྒྱལ་གྱི་བཟང་ཆ་ཆེན་པོ་ཞིག་ཡིན་པས། ངེས་པར་དུ་བཟང་ཆ་འདི་བེད་སྤྱོད་དང་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། བཟང་ཆ་འདི་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་འདེགས་སྐྱོར་བརྟན་པོ་ཆགས་པར་བྱེད་དགོས། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་ནི་དངུལ་རྩའི་ཉེན་ཁ་དང་ཕྱི་རོལ་གྱི་ཕོག་ཐུག་ལ་ཁ་གཏད་འཇལ་བའི་གནས་སྐབས་ཀྱི་ཐབས་ཇུས་མིན་པ་དང་། ཞིང་ཆུ་མེར་གཏོང་བྱེད་པའང་མིན་ལ། སྲིད་གཞུང་གིས་གཏོང་སྒོ་ཁོ་ན་རྒྱ་སྐྱེད་བྱེད་པ་ནི་དེ་བས་ཀྱང་མིན་པར་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ལ་གཞིགས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་ལམ་ལུགས་ནུས་ལྡན་འཛུགས་པ་དང་། ནང་མཁོའི་བག་ཉལ་སྟོབས་ཤུགས་གློད་པ། ནང་མཁོའི་མ་ལག་ཆ་ཚང་སྐྱེད་སྲིང་གང་མགྱོགས་བྱེད་པ། དགོས་མཁོ་ཕྱོགས་ཀྱི་དོ་དམ་ལ་ཤུགས་རྒྱག་པ། སྡོད་དམངས་ཀྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བ། འཛད་སྤྱོད་ཀྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ནས་གཞི་ཁྱོན་ཤིན་ཏུ་ཆེ་བའི་རྒྱལ་ནང་གི་ཚོང་ར་འཛུགས་སྐྲུན་བྱ་རྒྱུ་དེ་རྒྱུན་མཐུད་ཐུབ་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་པ་དེ་ཡིན།
འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱེད་པར་ངེས་པར་དུ་སྟོབས་དང་ལྡན་པའི་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་མ་ལག་དང་སྲ་ཞིང་བརྟན་པའི་གཞི་རྩའི་རྨང་གཞི་ཡོད་དགོས་པར་མ་ཟད། དེ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བདག་རྐྱེན་ཐོན་ཁུངས་ཀྱི་འགུག་ཤུགས་ཆེན་པོ་དང་། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ནང་གི་འགྲན་རྩོད་ནུས་པ་ཆེན་པོ། གོ་ལ་ཧྲིལ་པོའི་ཐོན་ཁུངས་བགོ་སྒྲིག་ནང་གི་སྒུལ་ཤུགས་ཆེན་པོ་བཅས་ཆགས་པར་བྱེད་དགོས། ཚོང་ཟོག་དང་། ཞབས་ཞུ། མ་དངུལ། ཤེས་ལྡན་མི་སྣ་སོགས་བདག་རྐྱེན་རྒྱུན་འཁོར་ཅན་གྱི་སྒོ་འབྱེད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་ལ། སྒྲིག་སྲོལ་དང་། སྲོལ་ལུགས། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་འབྱེད་ཀྱང་བརྟན་པོའི་ངང་རྒྱ་སྐྱེད་གཏོང་དགོས། རེས་འཁོར་གཉིས་ལས་རྒྱལ་ནང་གི་རེས་འཁོར་ཆེན་པོའི་གཙོ་ཁྲིད་ནུས་པར་ཤུགས་བརྒྱབ་ནས་རང་རྒྱལ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་ཞུགས་པའི་བཟང་ཆ་གསར་པ་གཏོད་དགོས། རྒྱལ་སྤྱིའི་རེས་འཁོར་ལ་བརྟེན་ནས་རྒྱལ་ནང་གི་རེས་འཁོར་ཆེན་པོའི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་རང་རྒྱལ་གྱི་ཐོན་སྐྱེད་བདག་རྐྱེན་གྱི་སྤུས་ཚད་དང་བགོ་སྒྲིག་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ལ་ཞུགས་པ་བརྒྱུད་དེ་རང་རྒྱལ་གྱི་ཕྱིར་གཏོང་ཐོན་རྫས་དང་ཞབས་ཞུའི་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རང་རྒྱལ་གྱི་ཐོན་ལས་རིགས་སྒྱུར་རིམ་སྤར་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་ཐོན་ལས་མུ་ཕྲེང་དང་། འདོན་སྤྲོད་མུ་ཕྲེང་། གསར་གཏོད་མུ་ཕྲེང་བཅས་ཀྱི་ནང་དུ་རང་རྒྱལ་གྱི་ཤུགས་རྐྱེན་བཟོ་ནུས་ཆེ་རུ་གཏོང་དགོས། རང་རྒྱལ་ཁེ་ལས་ཀྱི་ཁེ་ཕན་ནི་གོ་ལ་ཧྲིལ་པོའི་ཕྱོགས་གང་སར་ཁྱབ་ཡོད་པས། ཚང་མས་རྒྱལ་སྤྱིའི་ལས་དོན་ལ་རྒྱུས་ལོན་བྱ་རྒྱུར་དོ་སྣང་བྱེད་པ་དང་། ཁེ་ཕན་འབྲེལ་ཡུལ་རྒྱལ་ཁབ་དང་། ཉོ་ཚོང་རོགས་ཟླའི་རྒྱལ་ཁབ། མ་དངུལ་འཇོག་ཡུལ་རྒྱལ་ཁབ་བཅས་ཀྱི་གནས་ཚུལ་ལ་ཞིབ་འཇུག་ཟབ་མོ་བྱས་ནས་བློ་གདེང་ཡོད་པ་དང་ཕན་གཉེར་གནོད་གཡོལ་བྱེད་ཐུབ་དགོས།
མདོར་ན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། དོན་དངོས་ཀྱི་གཏན་ཚིགས་བཅས་ཀྱིས་ཐག་བཅད་པ་ཞིག་ཡིན་ཞིང་། དེ་གསུམ་བར་གྱི་འབྲེལ་བ་དམ་ཚགས་ཡིན། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དེས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཕྱོགས་གསལ་ངེས་བཟོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དེས་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཛུབ་སྟོན་རྩ་དོན་གསལ་ངེས་བཟོས་ཤིང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དེས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་དུ་འགྱུར་བའི་ཐབས་ལམ་གདམ་ག་གསལ་ངེས་བཟོས་ཡོད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་ཤེས་འདྲོང་རྒྱུ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་དོན་དངོས་ཀྱི་གཞི་འཛིན་ས་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དེས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ངེས་ཤེས་འདྲོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་ནི་འཕེལ་རྒྱས་ཀྱི་དུས་རིམ་གསར་པའི་གོ་སྐབས་དང་འགྲན་སློང་ལ་ཁ་གཏད་འཇལ་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཡིན།
མཆན་འགྲེལ།
[1] མའོ་ཙེ་ཏུང་གི་《ཀྲུང་གོའི་གསར་བརྗེའི་དམག་འཁྲུག་གི་འཐབ་ཇུས་ཀྱི་གནད་དོན་》(《མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་》དེབ་1པོ། མི་རིགས་དཔེ་སྐྲུན་ཁང་གི་1992ལོའི་བོད་ཡིག་པར་གཞི། ཤོག་ངོས་441 — 442བར།)ཞེས་པར་གསལ།
[2] “གསུམ་འདོར་གཅིག་གཅོག་གཅིག་གསབ་”ཅེས་པ་ནི་ཐོན་ནུས་འདོར་བ། མཛོད་ཉར་འདོར་བ། བཀན་ཤིང་འདོར་བ། མ་གནས་གཅོག་པ། ཆད་སྐྱོན་གསབ་པ་བཅས་ཡིན།