༄༅། །ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས《གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གཙོ་གནད་བྱ་བའི་ལས་འགན》དཔར་འགྲེམ་བྱས་པའི་བརྡ་སྦྱོར།
ཡོང་ཁུངས། ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2023-02-01 13:22:00
མཚོ་གཞུང་ཡིག 〔2022〕 ཨང63པ།
གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་མི་དམངས་སྲིད་གཞུང་དང། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་སོ་སོ། མི་དམངས་ཚོགས་པ་སོ་སོ་བཅས་ལ།《གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གཙོ་གནད་བྱ་བའི་ལས་འགན》ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡིད་འཐད་བྱུང་ཞིང། ད་ལྟ་ཁྱོད་ཚོར་དཔར་འགྲེམ་བྱས་པ་ཡིན་པས། དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱ་དགོས།
2022ལོའི་ཟླ6པའི་ཚེས15ཉིན།
གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་རང་ཞིང་གི་ལོ་རྒྱུས་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་དང་བེད་སྤྱོད། རྒྱུན་འཛིན་ལེགས་པོ་བཅས་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས《གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་གཞིར་བཟུང་སྟེ། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གཙོ་གནད་བྱ་བའི་ལས་འགན་བཏོན་པ་གཤམ་གསལ་ལྟར།
གཅིག། བྱ་བའི་དམིགས་འབེན།
2025ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་གཞི་གྲངས་གཞི་རྩའི་ཆ་ནས་གསལ་བོར་ཤེས་དགོས་ལ། རིམ་པ་སོ་སོའི་སྲུང་སྐྱོབ་མིང་ཐོ་དང་སྲུང་སྐྱོབ་གསལ་ཐོ་གཞི་རྩའི་ཆ་ནས་གཟུག་དགོས་ཤིང། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲུང་སྐྱོབ་རྒྱུན་འཛིན་བྱ་བའི་རྐྱེན་སྲོལ་གཞི་རྩའི་ཆ་ནས་འགྲུབ་པར་བྱས་ནས། ལོ་རྒྱུས་རིག་གནས་སྲུབ་སྐྱོབ་རྒྱུན་འཛིན་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་མཉམ་འདྲེས་ངང་གོང་འཕེལ་དུ་གཏང་དགོས།2035ལོར་སླེབས་དུས། གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་དང། གཏོར་བརླག་བྱེད་མི་ཕོད་པ་དང་གཏོར་བརླག་བྱེད་མི་ཐུབ་པ། གཏོར་བརླག་བྱེད་མི་འདོད་པའི་སྒྲིག་སྲོལ་རྐྱེན་སྲོལ་ཁྱོན་ཡོངས་ནས་འཛུགས་པ་དང། གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་ནུས་ཡོད་སྒོས་སྲུང་སྐྱོབ་ཐུབ་པ་དང་བེད་སྤྱོད་གང་ལེགས་ཐུབ་པར་བྱས་ཐོག མི་དམངས་མང་ཚོགས་ཀྱི་རིག་གནས་རང་རྟོགས་དང་རིག་གནས་རང་རྟོན་སྔར་ལས་མཐོར་འདེགས་སུ་གཏང་དགོས། གཉིས། གཙོ་གནད་ལས་འགན་གྱི་ལས་བགོས།
(གཅིག) གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་མ་ལག་བསྐྲུན་དགོས།
1. སྲུང་སྐྱོབ་རྒྱུན་འཛིན་མ་ལག་གི་གཞི་རྩའི་ནང་དོན་ཡང་དག་པར་རྒྱུས་ལོན་བྱ་དགོས། རྒྱང་སྐྱོད་དང་ལྕགས་རི་རིང་པོ། འབྲི་ཆུ། རྨ་ཆུ། དར་གོས་ཚོང་ལམ། ཇ་རྟའི་གནའ་ལམ། ཐང་བོད་གནའ་ལམ་སོགས་ནི་སྦྲེལ་ཐག་དང། ལོ་རྒྱུས་ཀྱི་དུས་སྐབས་མི་གཅིག་པར་ལྡན་པའི་རིག་གནས་རིན་ཐང་ཅན་གྱི་གྲོང་རྡལ་དང་གྲོང་གསེབ་ནི་གཞི་བཅོལ་ས་དང། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་མིང་གྲགས་ཅན་དང་གྲོང་རྡལ་མིང་གྲགས་ཅན། སྡེ་བ(སྲོལ་རྒྱུན་གྱི་སྡེ་བ་དང་ཚོ་བ)མིང་གྲགས་ཅན། སྲང་ཁུལ་དང་སྤོ་སྒུལ་མི་ཐུབ་པའི་རིག་དངོས། ལོ་རྒྱུས་བཟོ་བཀོད། ལོ་རྒྱུས་ས་མཚམས་དང། བཟོ་ལས་ཤུལ་བཞག ཞིང་ལས་རིག་གནས་ཤུལ་བཞག ཆུ་རྐའི་ལས་གྲྭའི་ཤུལ་བཞག གསར་བརྗེའི་རིག་གནས་ཤུལ་བཞག གཟུགས་འདས་རིག་གནས་ཤུལ་བཞག ས་མིང་རིག་གནས་ཤུལ་བཞག་སོགས་སྲུང་སྐྱོབ་བྱ་ཡུལ་ཡིན་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་འཐུས་ཚང་དུ་གཟུག་དགོས། ཞིང་ཆེན་ཡོངས་ཀྱི་གནའ་རབས་དང་ཉེ་རབས་དེང་རབས་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་དང་དེང་རབས་ཀྱི་འཛུགས་སྐྲུན་གལ་ཆེན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་སྲུང་སྐྱོབ་ལེགས་པོར་བྱེད་པའི་རྨང་གཞིའི་སྟེང། རེབ་གོང་རིག་གནས་དང་གེ་སར་རིག་གནས(མགོ་ལོག)། བོད་ཀྱི་རིག་གནས(ཡུལ་ཤུལ)། ཏེ་ཏུའུ་སོག་པའི་རིག་གནས(མཚོ་ནུབ)། ཧོར་རིགས་ཀྱི་རིག་གནས(ཧུའུ་ཀྲུའུ)། ཞོན་ཧྭ་ས་ལར་རིགས་ཀྱི་རིག་གནས་སོགས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པར་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་རིམ་པའི་རྨ་ཙོང་རིག་གནས(མཚོ་ཤར)སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པའི་བྱ་བར་སྐུལ་འདེད་བཏང་སྟེ། རང་ཞིང་གི་ཡུན་རིང་བའི་ལོ་རྒྱུས་རིག་གནས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོས་ཀྲུང་གོ་གུང་ཁྲན་ཏང་གི་མཐུན་སྒྲིལ་གྱི་སྣེ་ཁྲིད་འོག་ཏུ་འབད་བརྩོན་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཕྱོགས་ཡོངས་ནས་མངོན་པར་བྱ་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
2. སྲུང་སྐྱོབ་རྒྱུན་འཛིན་གྱི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏང་དགོས།ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་དོ་དམ་སྒྲིག་སྲོལ་གཟུག་དགོས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་རིག་དངོས་ཅུས་ཀྱིས་སྣེ་ཁྲིད་དེ་སྲུང་སྐྱོབ་རྒྱུན་འཛིན་གྱི་འབྲེལ་ཡོད་ལམ་ལུགས་དང་ཚད་གཞི་གཏན་འབེབས་བྱེད་པ་དང། ཞིང་ཆེན་རིམ་པའི་སྲུང་སྐྱོབ་མིང་ཐོ་དང་ཁྱབ་ཚུལ་དཔེ་རིས་སུ་བཀོད་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་དཔྱད་དཔོག་བྱ་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྲུང་སྐྱོབ་རྒྱུན་འཛིན་བྱེད་མཁན་གྱི་འགན་འཁྲི་དངོས་གནས་ལག་བསྟར་ལེགས་པོ་བྱས་ཏེ། བྱ་བའི་ལས་ཁུངས་དང་ལས་འགན་གསལ་ཐག་ཆོད་པར་བྱེད་ཅིང། གྲོང་ཁྱེར་དང་རྫོང་རིམ་པའི་སྲུང་སྐྱོབ་མིང་ཐོ་བཀོད་ནས་ཡོངས་བསྒྲགས་བྱ་དགོས་ལ། ཚད་འཇལ་རིས་འབྲི་བྱས་ནས་ཡིག་ཚགས་བཟོ་བ་དང། སྒོ་བྱང་བཀལ་ནས་སྲུང་སྐྱོབ་ལག་བསྟར་བྱེད་པ། སྲུང་སྐྱོབ་རྒྱུན་འཛིན་གྱི་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ནས། ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་བསྣན་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
3. སྲུང་སྐྱོབ་བྱ་ཡུལ་གཙོ་གནད་གསལ་ཐག་ཆོད་པར་བྱ་དགོས།ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་མིང་གྲགས་ཅན་དང་གྲོང་རྡལ་མིང་གྲགས་ཅན། སྡེ་བ(སྲོལ་རྒྱུན་གྱི་སྡེ་བ་དང་ཚོ་བ)མིང་གྲགས་ཅན་གྱི་སྲོལ་རྒྱུན་གྱི་ཆགས་སྟངས་དང་བར་སྟོང་ཆགས་རིས། ལོ་རྒྱུས་རྣམ་པ། མི་ཆོས་ཁོར་ཡུག་དང་དེ་དག་རྟེན་སའི་ས་བབ་ས་དབྱིབས་དང་གཙང་བོ་དང་མཚོ་མོའི་ཆུ་རྒྱུད་སོགས་རང་བྱུང་ཡུལ་ལྗོངས་ཁོར་ཡུག་ཧྲིལ་བོར་སྲུང་སྐྱོབ་བྱ་དགོས། བརྒྱུད་རིམ་ལྡན་པའི་སྒོ་ནས་རིག་དངོས་རང་གཟུགས་དང་དེའི་ཉེ་འཁོར་གྱི་ཁོར་ཡུག་དང། སྤོ་སྒུལ་མི་ཐུབ་པའི་རིག་དངོས་ཀྱི་གདོད་མའི་བཟོ་བཀོད་ལངས་ངོས་དང་སྒྲིག་གཞིའི་མ་ལག ཚོན་མདངས་ཚོས་གཞི། གཞི་རྩའི་ངོས་མཉམ་བཀོད་སྒྲིག་དང་ཁྱད་ལྡན་གྱི་ནང་གི་མཛེས་སྤྲས་སོགས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱ་དགོས། དུས་སྐབས་མི་འདྲ་བ་དང་རིགས་དབྱེ་མི་འདྲ་བའི་ལོ་རྒྱུས་བཟོ་བཀོད་ལ་དུས་ཐོག་ཏུ་སྲུང་སྐྱོབ་བྱས་ནས། དེའི་སྲོག་ཤིང་རིན་ཐང་གི་ཕྱི་ཚུལ་དང་སྒྲིག་གཞི། གྲུབ་ཆ་དང་དེའི་ལོ་རྒྱུས་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་མངོན་པར་བྱ་དགོས། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་གི་ལོ་རྒྱུས་བྱ་འགུལ་གལ་ཆེན་གྱི་རྗེས་ཤུལ་དང་གནས་རྙིང། རྗེས་དྲན་སྒྲིག་བཀོད་བཅས་དང། ཀྲུང་གོ་གསར་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚོན་པའི་གསར་བརྗེའི་རིག་གནས་རྗེས་ཤུལ་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱ་དགོས། ཐོན་སྐྱེད་ཁུལ་གྱི་བཟོ་ཁང་དང་གཞུང་ལས་བཟོ་བཀོད། འཚོ་གནས་ཀྱི་སྡོད་ཁང། སློབ་གསོ། རིག་གནས་བཟོ་བཀོད་བཅས་མ་ཟད། བཟོ་ལས་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་བྱ་འགུལ་སྤེལ་གནས་འདུས་པའི་ལོ་རྒྱུས་དང་སྤྱི་ཚོགས་སམ་ཚན་རིག་གི་རིན་ཐང་ལྡན་པའི་བཟོ་ལས་རྗེས་ཤུལ་ལ་སྲུང་སྐྱོབ་བྱ་དགོས་ཤིང། གཟུགས་འདས་རིག་གནས་ཤུལ་བཞག་དང་དེ་རྟེན་སའི་རིག་གནས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱ་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
(གཉིས) བེད་སྤྱོད་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་དགོས།
4.ཡོངས་བཤེར་དང་ངོས་འཛིན་བྱ་དགོས།ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྲུང་སྐྱོབ་བྱ་ཡུལ་དཔྱད་དཔོག་ངོས་འཛིན་གྱི་ཚད་གཞི་ཞིབ་འཇུག་གཏན་འབེབས་བྱས་ཏེ། ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཡོངས་བཤེར་དང་དཔྱད་དཔོག ངོས་འཛིན་བཅས་ཀྱི་བྱ་བ་རྒྱུན་མཐུད་ངང་སྤེལ་དགོས་ལ། གྲངས་འཛིན་ཆ་འཕྲིན་ཅན་དུ་འཚོལ་བསྡུ་བྱེད་པ་དང། ཐོན་ཁུངས་ཀྱི་གཞི་གྲངས་ཁྱོན་ཡོངས་ནས་རྒྱུས་ལོན་བྱ་དགོས་པར་མ་ཟད། སྲུང་སྐྱོབ་ཚད་གཞི་དང་འཚམ་པའི་སྲུང་སྐྱོབ་བྱ་ཡུལ་རིམ་པ་བཀར་ནས་སྲུང་སྐྱོབ་ཀྱི་མིང་ཐོ་ནང་འཇུག་དགོས། སྲུང་སྐྱོབ་ཀྱི་རིན་ཐང་གལ་ཆེན་ལྡན་ཡང་རེ་ཞུ་བྱས་མེད་ན། རིམ་པ་གོང་མའི་གཙོ་གཉེར་སྡེ་ཁག་གིས་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་རེ་ཞུ་བྱ་དགོས་པའི་གྲོས་གཞི་འདོན་ཆོག་ལ། རེ་ཞུ་ངོས་འཛིན་གྱི་བྱ་བར་སྐུལ་འདེད་དང་མཛུབ་སྟོན་བྱ་དགོས། རེ་ཞུ་བྱེད་པའི་གྲོས་གཞི་འབྱོར་ཡང་རེ་ཞུ་མི་བྱེད་ན། རིམ་པ་གོང་མའི་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཚད་གཞི་ལྟར་ཐད་ཀར་དེར་མཐུན་གྱི་སྲུང་སྐྱོབ་མིང་ཐོ་ནང་འགོད་ཆོག (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
5.འཆར་འགོད་ཀྱིས་སྣེ་འཁྲིད་པར་ཤུགས་བསྣན་དགོས།ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཞིང་ཆེན་རིག་དངོས་ཅུས་ཀྱིས་སྣེ་ཁྲིད་ནས་ཞིང་ཆེན་རིམ་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་མ་ལག་གི་འཆར་འགོད་སྒྲིག་བཟོ་བྱེད་པ་དང། གྲོང་ཁྱེར་དང་རྫོང་རིམ་པའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་རིག་དངོས་སྡེ་ཁག་གིས་སྣེ་ཁྲིད་དེ་རང་ས་ཁུལ་གྱི་ཆེད་དོན་སྲུང་སྐྱོབ་འཆར་གཞི་སྒྲིག་བཟོ་བྱ་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་མ་ལག་འཆར་འགོད་དང་ཆེད་དོན་སྲུང་སྐྱོབ་འཆར་གཞི་སྒྲིག་བཟོ་བྱེད་དུས་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་འཆར་འགོད་ཀྱི་བླང་བྱ་དང་མཐུན་དགོས་པར་མ་ཟད། གོང་སྤེལ་འཆར་འགོད་གཞན་དག་དང་ཕན་ཚུན་སྦྲེལ་མཐུད་བྱ་དགོས་ཤིང། རང་བྱུང་ཁོར་ཡུག་དང་སྲོལ་རྒྱུན་གྱི་ཆགས་སྟངས། ལོ་རྒྱུས་རྣམ་པ་སོགས་དང་འབྲེལ་བའི་བར་སྟོང་བདག་གཅུན་བླང་བྱ་དེ་རིམ་པ་འདྲ་བའི་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་གི་འཆར་འགོད་ནང་འཇུག་དགོས་པར་མ་ཟད། ལོ་རྒྱུས་རིག་གནས་ཤུལ་བཞག་གི་བར་སྟོང་ཆ་འཕྲིན་དེ་རྒྱལ་ཁབ་མངའ་ཁོངས་ཀྱི་བར་སྟོང་གི་རྨང་གཞིའི་ཆ་འཕྲིན་ལས་སྟེགས་སུ་འཇུག་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
6. སྲུང་སྐྱོབ་དང་བདག་གཅུན་ལ་ཤུགས་བསྣན་དགོས། གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་བརྟག་དཔྱད་དཔྱད་དཔོག་དང་གནའ་དཔྱད་སྔོན་ལ་འཇོག་པའི་ལམ་ལུགས་འཛུགས་པ་དང། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་གཡོལ་དགོས། སྲུང་སྐྱོབ་བྱ་ཡུལ་རིགས་སོ་སོའི་སྲུང་སྐྱོབ་ཁྱབ་ཁོངས་དང་དགོས་ངེས་ཀྱི་འཛུགས་སྐྲུན་ཚོད་འཛིན་ས་རྒྱུད་དབྱེ་གཅོད་བྱས་ནས། ས་འོག་རིག་དངོས་སྦས་ཡུལ་ཁུལ་དབྱེ་གཅོད་དང། སྲུང་སྐྱོབ་བྱ་ཡུལ་གཙོ་བོ་དང་སྲུང་སྐྱོབ་བླང་བྱ་གསལ་ཐག་ཆོད་པར་བྱ་དགོས། གྲོང་ཁྱེར་གྲོང་གསེབ་གསར་སྤེལ་གྱི་འཛུགས་སྐྲུན་བདག་གཅུན་ནན་མོ་བྱས་ཏེ། གང་འདོད་དུ་བཤིག་པ་དང་སྐྲུན་པ། དངོས་བཤིག་རྫུན་སྐྲུན། བདེན་རྫུན་གོ་ལྡོག་བཅས་གཏན་འགོག་བྱེད་པ་དང། སྤོ་སྒུལ་མི་ཐུབ་པའི་རིག་དངོས་དང་ལོ་རྒྱུས་བཟོ་བཀོད་རང་དགར་བཟུང་སྤྱོད་དང་བཤིག་སྤོ་བྱེད་མི་ཆོག སྲུང་སྐྱོབ་བྱ་ཡུལ་གྱི་སྲོལ་རྒྱུན་གྱི་ཆགས་སྟངས་དང་ལོ་རྒྱུས་རྣམ་པ་རང་འདོད་ཀྱིས་སྒྱུར་མི་ཆོག་ལ། ས་བབ་ས་དབྱིབས་ལ་གཏོར་བརླག་བྱེད་མི་ཆོག་པ་དང་གནའ་སྡོང་གཅོད་མི་ཆོག གནའ་སྡོང་དང་ཤིང་སྡོང་གྲགས་ཅན་ལ་བདག་སྐྱོང་སླར་གསོ་བྱ་བར་ཤུགས་བསྣན་ནས། ཁྲིམས་འགལ་གྱིས་སྔོག་འདོན་དང་སྤོར་འཛུགས་བྱས་ནས་གནོད་སྐྱོན་བཟོ་བར་གཏན་འགོག་བྱེད་པ་དང། སྒྲིག་འགལ་གྱིས་ནགས་ར་དང་རྩྭ་ས། རླན་ས་བཅས་བཟུང་སྤྱོད་བྱེད་མི་ཆོག གང་འདོད་དུ་གཙང་བོ་དང་མཚོ་མོའི་ཆུ་རྒྱུད་སྒྱུར་བའམ་བཟུང་སྤྱོད་བྱེད་མི་ཆོག གང་འདོད་དུ་ས་མིང་རྙིང་བ་བརྗེ་མི་ཆོག་ལ། ཚད་ལྡན་མིན་པའི་ས་མིང་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱ་དགོས། སྤྱི་པའི་ཁེ་ཕན་གྱི་དགོས་མཁོའམ་བདེ་འཇགས་རྐྱེན་ངན་གྱི་དབང་གིས་མ་བཤིག་ཐབས་མེད་ཡིན་ན། དཔྱད་དཔོག་ཁུངས་སྐྱེལ་དང་འབྲེལ་ཡོད་སྡེ་ཁག་དང་མང་ཚོགས་ཀྱི་བསམ་འཆར་ལ་རྒྱ་ཆེར་ཉན་པ་སོགས་ཇུས་ཐག་གཅོད་པའི་གོ་རིམ་བརྒྱུད་དགོས། གྲོང་རྡལ་གྱི་རྣམ་པ་འཆར་འགོད་གཏན་འབེབས་བྱེད་ཅིང། གྲོང་རྡལ་གྱི་གཙོ་གནད་བདག་གཅུན་ཁུལ་དང་བདག་གཅུན་རྒྱུ་རྐྱེན་གསལ་ཐག་ཆོད་པར་བྱེད་པ་དང། གཙོ་གནད་ས་མཚམས་ཀྱི་བཟོ་བཀོད་དང་བརྐོས་བརྙན་ཇུས་འགོད་ལ་ཁྲིད་སྟོན་བྱེད་པར་ཤུགས་བསྣན་ནས། དོ་མཉམ་མིན་པའི་བཟོ་བཀོད་དང་ཡུལ་ལྗོངས་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། གྲོང་རྡལ་གྱི་ལོ་རྒྱུས་རྣམ་པ་རྒྱུན་བསྲིང་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
7. ནུས་ཡོད་སྒོས་གསར་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་ཚན་རིག་དང་མཐུན་པར་ལག་བསྟར་བྱ་དགོས་ཤིང། མཁར་རྙིང་སྲུང་སྐྱོབ་དང་མཁར་གསར་འཛུགས་སྐྲུན་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མཁར་རྙིང་ཁུལ་འཛུགས་སྐྲུན་གྱི་སྟུག་ཚད་དང་ཤུགས་ཚད་འོས་འཚམ་གྱིས་གཏན་འཁེལ་བྱེད་པ་དང། མཁར་རྙིང་ཁུལ་གྱི་བྱེད་ནུས་ཚན་རིག་དང་མཐུན་པར་བསྐྱར་སྒྲིག་བྱ་དགོས་ལ། གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་མི་འཚམ་པའི་བཟོ་ལས་དང་ཚོང་ལས་སོགས་ཀྱི་བྱེད་ནུས་རིམ་བཞིན་སེང་གཤོང་དང་བརྗེ་སྒྲིག་བྱ་དགོས། སྲུང་སྐྱོབ་རྒྱུན་འཛིན་དང་མཐོ་སྒང་གི་མཛེས་པའི་གྲོང་རྡལ་འཛུགས་སྐྲུན་གཉིས་ནུས་ཡོད་སྒོས་མཉམ་འདྲེས་ཡོང་བར་བྱས་ནས། ལོ་རྒྱུས་རིག་གནས་ཐོན་ཁུངས་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོབ་བྱས་པའི་སྔོན་འགྲོའི་འོག་ཏུ། གྲོང་ཁྱེར་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སྒྱུར་དང་གྲོང་རྡལ་གྱི་སྐྱེ་ཁམས་ཉམས་གསོ། བྱེད་ནུས་འཐུས་ཚང་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱ་དགོས་ཤིང། “གཙགས་དྲུབ”དང“ལྷན་པ་རྒྱག་པ”སོགས་གསར་སྒྱུར་ཕྲན་ཙམ་དང་སྒྱུར་བཀོད་ཉུང་ཙམ་བྱེད་པའི་རྣམ་པ་སྤྱད་ནས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཕྱིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་ཚགས་ཆུད་དགོས། མེ་འགོག་དང་གནོད་འགོག་ཉེན་གཡོལ་སོགས་དགོས་ངེས་ཀྱི་བདེ་འཇགས་སྒྲིག་བཀོད་འཐུས་ཚང་དུ་བཏང་སྟེ། འཚུབ་ཟློག་ཐག་གཅོད་སྔོན་ཇུས་གཏན་འབེབས་བྱེད་པ་དང། སྲུང་སྐྱོབ་བྱ་ཡུལ་སོ་སོའི་གནོད་འགོག་གནོད་འཕྲི་གནོད་སྐྱོབ་བཅས་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏང་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་འཚུབ་ཟློག་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས། གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
8. གསོན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏང་དགོས། ལོ་རྒྱུས་རིག་གནས་སྲང་ཁུལ་དང་ལོ་རྒྱུས་དུས་རིམ་སོགས་ཡུན་རིང་དུ་གྲུབ་པའི་མི་ཆོས་ཁོར་ཡུག་དང་འཚོ་བའི་རྣམ་པ་སོར་འཇོག་བྱས་ཏེ། སྲོལ་རྒྱུན་ལས་རིགས་ལ་རོགས་སྐྱོར་དང་བསྐྱར་དར་འབྱུང་བར་བྱས་ནས། སྲང་ཁུལ་གྱི་གསོན་ཤུགས་མཐོར་འདེགས་སུ་གཏང་དགོས། ཆ་རྐྱེན་འཛོམས་པའི་ལོ་རྒྱུས་ཀྱི་བཟོ་བཀོད་དེ་དངོས་མང་བཤམས་སྟོན་ཁང་དང་གཟུགས་འདས་རིག་གནས་ཤུལ་བཞག་སྤེལ་སྦྱོང་ཁང། སྡེ་ཁུལ་གྱི་དཔེ་མཛོད་ཁང་སོགས་སུ་བཀོལ་བར་སྐུལ་འདེད་གཏོང་བ་དང། ལོ་རྒྱུས་བཟོ་བཀོད་དང་སྲོལ་རྒྱུན་དམངས་གཞིས་བེད་སྤྱད་ནས་ཁྱད་ལྡན་བཟའ་བཏུང་དང་མགྲོན་ཁང་དམངས་ཁྱིམ་སོགས་ཚོང་ལས་གཉེར་བའི་བྱ་འགུལ་སྤེལ་བར་སྐུལ་མ་གཏང་དགོས། གསར་བརྗེའི་རིག་གནས་ཤུལ་བཞག་དང་བཟོ་ལས་ཤུལ་བཞག ཞིང་ལས་རིག་གནས་ཤུལ་བཞག་བཅས་གསོན་སྒྱུར་དང་བེད་སྤྱོད་གཏོང་བར་སྐུལ་འདེད་བཏང་ནས། རིག་གནས་འགྲེམ་སྟོན་དང་སློབ་གསོ་དང་ཚན་རྩལ་ཁྱབ་བརྡལ་སོགས་ཀྱི་བྱེད་ནུས་འདོན་དུ་འཇུག་དགོས། གྲོང་གསེབ་དར་སྤེལ་དང་ཟུང་འབྲེལ་བྱས་ཏེ། ལོ་རྒྱུས་རིག་གནས་སྡེ་བ(སྲོལ་རྒྱུན་སྡེ་བ་དང་ཚོ་བ)མིང་གྲགས་ཅན་གྱི་ཐོན་སྐྱེད་འཚོ་བའི་བྱེད་ནུས་མཐོར་འདེགས་སུ་གཏོང་བ་དང། རང་བྱུང་སྐྱེ་ཁམས་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། གྲོང་གསེབ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏང་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་གྲོང་གསེབ་དར་སྤེལ་ཅུས། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
9. ལོ་རྒྱུས་རིག་གནས་དར་སྤེལ་གཏང་དགོས། དྲིལ་སྒྲོག་ཁྱབ་བརྡལ་གྱི་ཤུགས་ཚད་ཆེ་རུ་བཏང་ནས། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་དང་རིག་གནས་ཡུལ་སྐོར་དུས་ཆེན། ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས། མཚོ་སྐོར་ལྕགས་རྟ་འགྲན་སྡུར་དང་དུས་ཆེན་གལ་ཆེན་གྱི་བྱ་འགུལ་དག་གོ་སྐབས་སུ་བཟུང་སྟེ། རིམ་པ་མང་བ་དང་ཕྱོགས་ཡོངས། རྒྱུན་མཐུད་རང་བཞིན་ལྡན་པའི་ངང་ནས་ལོ་རྒྱུས་རིག་གནས་དྲིལ་སྒྲོག་བྱས་ནས། རང་ཞིང་གི་ལོ་རྒྱུས་རིག་གནས་ཀྱི་ཤན་ཤུགས་མཐོར་འདེགས་སུ་གཏང་དགོས། དྲ་ཚིགས་དང“འཕྲིན་གཉིས་སྣེ་གཅིག”། APPསོགས་དྲ་བའི་གཞི་རྟེན་བརྒྱུད་དེ། གསར་འགྱུར་སྒྲོག་སྤེལ་དང་བརྙན་འཕྲིན་ལེ་ཚན། ཟིན་བཀོད་གློག་བརྙན། བརྙན་ཐུང་སོགས་ཀྱི་རྣམ་པས་རང་ཞིང་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་རིན་ཐང་འགྲེམ་སྟོན་བྱས་ནས། རྒྱ་ཆེའི་མང་ཚོགས་ལ་གོ་སླ་བ་དང་གསོན་ཉམས་ལྡན་པའི་རིག་གནས་ཀྱི་བག་ཆགས་འཇོག་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ནགས་རྩྭ་ཅུས། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཡིན)
10. བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱ་དགོས། ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་རྡལ་དང་གྲོང་གསེབ། སྲང་ཁུལ། ས་མཚམས། བཟོ་བཀོད། རིག་དངོས་དང་གཞི་རྟེན་གཞན་དག་གི་ཞིབ་འཇུག་ཞིབ་བརྗོད་ལ་ཤུགས་བསྣན་ནས། དེའི་ལོ་རྒྱུས་གཏམ་རྒྱུད་དང་རིག་གནས་རིན་ཐང། བསམ་བློའི་ནང་སྙིང་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སྔོག་འདོན་དང་གསེད་བཀྲོལ། ཞུན་བརྡར་བྱ་དགོས། རིམ་པ་དགར་བ་དང་རིགས་དབྱེ་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྣ་སོ་སོ་ཕྲེང་སྦྲེལ་བྱས་ནས། གནའ་རབས་རིག་གནས་དང་ཉེ་རབས་དེང་རབས་རིག་གནས། གཟུགས་འདས་རིག་གནས་ཤུལ་བཞག གསར་བརྗེའི་རིག་གནས། བཟོ་ལས་རིག་གནས་སོགས་ལ་དམིགས་ནས་ཐོན་སྐྱེད་འཚོ་བའི་ཁྲོད་འདྲེས་པའི་ལོ་རྒྱུས་རིག་གནས་འགྲེམ་སྟོན་ལམ་ཐིག་དང་བརྒྱུད་ལམ། དྲ་རྒྱ་བཅས་གཟུག་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
(གསུམ) བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས།
11. དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཟུག་དགོས། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་པ་དང། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་རིག་དངོས་སྡེ་ཁག་གིས་གཅིག་འདོམས་ཀྱིས་མཐུན་སྦྱོར་བྱེད་པའི་འགན་འཁྲི་ལག་བསྟར་བྱས་ནས། འབྲེལ་ཡོད་སྡེ་ཁག་བར་གྱི་འབྲེལ་འདྲིས་གྲོས་མོལ་ལ་ཤུགས་བསྣན་དགོས། སྲུང་སྐྱོབ་དང་ཞིག་གསོ་བྱེད་པའི་བརྒྱུད་རིམ་ཡོངས་ལ་དོ་དམ་གྱི་ལམ་ལུགས་བཙུགས་ནས། སྣ་སོ་སོའི་སྲུང་སྐྱོབ་བྱ་ཡུལ་ལ་སྲུང་སྐྱོབ་དང་ཞིག་གསོ། སྒྱུར་བཀོད། གནས་སྤོར་བཅས་བྱེད་པར་ཞིབ་མཆན་འགོད་པ་དང་དོ་དམ་བྱེད་སྟངས་ལེགས་སྒྱུར་བྱེད་པ་དང། དོན་གྱི་མགོ་མཇུག་བར་གསུམ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་དགོས། ཉིན་རྒྱུན་གྱི་སྐོར་ཞིབ་དོ་དམ་ལམ་ལུགས་བཙུགས་ནས། རིམ་པ་སོ་སོའི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་རིག་དངོས་སྡེ་ཁག་གིས་དུས་བཅད་ལྟར་རང་སྲིད་འཛིན་ས་ཁོངས་ནང་གི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་བྱ་བའི་གནས་ཚུལ་ལ་དཔྱད་དཔོག་བྱ་དགོས་ལ། ཁྲིམས་བསྟར་ཞིབ་བཤེར་ལ་ཤུགས་བསྣན་ནས། རིགས་སོ་སོའི་ཁྲིམས་འགལ་གྱིས་གཏོར་བརླག་གཏོང་བའི་བྱ་སྤྱོད་སྣ་ཚོགས་དུས་ཐོག་ཏུ་ཤེས་དགོས་པར་མ་ཟད་གཏན་འགོག་བྱ་དགོས། ཕྱིར་འབུད་རྐྱེན་སྲོལ་ལག་བསྟར་བྱས་ནས། སྲུང་སྐྱོབ་མིང་ཐོ་ནང་དུ་ཡོད་མོད་ཀྱང་རང་བྱུང་གནོད་འཚེའི་དབང་གིས་གཏོར་བརླག་ཚབས་ཆེན་ཐེབས་པའམ་རྩ་བ་ནས་འཇིག་ཉེན་ལ་ཐུག་ཡོད་པ། ཡང་ན་དེ་གནས་སའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྲུང་སྐྱོབ་དོ་དམ་མ་འདང་བར་གནོད་འཚེ་ཚབས་ཆེན་ཐེབས་པའི་སྲུང་སྐྱོབ་བྱ་ཡུལ་དག་འཇིག་ཉེན་གྱི་མིང་ཐོ་ནང་དུ་བཀོད་ནས་དུས་བཅད་ནས་བཅོས་སྐྱོང་བྱེད་དུ་འཇུག་དགོས། བཅོས་སྐྱོང་གི་བླང་བྱར་མཐུན་ན། དཔྱད་དཔོག་བྱས་རྗེས་འཇིག་ཉེན་གྱི་མིང་ཐོ་ལས་བླངས་ཆོག བཅོས་སྐྱོང་བྱས་རྗེས་སྲུང་སྐྱོབ་ཀྱི་ཚད་གཞི་ལ་མ་ཐོན་པའམ་ལོ་རྒྱུས་རིག་གནས་རིན་ཐང་ཉམས་པ་དང་མངོན་གསལ་གྱིས་ཞན་འགྱུར་བྱུང་ཡོད་ན། སྲུང་སྐྱོབ་ཀྱི་མིང་ཐོ་ལས་ཕྱིར་འབུད་གཏང་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
12. ལམ་ལུགས་དང་ཚད་གཞི་འཐུས་ཚང་དུ་གཟུག་དགོས། རང་ཞིང་གི་ལོ་རྒྱུས་རིག་གནས་གྲོང་ཁྱེར་དང་གྲོང་རྡལ། སྡེ་བ་བཅས་མིང་གྲགས་ཅན་སྲུང་སྐྱོབ་སོགས་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར་གཏན་འབེབས་བྱ་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་ལག་རྩལ་ཚད་གཞི་སྒྲིག་བཟོའི་བྱ་བ་ཧུར་ཐག་གིས་བསྒྲུབས་ནས། ས་གནས་ཀྱི་དོན་དངོས་དང་འཚམ་པའི་ལག་རྩལ་གྱི་ཚད་གཞི་མ་ལག་གཟུག་དགོས།(འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)13. བྱ་དགས་སྐུལ་ལྕག་གཏོང་བར་ཤུགས་བསྣན་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས། སྲིད་ཨུ)སོ་སོའི་སྲིད་གཞུང་གིས་བྱ་དགའ་འམ་ཁ་གསབ་སྟེར་བའི་སྲིད་ཇུས་ཞིབ་འཇུག་སྒོས་འཛུགས་པར་སྐུལ་མ་བཏང་ནས། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་དང་ཁ་གསབ་རོགས་དངུལ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་གྱི་བྱ་བར་རྒྱབ་སྐྱོར་བྱ་དགོས། སྲུང་སྐྱོབ་རྒྱུན་འཛིན་བྱ་བ་དེ་དཔལ་ཡོན་གྲོང་ཁྱེར་ཚད་འཇལ་མ་ལག་དང་མཐོ་སྒང་གི་མཛེས་པའི་གྲོང་རྡལ་དཔྱད་འཇོག་མ་ལག་ནང་འཇུག་དགོས། བྱས་འབྲས་རྗེས་དེད་དེ་དཔྱད་འཇོག་བྱས་ནས། ས་ཁུལ་སོ་སོའི་སྔོན་ཐོན་གྱི་ཉམས་མྱོང་དང་སྒྲུབ་ཐབས་རུབ་བསྡུ་དང་སྤྱི་བསྡོམས་བྱས་ཏེ། བྱས་རྗེས་འབུར་ཐོན་གྱི་རྩ་འཛུགས་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།(འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཡིན)
14. མ་དངུལ་གཏོང་ཚད་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་ཧུར་ཐག་གིས་བརྩོན་ལེན་བྱས་ཏེ། ཀྲུང་དབྱང་གི་ཁ་གསབ་རོགས་སྐྱོར་མ་དངུལ་གྱི་ཁྲིད་སྟོན་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པའི་ནོར་སྲིད་ཀྱིས་དོན་དངོས་ལྟར་མ་དངུལ་འགན་སྲུང་ལེགས་པོར་བྱ་དགོས་པར་མ་ཟད། རོགས་སྐྱོར་མ་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས། ཁྲོམ་ར་ཅན་གྱི་རྩ་དོན་ལྟར་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་བཏང་སྟེ། མ་དངུལ་གྱི་ཐབས་ལམ་ཇེ་ཡངས་སུ་གཏོང་བ་དང། བཅའ་ཁྲིམས་ཁྲིམས་སྲོལ་ལྟར་སྲིད་ཇུས་ཀྱིས་ཁྲིད་སྟོན་དང་གྲོན་དངུལ་འཕྲི་གཅོག ཁ་གསབ་རོགས་དངུལ་སྟེར་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྤྱི་ཚོགས་ཀྱི་མ་རྩ་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཐད་གཏོང་བར་ཡིད་དགུག་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ནོར་སྲིད་ཐིན་དང། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
15. ཕྱོགས་མང་བོ་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏང་དགོས། སྤྱི་ཚོགས་ཡོངས་ཀྱིས་མཉམ་སྡེབ་ཀྱིས་གྲོང་ཁྱེར་གྲོང་གསེབ་ཀྱི་རིག་གནས་ལོ་རྒྱུས་སྲུང་སྐྱོབ་རྒྱུན་འཛིན་གྱི་བྱ་བའི་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏང་དགོས། མཐོ་རིམ་སློབ་གླིང་དང་ཚན་ཞིབ་གླིང་ངམ་ཁང་སོགས་ཀྱིས་སྲུང་སྐྱོབ་རྒྱུན་འཛིན་གྱི་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཁག་སོ་སོར་དགེ་མཚན་ལྡན་པའི་བྱེད་ནུས་འདོན་པར་སྐུལ་མ་གཏང་དགོས། བདག་དབང་འཛིན་མཁན་དང་བེད་སྤྱོད་མཁན། ལྟ་སྐུལ་དོ་དམ་མི་སྣ་བཅས་ཀྱི་སྲུང་སྐྱོབ་འགན་འཁྲི་གསལ་ཐག་ཆོད་པར་བྱས་ཏེ། སྲུང་སྐྱོབ་དོ་དམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱ་དགོས། ཁྲོམ་རའི་བྱེད་པོས་རྒྱུན་མཐུད་ངང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱ་བར་མ་དངུལ་གཏོང་བར་སྐུལ་མ་གཏང་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་དང། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བཅས་ཡིན)
16. ཞིབ་དཔྱད་དང་འགན་འཁྲི་འདྲི་རྩད་ལ་ཤུགས་བསྣན་དགོས། ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འཐབ་ར་གཙོ་བོའི་ལེགས་ཆ་དང“སློབ་བརྩོནས་རྒྱལ་ཁབ་སྟོབས་ལྡན”“མཚོ་སྔོན་ལས་བྱེད་དྲ་བའི་སློབ་གླིང”“སྐུད་ཐོག་ཁྲིམས་ལུགས་དྲིལ་སྒྲོག”སོགས་སློབ་སྦྱོང་ལས་སྟེགས་ཀྱི་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གསོ་སྦྱོང་གི་བསླབ་ཚན་ཇེ་མང་དུ་གཏོང་བ་དང། མགོ་ཁྲིད་ལས་བྱེད་པས་གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པའི་ཆབ་སྲིད་རང་རྟོགས་དང་བསམ་བློ་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་ཇེ་མཐོར་གཏང་དགོས། ཆེད་ལས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས། གྲོང་ཁྱེར་གྲོང་གསེབ་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་པའི་ཞིང་ཆེན་རིམ་པའི་ཤེས་རིག་མཛོད་སྐྲུན་ཞིང། མཐོ་རིམ་སློབ་གླིང་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་འབྲེལ་ཡོད་རིག་ཚན་ཆེད་ལས་སྐྲུན་པར་སྐུལ་འདེད་གཏང་དགོས། གཞི་རིམ་གྱི་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་ཆེད་ལས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང། སྲོལ་རྒྱུན་རྩལ་ནུས་རྒྱུན་འཛིན་པ་དང་བཟོ་བའི་གསོ་སྦྱོང་ལ་ཤུགས་བསྣན་ནས། སྲོལ་རྒྱུན་རྩལ་ནུས་ནམ་ཡང་རྒྱུན་ཆད་མེད་པར་རྒྱུན་འཛིན་ཐུབ་པར་ཁག་ཐེག་བྱ་དགོས། (འགན་འཁྲི་འཁུར་མཁན་སྡེ་ཚན་ནི། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་གི་སློབ་གྲྭ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དམངས་སྲིད་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རིག་དངོས་ཅུས། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་བཅས་ཡིན)