“ཨེ་ཤེ་ཡ་སྤྱི་ཡོངས་ནས་དར་རྒྱས་ཀྱི་འགོ་འཛུགས་ས་གསར་པར་ལངས་དགོས”

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

—— ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐོར་གྱི་དངོས་བྲིས།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧའོ་ཝེ་ཝེ། དབྱང་དབྱི་ཅུན། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ། ཧུའུ་ཙེ་ཤིས།

ཟླ་4ཚེས་14ཉིན་ནས་ཚེས་18ཉིན་བར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་གསུམ་ལ་བསྟུད་མར་འཚམས་འདྲི་གནང་ནས་ཡངས་ཤིང་རྒྱ་ཆེ་བའི་རི་བོ་དང་མཚོ་མོའི་བར་དུ་མཛའ་མཐུན་བསྟུན་མཁས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་གནང་ཡོད།

འཚམས་འདྲིར་མ་ཕེབས་གོང་། ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་མཐའ་འཁོར་གྱི་གནས་བབ་དང་འཛམ་གླིང་གི་འགྱུར་ལྡོག་ཆེ་བའི་དུས་བབ་མཉམ་འགུལ་གཏིང་ཟབ་ཀྱི་དུས་བབ་གསར་པའི་འོག“མཐའ་འཁོར་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དམིགས་ནས་མཐའ་འཁོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས”པའི་དུང་བརྡ་གསལ་པོ་བཏང་གནང་ཡོད།

ད་ལྟ་ཀྲུང་གོ་དང་ཨེ་ཤེ་ཡའི་མདུན་དུ་འཕྲད་པ་ནི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་རེད། ཀྲུང་གོས་གོ་ལ་ཧྲིལ་པོའི་མིག་རྒྱང་ནས་མཐའ་འཁོར་ལ་ཞིབ་ལྟ་བྱེད་ཀྱི་ཡོད་ལ། འཛམ་གླིང་གིས་ཀྱང་ཀྲུང་གོ་དང་མཐའ་འཁོར་གྱི་མཉམ་འགུལ་བརྒྱུད་འཕེལ་ཕྱོགས་ཆེན་པོ་དང་འབྱུང་འགྱུར་དབྱེ་བ་གསལ་པོར་འབྱེད་ཀྱི་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་ཤར་ལྷོར་ཕེབས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཤར་ཕྱོགས་ཀྱི་བློ་གྲོས་ཀྱི་འོད་སྣང་འཚེར་བའི་ཀྲུང་གོའི་རྒྱུགས་ལན་ཞིག་མཐོང་ཡོད།

(གཅིག) ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐུན་ལམ་སྟེ། ལོ་རྒྱུས་ཀྱིས་འབྱུང་འགྱུར་དང་འབྲེལ་མཐུད་བྱེད་པ།

“ཀྲུང་གོའི་ཐང་རྒྱལ་རབས་སྐབས་ཀྲེན་ལཱ་རྒྱལ་པོ་ཚང་གི་མི་སྣ་ཀྲུང་གོའི་ཁྲང་ཨན་དུ་འཚམས་འདྲིར་ཡོང་བ”ནས“ལོ་600ལྷག་ཙམ་གྱི་གོང་ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་མཁས་ཅན་ཀྲེང་ཧོ་རྒྱང་རིང་མཚོ་འགྲུལ་ཐེངས་7བསྐྱོད་རིང་མཱ་ལིའུ་ཅ་རུ་ཐེངས་5སླེབས་པའི”བར་དང་། དེ་ནས་ཉེ་རབས་ཚུན་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས“མཉམ་དུ་རྒྱལ་ཁབ་སྐྱོབ་གནས་ཐུབ་པའི་གསར་བརྗེའི་མེ་སོན་སྤར་བའི”བར་ལ་སོགས། འཚམས་འདྲིར་ཕེབས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཐོག་གི་མཛའ་གྲོགས་ཀྱི་གཏམ་རྒྱུད་རེ་རེ་བཞིན་དྲངས་ནས་གསུངས་པ་རེད།

ལོ་རྒྱུས་ཁྲོད་ནས་འབྱུང་འགྱུར་གསར་གཏོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད། གཙོ་བདག་ཕྱི་འབྲེལ་གྱིས་ཁ་སྒྱུར་ཕྱོགས་སྟོན་བྱས་ནས་ཀྲུང་ཝེ་དང་། ཀྲུང་མ། ཀྲུང་ཁམ་བཅས་དབར་གྱི་མཛའ་གྲོགས་གྲུ་གཟིངས་དེ་བས་ཡངས་ཤིང་འོད་སྟོང་འབར་བའི་དུས་རབས་ཀྱི་གྲུ་ལམ་ཐོག་བསྐྱོད་ཡོད།

ཀྲུང་གོ་དང་ཝེ་ཐེ་ནམ་གྱི“བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་གསེར་ལས་ལྷག

ཉིན་དང་པོའི་བྱེད་སྒོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་རྣམ་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་ཀྲ་ཡེ་དམར་པོ་བསྐྱོན་ཡོད། “བློ་མཐུན་ཞི་ཅིན་ཕིང་ལགས། སྐུ་ཁམས་བཟང” “སླར་ཡང་མཇལ་སོང”ཞེས་ཕན་ཚུན་ཕྱག་བཏང་གནང་བ་རེད། ལོ་གཅིག་ཀྱང་མ་འགོར་བར་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཕན་ཚུན་འཚམས་འདྲི་གནང་བ་རེད། ཝེ་ཐེ་ནམ་ཕྱོགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་ཧྲེང་ལུང་རྒྱལ་མཁར་ནས་རྟེན་འབྲེལ་མེ་སྒྱོགས་21བརྒྱབ་སྟེ་ཀྲུང་གོའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་མཐོ་ཤོས་འཚམས་འདྲིར་ཕེབས་པར་གུས་ལུགས་མཚོན་པར་བྱས་པ་དེ་ནི་ད་ལོའི་ཕྱི་འབྲེལ་དོན་ཆེན་གལ་ཆེ་ཤོས་ལ་རྟེན་འབྲེལ་ཞུས་པ་ཞིག་ཀྱང་རེད།

ཆུ་ཚོད་20ལྷག་ཙམ་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་། ཙུང་ལི་ཧྥན་མིང་ཀྲེང་། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིང་མིན་བཅས་དང་གྲོས་མོལ་དང་མཇལ་འཛོམས་གནང་སྟེ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།

“སྙིང་ཉེ་བའི་བློ་མཐུན་དང་རླབས་ཆེ་བའི་གྲོགས་པོ”ཞེས་པ་ནི་ཝེ་ཐེ་ནམ་ཕྱོགས་ཀྱི་འགོ་ཁྲིད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འབོད་པའི་མཛའ་བརྩེའི་འབོད་ཚུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཇ་མོལ་ལ་ཐེངས་གཉིས་གདན་དྲངས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ཙུང་ལི་ཧྥན་མིང་ཀྲེང་རྣམ་གཉིས་སོ་སོར་གནམ་ཐང་དུ་ཕེབས་ནས་ཕེབས་བསུ་དང་ཕེབས་སྐྱེལ་ཞུས་པའི་དམིགས་བསལ་གྱི་གུས་ལུགས་རེ་རེ་ནས་གུས་སེམས་རྣམ་དག་མཚོན་ཡོད། ཝེ་ཐེ་ནམ་གྱི་ཀྲུའུ་ཞིའི་ལས་ཤག་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་ཡུལ་བར་དང་པ་ཐིང་ཐང་ཆེན་ནས་ནེ་ཕའེ་རྒྱལ་སྤྱིའི་གནམ་ཐང་བར་གྱི་མཛའ་བརྩེ་དང་སྤྲོ་བ་ཆེན་པོས་གུས་སྟབས་མཚོན་ཐེངས་རེ་རེ་ལས། “ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཟབ་པ་དང་བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”རྣམ་པ་གསོན་ཉམས་ལྡན་པར་གྱུར་ཡོད།

ཀྲུང་གོ་དང་མ་ལེ་ཞི་ཡའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་བཞིན་ཡོད།

རི་འདབས་སུ་བསྐྲུན་པའི་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་ནི་མཐོ་ཞིང་བརྗིད་ཆགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་རྣམ་གཉིས་ཀྱིས་མཐོ་ས་ནས་རྒྱང་གཟིགས་གནང་བ་མ་ཟད། ཕོ་བྲང་ཐང་ཆེན་གྱི་གཟིགས་ཞིབ་སྟེགས་བུར་མཉམ་དུ་བཞེངས་ཡོད། གསེར་མདོག་ཅན་གྱི་རྒྱལ་པོའི་ཕོ་བྲང་གི་རྒྱ་ཕིབས་དང་རྔམ་བརྗིད་ལྡན་པའི་གོང་མ་ཚང་གི་གཟབ་སྦྲེང་རུ་ཁག་ནི་ཁྭ་ལ་ལུམ་ཕུར་གྱི་དེང་རབས་ཉམས་འགྱུར་དང་མཉམ་དུ་གནས་ཡོད། ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་ནི་མ་ལེ་ཞི་ཡ་དང་ཀྲུང་གོའི་འབྲེལ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ཞིང་། དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

2013ལོ་དང་2025ལོར་མ་ལེ་ཞི་ཡར་འཚམས་འདྲི་ཐེངས་གཉིས་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེའི་གཏམ་དཔེ་དྲངས་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་མཚོན་པར་གནང་ཡོད། ཙུང་ལི་ཨན་ཝར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲི་གནང་རིང་གི་བྱེད་སྒོ་ཚང་མར་ཕེབས་རོགས་ཞུས་པ་དང་། བྱེད་སྒོ་སྤེལ་ཐེངས་རེར་ཁོང་གིས་འཕྲལ་མར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཆ་འཕྲིན་སྤེལ་གྱི་ཡོད་ལ་རྒྱ་གཞས་རམ་དཀྲོལ་བྱེད་ཀྱི་ཡོད། གནམ་ཐང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུ་སྐབས《ངའི་སྤུན་གྲོགས་བཟང་པོ》ཞེས་པའི་གཞས་དེ་བདམས་ཡོད་པ་བཅས་ལས་མཛའ་གྲོགས་ཟབ་ཅིང་བརྟན་པ་མཚོན་གྱི་ཡོད།

ཀྲུང་གོ་དང་ཁམ་ཕུ་ཁྲེའི་འགྱུར་མེད་མཛའ་གྲོགས་ཀྱི་ཐོག་མའི་བསམ་འདུན་བྲག་ལྟར་བརྟན།

རྒྱུས་མངའ་ཟབ་པའི་བ་སྤུ་མེ་ཏོག་གི་དྲི་ཞིམ་གང་སར་འཐུལ་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་ཆེད། ཁྲིར་འཁོད་ནས་ལོ་20སོང་རིང་གནམ་ཐང་དུ་ཕྱི་རྒྱལ་གྱི་སྐུ་མགྲོན་ཕེབས་བསུ་ཞུ་ཐེངས་དང་པོ་དང་གནམ་ཐང་དུ་ཕེབས་བསུའི་མཛད་སྒོ་སྤེལ་ཐེངས་དང་པོ་ཡིན་པའི་རྒྱལ་པོ་ཤིས་ཧཱ་མུའུ་ཉིས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་སྐུ་མགྲོན་ལ་ཕེབས་བསུ་ཞུ་ལུགས་མཚོན་པར་བྱས་ཡོད། རྒྱལ་པོ་ཚང་གི་མི་སྣ་ཀྲེན་ནཱ་ཀོང་ཇོ་ཡིས་བ་སྤུ་མེ་ཏོག་གི་ལག་གདུབ་ཕུལ་བ་དང་གཞོན་ནུ་མ་24ཡིས་གསེར་ཕོར་ནང་སྦངས་པའི་བ་སྤུ་མེ་ཏོག་གི་འདབ་མ་ས་གདན་དམར་པོའི་སྟེང་དུ་སྟོར་བ་རེད།

2020ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི“མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས”གནང་ཡོད། ད་ཐེངས་འཚམས་འདྲིར་ཕེབས་སྐབས་རྒྱལ་པོ་ཤིས་ཧཱ་མུའུ་ཉི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་ནོམ་ཕེན་གྱི་རྒྱལ་པོའི་ཕོ་བྲང་ཅིན་ལོན་ཚོམས་ཆེན་དུ་གདན་འདྲེན་ཞུས་ནས“རླབས་ཆེན་གྱི་གྲོགས་པོར”“ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མི་རིགས་རང་བཙན་གྱི་མགུལ་རྒྱན་ཆེན་པོ་རིམ་པའི་བྱས་རྗེས་གཟེངས་རྟགས”གནང་བ་རེད།

རྒྱལ་པོའི་ཕོ་བྲང་ཁུན་ཐ་པོ་ཕ་ཚོམས་ཆེན་དུ་རྒྱལ་པོའི་ཡུམ་ཆེན་མུའུ་ཉི་ལེ་དང་མཇལ་འཛོམས་གནང་སྐབས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་པོའི་ཡུམ་ཆེན་གྱིས་མཉེས་པོ་གནང་བའི་མེ་ཏོག་སོས་པའི་བག་ལེབ་བསྣམས་ཤིང་། “ཀྲུང་གོ་ནི་ཁྱེད་ཀྱི་ཕ་ཡུལ་གཉིས་པ་ཡིན་པས་ག་དུས་ཡིན་ཡང་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ་གི་ཡིན”ཞེས་གསུངས་པ་རེད། འཚམས་འདྲི་གནང་རིང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ཟབ་མོའི་རྒྱུན་བསྐྱངས་པའི་མི་སེམས་འགུལ་བའི་འདས་དོན་རེ་རེ་བཞིན་གླེང་། ཕེབས་བསུ་ཞུ་བའི་གསོལ་སྟོན་ཐོག་རྒྱལ་པོའི་ཨ་ཕྱི་ཤིས་ཧཱ་ནུའུ་ཁེ་ཡིས་བརྩམས་གནང་བའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་ལ་བསྟོད་པའི་རོལ་དབྱངས་གསོལ་སྟོན་གྱི་འགོ་ནས་མཇུག་བར་བཏང་བ་རེད།

དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་འགོ་ཚུགས་པའི་སྐབས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བབ་གསལ་རྟོགས་ཀྱིས་མཛའ་མཐུན་བསྟུན་མཁས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་བཏོན་གནང་ཡོད། ལོ་འདི་དག་རིང་། དྲག་ཆར་རླུང་འཚུབ་ལ་མ་བལྟོས་པར་ལམ་འདི་བརྒྱུད་ནས་མདུན་དུ་བསྐྱོད་དེ་གནམ་ས་གསར་པ་ཞིག་བཏོད་ཡོད། མཐའ་འཁོར་རྒྱལ་ཁབ་ལ་ཀྲུང་གོའི་ཤུགས་རྐྱེན་ཐེབས་ཤུགས་དང་ཡིད་དབང་འགུག་ཤུགས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཆེ་རུ་སོང་ཞིང་། ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་སོགས་མཐའ་འཁོར་རྒྱལ་ཁབ་དབར་གྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

འཚམས་འདྲི་གནང་རིང་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་གསུམ་ལ་གཟིགས་དང་།

ཀྲུང་གོ་དང་ཝེ་ཐེ་ནམ་གྱིས“འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། ལོ་གཅིག་ལྷག་ཙམ་རིང“འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”ནས“ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི”བར་དང་། དེ་ནས“འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་པའི”བར་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་དུས་མཚམས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་སླར་ཡང་གཏན་འཁེལ་གནང་བ་དང་མྱུར་ཚད་མགྱོགས་སུ་བཏང་གནང་བ་རེད།

ཀྲུང་གོ་དང་མ་ལེ་ཞི་ཡས“ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་ཨན་ཝར་དང་ལྷན་དུ་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། ལོ་གཉིས་སོང་རྗེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སླར་ཡང་རིམ་སྤོར་བྱུང་སྟེ་ངེས་གནས་གསར་པའི་ཐོག་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བའི“རྫོགས་ལྡན་གྱི་ལོ་50”གསར་པ་འགོ་བཙུགས་པ་རེད།

ཀྲུང་གོ་དང་ཁམ་ཕུ་ཁྲེས“དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱ་སྤྱོད་འཆར་གཞིར་སྔོན་ལ་མིང་རྟགས་བཀོད་པ་ནས་ཕྱོགས་གཉིས་ཀྱི་རིམ་པ་ནས་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་སྔོན་ལ་འཛུགས་པའི་བར། ཀྲུང་གོ་དང་ཁམ་ཕུ་ཁྲེས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་གྲལ་དུ་བསྐྱོད་ཡོད། ཕྱོགས་གཉིས་པོས་དུས་མཚུངས་སུ་2025ལོ་ནི“ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཡུལ་སྐོར་ལོ”ཡིན་པ་ཁྱབ་བསྒྲགས་བྱས་པ་རེད།

འཚམས་འདྲི་གནང་རིང“མི་དམངས་ཀྱི་འདུ་འཛོམས”ཤིག་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད།

སློབ་མ་དང་། ལག་རྩལ་ཆེ་མོ་བ། ཁེ་ལས་མཁས་ཅན། སློབ་ཆེན་ཐོན་པའི་གྲོང་དཔོན། ལུས་རྩལ་དང་སྒྱུ་རྩལ་ལས་དོན་པ་སོགས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་ཀྱི་སྟོབས་ཤུགས་གསར་པ་ཕྱོགས་བཞི་མཚམས་བརྒྱད་ནས་མཉམ་དུ་འཛོམས། ཚེས་15ཉིན། ཧ་ནོ་དབྱི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལེང་ཆང་དང་ལྷན་དུ་ཀྲུང་གོ་དང་ཝེ་ཐེ་ནམ་མི་དམངས་ཀྱི་མཉམ་སྤྲོ་ཆེན་པོའི་བྱེད་སྒོའི་འཐུས་མིར་མཇལ་འཕྲད་གནང་སྟེ། ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར“གསར་བརྗེའི་ཞིབ་སློབ་ཡུལ་སྐོར”ལ་སྐྱོད་པའི་བྱེད་སྒོ་འགོ་བཙུགས་གནང་བ་རེད།

“ད་ལོ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་དང‘ཀྲུང་གོ་དང་ཝེ་ཐེ་ནམ་དབར་མི་ཆོས་རིག་གནས་སྤེལ་རེས་ཀྱི་ལོ’ཡིན་པས། ང་ཚོས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་གྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཆུ་ཕྲན་དེ་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་མཛའ་གྲོགས་ཀྱི་ཆུ་བོ་ཆེན་པོར་འདུས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་ཚང་མའི་སེམས་སུ་བརྟན་པོར་ངེས་ཡོད།

(གཉིས)མཉམ་ལས་ཀྱི་ལམ་བུ་སྟེ། ས་ཁོངས་ཀྱིས་གོ་ལ་ཧྲིལ་པོར་མཉམ་འགུལ་བྱེད་པ།

འཚམས་འདྲི་གནང་རིང་། ཀྲུང་གོས་ཝེ་ཐེ་ནམ་དང་། མ་ལེ་ཞི་ཡ། ཁམ་ཕུ་ཁྲེ་བཅས་རྒྱལ་ཁབ་གསུམ་དབར་མཉམ་ལས་ཡིག་ཆ་ཁག་45དང་། 26 37བཅས་བསྡོམས་108ལ་མིང་རྟགས་བཀོད་པ་རེད།

“ཟིན་ཐོ་གསར་པ་བཏོད་པའི”མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་སྐབས་དེར་ཀྲུང་གོ་ནས་གཏམ་བཟང་ཞིག་གྲགས་འོང་བ་སྟེ། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་དཔལ་འབྱོར་5.4%འཕར་ཡོད་པ་རེད།

“108”དང“5.4%”ཡི་གྲངས་གཞི་འདི་གཉིས་ཀྱིས་སྒོ་དབྱེ་མཉམ་ལས་ཀྱི་གསོན་ཤུགས་ཆེན་པོ་ལྡན་པ་སླར་ཡང་ར་སྤྲོད་བྱས་ཡོད། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་འཛམ་གླིང་ཡོ་ལང་ཆེ་བའི་དུས་སྐབས་སུ་ཀྲུང་གོས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པ་དེ“བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་གྱི་འབྱུང་རྩར”གྱུར་ཡོད་ཅེས་པའི་དཔྱད་གཏམ་སྤེལ་བ་རེད།

ཧ་ནོ་དབྱི་རུ་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གནས་ཡུལ་གྱི་ཐོག་སོ་དང་པོའི་བར་ཁྱམས་ཚོམས་ཆེན་དུ་ཡོད་པའི་ཅོག་ཙེ་རིང་པོའི་སྟེང་མཉམ་འབྲེལ་མཉམ་མཐུད་དང་། མི་ཐབས་རིག་ནུས། རིག་གནས་ལུས་རྩལ། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་སྐོར་གྱི་མཉམ་ལས་ཡིག་ཆ་ཁག་45སྟར་པ་གསུམ་བྱས་ནས་འགྲིག་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་ལྷན་དུ་གཟིགས་ཀྱིན་གླེང་མོལ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་གྲོས་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་འཛུགས་པའི་ཐད་བྱེད་ཐབས་ཁག་དྲུག་བཏོན་གནང་བ་སྟེ། ཆུ་ཚད་དེ་བས་མཐོ་བའི་འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་དགོས་པ་དང་། དེ་བས་སྲ་བརྟན་གྱི་བདེ་འཇགས་སྲུང་བཅད་སྐྲུན་དགོས་པ། སྤུས་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་དགོས་པ། དེ་བས་རྒྱ་ཁྱབ་ཀྱི་དམངས་འདོད་ཀྱི་འབྲེལ་ཐག་དམ་དུ་གཏོང་དགོས་པ། དེ་བས་ཟབ་པའི་་ཕྱོགས་མང་མཉམ་ལས་བྱེད་དགོས་པ། དེ་བས་དགེ་མཚན་ལྡན་པའི་མཚོ་ཐོག་མཉམ་འགུལ་བྱེད་དགོས་པ་བཅས་རེད། མཉམ་ལས་ཡིག་ཆ་45དེ་དག་གིས་འབྱུང་འགྱུར་དུས་སྐབས་ཤིག་རིང་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི“ཨར་སྐྲུན་ས་བཀྲ”བཀོད་ཡོད།

པུའུ་ཐེ་ལཱ་ཅ་ཡཱ་དང་མ་ལེ་ཞི་ཡའི་ཙུང་ལིའི་ལས་ཤག་གི་ཐོག་སོ་Gཡི་མིང་རྟགས་འགོད་སའི་ཚོམས་ཆེན།

ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཀྲུང་གོ་དང་མ་ལེ་ཞི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མདུན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨན་ཝར་རྣམ་གཉིས་དབར་ཕྱག་བཏང་ནས་ལྷན་བཞུགས་སྐུ་པར་བསྐྱོན་པ་རེད། འགོ་ཁྲིད་པ་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོས་མཉམ་ལས་ཡིག་ཆ་བརྗེ་རེས་བྱས་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་གོ་དང་མ་ལེ་ཞི་ཡའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཐད“འཐབ་ཇུས་ཀྱི་རང་བརྟེན་མཐའ་འཁྱོངས་བྱས་ནས་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་བྱེད་དགོས”དང་། “འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་ལས་ཀྱི་ཚད་ཤིང་གཏོད་དགོས” “མི་རབས་ནས་མི་རབས་དབར་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་ཤེས་རིག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་དགོས”ཞེས་དགོངས་འཆར་གསུམ་བཏོན་གནང་བ་རེད།

ཕ་ནོམ་ཕེན། ཞི་བདེའི་ཐོག་བརྩེགས་ཁང་ཆེན་གྱི་ཐོག་སོ་གཉིས་པའི་མིང་རྟགས་འགོད་སའི་ཚོམས་ཆེན།

མཛེས་ཤིང་ཡིད་དུ་འོང་བའི་གསེར་མདོག་གི་ཕྱེ་ལེབ་སྣ་མ་དང“ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་ལས་ཡིག་ཆ་བརྗེ་རེས་མཛད་སྒོ”ཞེས་བཀོད་པའི་ཡི་གེ་དཔར་མའི་ལྗང་མདོག་གི་རྒྱབ་ལྗོངས་པང་ལེབ་གཉིས་ཕན་ཚུན་གཅིག་འོད་གཅིག་ལ་འཕྲོ་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་ལྷན་དུ་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་བཞུགས་ཡོད་པ་རེད།

ཕྱོགས་གཉིས་ཀྱི་འཐུས་མི་ཚོས་ཚོམས་ཆེན་དཀྱིལ་གྱི་ས་གདན་དམར་པོའི་ཐོག་བསྐྱོད་དེ་ཐོན་ལས་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་ལས་དང་། མི་ཐབས་རིག་ནུས་མཉམ་ལས། འཕེལ་རྒྱས་རོགས་སྐྱོར་མཉམ་ལས། འགག་སྒོའི་ཞིབ་དཔྱད་རིམས་ནད་བརྟག་བཤེར་མཉམ་ལས་སོགས་མཉམ་ལས་ཀྱི་ཡིག་ཆ་བརྗེ་རེས་གནང་བ་རེད། ཆུ་ཚད་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ། རིམ་པ་དེ་བས་མཐོ་བའི་བདེ་འཇགས་འགན་ལེན་བརྟན་པོ་བྱེད་པ། ཐེངས་གྲངས་དེ་བས་མང་བའི་མི་ཆོས་རིག་གནས་སྤེལ་རེས་བྱེད་པ། ཚད་གཞི་དེ་བས་མཐོ་བའི་འཐབ་ཇུས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྱབ་ཁོངས་ཆེན་པོ་ལྔ་ནས་ཤུགས་བརྒྱབ་སྟེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱས་ཡོད།

མཛད་སྒོའི་མཇུག་མཐར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་བཞུགས་བློན་ཆེན་ཧུང་མ་ནའེ་དང་ཕྱག་དམ་པོར་གཏོང་གནང་མཛད་ཅིང་། དེ་ནི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་དང་། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད། འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་རྩོམ་བཅས་གནང་བ་ཞིག་རེད།

འཚམས་འདྲི་གནང་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་རྒྱལ་ཁབ་གཉིས་པོའི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་དེ་པུའུ་ཀྲང་རིམ་པར་གཏན་འཁེལ་བྱ་རྒྱུའི་ཐག་བཅད་པ་དང་། ཀྲུང་གོ་དང་མ་ལེ་ཞི་ཡས་ཕྱི་འབྲེལ་དང་རྒྱལ་སྲུང་གི“2+2”ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་འཛུགས་རྒྱུར་མོས་མཐུན་བྱས་པ། ཀྲུང་གོ་དང་ཁམ་ཕུ་ཁྲེས་ཕྱི་འབྲེལ་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་གི“2+2”ཀྱི་འཐབ་ཇུས་ཀྱི་སྐད་ཆ་ཤོད་རེས་ལམ་སྲོལ་འཛུགས་རྒྱུའི་ཐག་བཅད་པ་རེད།

འཚམས་འདྲི་གནང་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན། ཙུང་ལི་ཧྥན་མིང་ཀྲེང་བཅས་ཀྱིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལྕགས་ལམ་མཉམ་ལས་ལམ་སྲོལ་འགོ་བཙུགས་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཚད་ལྡན་ལྕགས་ལམ་ཕྱོགས་ཡོངས་ནས་འབྲེལ་མཐུད་ཐུབ་པ་དེས་ས་ཁོངས་ཕན་ཚུན་འབྲེལ་མཐུད་ཀྱི་རྣམ་པ་ཆེན་པོ་སྔར་བས་རྒྱ་ཆེར་གཏོང་ཐུབ་རྒྱུ་རེད། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནས་ཀྲུང་གོ་དང་ཐེ་ལན་གྱི་ལྕགས་ལམ་བར་དང་། ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ནས་མ་ལེ་ཞི་ཡའི་ཤར་མཚོའི་ངོགས་ཀྱི་ལྕགས་ལམ་བར་བཅས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གོ་སྐབས་བཟང་པོ་དང་བསྟུན་ནས་ཨེ་ཤེ་ཡར་ཁྱབ་པའི་ལྕགས་ལམ་དྲ་བའི་རླབས་ཆེ་བའི་རེ་འདུན་རེ་རེ་བཞིན་མངོན་འགྱུར་ཡོང་བཞིན་་ཡོད།

གཅིག་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་གཅིག་ཤོས་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་ལྔ་པ་ཡིན་པས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གཉིས་མི་འབོར་དུང་ཕྱུར་20ལྷག་ཙམ་ཡོད་པའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་ཞིག་ཏུ་འབྲེལ་ཡོད། དེ་སྔ་འཛམ་གླིང་ཁོངས་གཏོགས་ཀྱི“མཐར་ལུས་པར”བརྩིས་ཀྱང་ད་ཆ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་ཐུན་མོང་ཐོག་ཤུགས་རྐྱེན་ཐེབས་པའི་ནུས་པ་དང་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད།

(གསུམ)ཤེས་དཔལ་གྱི་ལམ་བུ་སྟེ། ཤར་ཕྱོགས་ཀྱིས་འཛམ་གླིང་གི་བློ་སྒོ་འབྱེད་པ།

ཚེས་16ཉིན་དགོང་མོར། མ་ལེ་ཞི་ཡའི་ཙུང་ལིའི་ལས་ཤག་གི་གསོལ་སྟོན་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་ཙུང་ལི་ཨན་ཝར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བསུ་བ་ཞུ་བའི་དགོང་ཚོགས་གཟབ་རྒྱས་འཚོགས་པ་རེད། མ་ལེ་ཞི་ཡའི་རིགས་རྒྱུད་དང་། ཕྱིར་སྡོད་ཀྲུང་གོའི་རིགས་རྒྱུད། ཕྱིར་སྡོད་རྒྱ་གར་གྱི་རིགས་རྒྱུད་བཅས་ཀྱི་ཚབ་བྱེད་འཁྲབ་སྟོན་པ་ཚོས་མི་རིགས་ཀྱི་ཞབས་བྲོ་འཁྲབ་ནས་ཀྲུང་གོའི་སྐུ་མགྲོན་ཚོར་དགའ་བསུ་ཞུས་པ་རེད།

ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨན་ཝར་དབར་མཇལ་འཛོམས་གནང་ཐེངས་གསུམ་པ་རེད། གླེང་མོལ་གནང་རིམ་བཞིན་ཆབ་སྲིད་ཀྱི་འབྲེལ་བ་དང་དཔལ་འབྱོར་མཉམ་ལས་ཕུད། འགོ་ཁྲིད་རྣམ་གཉིས་ཀྱིས་རང་སོ་སོའི་མཚན་ཉིད་རིག་པའི་བསམ་གཞིག་སྤེལ་རེས་གནང་ཡོད། གླེང་མོལ་ཟབ་མོ་གནང་བ་དང་བསྟུན་ནས་ཐུན་མོང་གི་ངོས་འཛིན་ཡང་ཟབ་ཏུ་སོང་ཡོད། ཙུང་ལི་ཨན་ཝར་གྱིས“ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་གཙོ་འཛིན་ཞིག་ཡིན་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་ལ་རྒྱུས་མངའ་ཆེན་པོ་ལྡན་པ་དང་། རེ་འདོད་དེ་བས་གསལ་པོ་ལྡན་པ། ཤེས་དཔལ་གྱི་རིན་ཐང་ཤེས་རྟོགས་ཐུབ་མཁན་བཅས་ཀྱི་རླབས་ཆེན་གྱི་མི་སྣ་ཞིག་དེ་བས་ཀྱང་རེད”ཅེས་གསུངས་པ་རེད།

མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་རྒྱལ་པོའི་ཕོ་བྲང་གི་མཇལ་འཛོམས་ཁང་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཆེས་མཐོའི་གཙོ་བདག་དབྱི་ཕུའུ་ལཱ་ཤིན་རྣམ་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང“མི་དམངས”ཀྱི་སྐོར་གླེང་གནང་བ་རེད། ཀྲུང་གོ་དང་མ་ལེ་ཞི་ཡའི་མཉམ་འབྲེལ་གསལ་བསྒྲགས་ནང“ཕྱོགས་གཉིས་ཀས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་དབུལ་པོ་ཉུང་གཏོང་དང་དབུལ་སྐྱོར་དང་། ཞིང་ལས། གྲོང་གསེབ་དར་རྒྱས་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན”ཞེས་བཀོད་ཡོད་པ་རེད།

ཨེ་ཤེ་ཡ་ནི་གསར་དར་དཔལ་འབྱོར་སྡེ་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚོགས་པ་རང་བཞིན་དར་རྒྱས་འགྲོ་བའི་མདུན་ཕྱོགས་ས་ཁུལ་ཞིག་རེད་ལ། ཀྲུང་གོ་ནི་ས་རྒྱུད་དེའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་རེད། འཛམ་གླིང་སྣེ་མང་རང་བཞིན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། ཤེས་དཔལ་སྣ་མང་ཅན་བཅས་ཀྱི་རྦ་རླབས་འཕྱུར་བཞིན་པའི་སྐབས་འདིར། འཛམ་གླིང་གིས་དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་པའི“ཨེ་ཤེ་ཡའི་བློ་གྲོས”དང“ཀྲུང་གོའི་ཇུས་གཞི”ལ་རེ་སྒུག་བྱེད་བཞིན་ཡོད།

ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་གྲོས་འགོར་ཨེ་ཤེ་ཡ་ཤར་ལྷོའི་ས་གཞི་ཆེན་པོར་གྲོས་བསྡུར་འཁྲུག་པོ་བྱེད་ཀྱི་ཡོད་ལ། ཁས་ལེན་ཡང་རྒྱ་ཁྱབ་ངང་ཐོབ་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་ཝེ་ཐེ་ནམ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་ལས་དོན་ཚོགས་འདུའི་ཐོག་མཐའ་འཁོར་རྒྱལ་ཁབ་ཀྱི“ཁྱིམ་གཞིས་ཆེན་པོ་ལྔ”འཛུགས་སྐྲུན་གྱི་རེ་འདོད་དང་ཁྱིམ་མཚེས་རྒྱལ་ཁབ་འཆམ་མཐུན་དང་། བདེ་འཇགས། འབྱོར་ཕྱུག་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པར་ཚད་མཐོའི་བསྔགས་བརྗོད་ཀྱང་བྱེད་ཀྱི་ཡིན།

ཙུང་ལི་ཨན་ཝར་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གྲོས་འགོ་རབ་དང་རིམ་པ་ལས་འཛམ་གླིང་ལ་ལྟ་སྟངས་འཛིན་སྟངས་དམིགས་བསལ་ཞིག་མངོན་ཡོད། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ནང་བསྟུན་མཁས་རང་བཞིན་གྱི་ཡར་ཐོན་ལ་ནན་བཤད་གནང་བ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོའི་ནང་སྐད་ཆ་ཤོད་རེས་བརྒྱུད་ཞི་བདེ་མངོན་འགྱུར་ཡོང་བའི་རེ་འབོད་གནང་བ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ནང་ཁྱད་པར་ལ་བརྩི་འཇོག་བྱ་རྒྱུ་ནི་འཆམ་མཐུན་གྱི་འགོག་རྐྱེན་མིན་པར་སྔོན་འགྲོའི་ཆ་རྐྱེན་ཡིན་པ་བཏོན་གནང་ཡོད”

“གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ”དེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཉམ་འབྲེལ་གསལ་བསྒྲགས་ཀྱི་གནད་འགག་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ཇི་ལྟར་བྱེད་པའི་ཐད་ཕྱོགས་གཉིས་པོས་བྱ་སྤྱོད་ཀྱི་ཁ་ཕྱོགས་12དང་། 9 10བཅས་སོ་སོར་བསྟན་ཡོད་པ་རེད།

མཐའ་འཁོར་རྒྱལ་ཁབ་ནི་ཀྲུང་གོ་བདེ་འཇགས་ཡོང་གནས་དང་འཕེལ་རྒྱས་དར་རྒྱས་ཀྱི་རྨང་གཞི་ཞིག་ཡིན་ཞིང་། འདིར་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གསར་འབྱེད་དོན་འཁྱོལ་གྱི་གོམ་པ་བརྟན་པོ་བརྐོས་ཡོད་པ་དང་། ཀྲུང་གོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ལ་བསྔགས་བརྗོད་བྱེད་བཞིན་ཡོད། 2025ལོའི་དཔྱིད་ཀར། ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་ཤར་ལྷོར་ཕེབས་མཇུག་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཐད་ངོ་མཚར་ཆེ་བའི་གྲུབ་འབྲས་གསར་པ་གཏོད་བཞིན་ཡོད། མཐའ་འཁོར་ནས་འགོ་བཙུགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་མདུན་ལམ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་འབྱོར་པའི་གློག་འཕྲིན)

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།