ཟླ3པའི་ཚེས་5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། བུ་བཙའ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བཟོ་བ་དང་ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་སྤྲོད་པ། བུ་བཅོལ་ཁང་གཞི་གཅིག་ཏུ་འགྱུར་བའི་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཀུན་ཕན་བུ་བཅོལ་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་དགོས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་བསྒྱུར་བཅོས་བརྟན་པོའི་ངང་ལག་བསྟར་བྱེད་དགོས། དམག་མི་དང་དམག་མིའི་ཁྱིམ་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་དང་གཟིགས་སྐྱོང་བྱེད་པའི་ལས་ཀ་ཡག་པོ་བསྒྲུབ་དགོས། དཀའ་ངལ་ཡོད་པའི་བྱིས་པ་དང་། སྐོར་སྐྱོད་བྱིས་པ། གཞིས་སྲུང་བྱིས་པ་བཅས་ལ་གཅེས་སྐྱོང་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་ཚབས་ཆེན་བཅོལ་གསོ་ལྟ་སྐྱོང་ཞབས་ཞུ་ཡག་པོར་བསྒྲུབ་ནས་དབང་པོ་སྐྱོན་ཅན་སྔོན་འགོག་དང་ལུས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།