གཞོན་ནུ་ལོ་ཆུང་གིས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལས་བསམ་པའི་འཚོ་བཅུད་སྡུད་ལེན་བྱ་དགོས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-01-19 11:38:00
ཕན་ཏུའོ་དབྱིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐུལ་སློང་ཚོགས་ཆེན་ཐོག་ནན་གྱིས་བསྟན་དོན། “གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་དང་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པ་དང་། གཙོ་བོ་ཏང་གི་གཏམ་རྒྱུད་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་ལེགས་པར་བཤད་ནས། ཏང་ལ་གཅེས་པ་དང་། རྒྱལ་ཁབ་ལ་གཅེས་པ། སྤྱི་ཚོགས་རིང་ལུགས་ལ་གཅེས་པ་བཅས་ཀྱི་བརྩེ་སེམས་ཀྱིས་དམར་པོའི་རྒྱུད་རྒྱུ་དང་། གསར་བརྗེའི་མེ་ཐུབ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་དགོས། ”གཞོན་ནུ་ལོ་ཆུང་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་ཡིན་ཞིང་། གཞོན་ནུ་ལོ་ཆུང་གི་དུས་རིམ་ནི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་པའི་འགག་རྩའི་དུས་རིམ་ཡིན། གཞོན་ནུ་ལོ་ཆུང་གི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བ་དམ་འཛིན་ལེགས་པོ་བྱས་ནས། དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལས་བསམ་པའི་འཚོ་བཅུད་སྡུད་ལེན་བྱེད་དུ་བཅུག་ན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་གྱི་ཚད་མཐུན་རྒྱུན་འཛིན་པ་སྐྱེད་སྲིང་བྱེད་པར་དོན་སྙིང་གལ་ཆེན་ལྡན།
ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་ཞིང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་སློབ་དེབ་ཅིག་ཡིན་ལ། ཆེས་བཟང་བའི་བཅུད་རྫས་ཤིག་ཀྱང་ཡིན། གཞོན་ནུ་ལོ་ཆུང་ལ་མཚོན་ན་ཏང་གི་ལོ་རྒྱུས་ཀྱི “སློབ་དེབ”དེར་སློབ་སྦྱོང་ཟབ་མོ་བྱས་ན། སེམས་ཀྱི་གསོ་བཅུད་དང་བསམ་བློ་གཏོང་ཕྱོགས་སྔར་བས་ལེགས་པོ་ཐོབ་ནས་ལང་ཚོ་ཡར་བརྩོན་གྱི་སྟོབས་ཤུགས་སྡུད་ལེན་བྱེད་ཐུབ། མིག་སྔའི་སྣ་མང་རྙོག་འཛིང་ཆེ་བའི་འདུ་ཤེས་འཛིན་སྟངས་ཀྱི་འཐབ་རྩོད་དང་ནོར་འཁྲུལ་གྱི་བསམ་བློའི་འདུ་ཤེས་སྣ་ཚོགས་ཀྱིས་གཞོན་ནུ་ལོ་ཆུང་གི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཆགས་པར་ཕོག་ཐུག་དང་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་པ་ཡིན། ལོ་རྒྱུས་ཀྱི་དོན་དངོས་ལ་གོ་སྐོན་བློ་འགུག་གི་ནུས་པ་ཆེན་པོ་ལྡན་པ་སྟེ། གཞོན་ནུ་ལོ་ཆུང་རྣམས་ལ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཉམས་སུ་མྱོང་དུ་འཇུག་པ་དང་། ཁོ་ཚོར་ཏང་ནི་གྲུ་ཆུང་ཞིག་ནས་བརྗིད་ཉམས་ལྡན་པའི་གྲུ་གཟིངས་ཆེན་པོར་གྱུར་པའི་འཕེལ་རིམ་རྟོགས་སུ་བཅུག་ནས། གསོན་ཉམས་ལྡན་པའི་ལོ་རྒྱུས་དོན་དངོས་ཀྱིས་གཞོན་ནུ་ལོ་ཆུང་ལ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། བསམ་བློའི་ཀུན་སྤྱོད་སློབ་གསོ་བཅས་གཏོང་བར་ཤུགས་སྣོན་ཞིང་། གཞོན་ནུ་ལོ་ཆུང་གིས་ལོ་རྒྱུས་རྟོགས་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། མར་ཁེ་སི་རིང་ལུགས་ལ་བཅངས་པའི་དད་མོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་བཅས་བརྟན་སྲུང་བྱས་ནས། དུས་རབས་དང་གོམ་སྟབས་མཉམ་སྤྱོད། མི་དམངས་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ཁྲོད་དུ་མི་ཚེའི་རིན་ཐང་མངོན་འགྱུར་སྔར་ལས་ལེགས་པོ་ཞིག་བྱ་དགོས།
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཁྲོད་དུ་གཞོན་ནུ་ལོ་ཆུང་གི་ཕུགས་འདུན་དད་སེམས་ཇེ་བརྟན་དུ་གཏོང་དགོས། ཕུགས་འདུན་གྱིས་མི་ཚེའི་ཁ་ཕྱོགས་མཛུབ་ཁྲིད་བྱེད་པ་དང་། དད་སེམས་ཀྱིས་བྱ་བའི་རྒྱལ་ཕམ་ཐག་གཅོད་པ་ཡིན། དེང་རབས་ཀྱི་གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ན། ཕུགས་འདུན་དད་སེམས་བརྟན་པོ་དང་མི་ཚེའི་སྟོན་རྟགས་འཛུགས་པར་ཕན་ཐོགས་ཡོད། བླ་ན་མེད་པའི་ཕུགས་འདུན་དད་སེམས་ཀྱིས་གཞོན་ནུ་ལོ་ཆུང་ལ་ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་བཤད་ནས། གཞོན་ནུ་ལོ་ཆུང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར ་བྱེད“ཐུབ་པ”དང་མར་ཁེ་སི་རིང་ལུགས་ཅིའི་ཕྱིར“ཆོག་པ”། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར“ལེགས་པ”བཅས་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་མོ་ལེན་དུ་འཇུག་པ་དང་། མུ་མཐུད་དུ་གཞོན་ནུ་ལོ་ཆུང་གི་མི་རིགས་སྤོབས་སེམས་དང་ཀྲུང་ཧྭ་རིག་གནས་ཀྱི་ངོས་མཐུན་ཇེ་བརྟན་དུ་བཏང་ནས། ཁོ་ཚོར་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཁྲོད་ནས་གསར་བརྗེའི་བསམ་པའི་འཚོ་བཅུད་སྡུད་ལེན་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས། ཕུགས་འདུན་ལྡན་ཞིང་དམིགས་ཡུལ་ཡོད་པ། འཇོན་ཐང་ལྡན་པ། འགན་ཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ཕུགས་འདུན་བརྩོན་མཁན་བྱ་དགོས།
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཁྲོད་དུ་གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་བརྩེ་སེམས་སྐྱེད་སྲིང་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་གོའི་མིར་སྔར་ནས་རྒྱལ་ཁབ་ལ་བརྩེ་སེམས་ཡོད་པ་དང་། གནམ་འོག་སྤྱི་ལ་དབང་ཞིང་སྒེར་དོར་སྤྱི་སྐྱོང་ལ་བརྩི་མཐོང་དང་དེ་དར་སྤེལ་བྱེད་པ། རྒྱལ་ཁབ་དར་རྒུད་ཅི་ཡོང་དེ་སྐྱེ་བོ་ཀུན་ལ་འགན་འཁྲི་ཡོད་པ་བརྩི་སྲུང་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་དཀའ་ངལ་སེལ་བ་དང་སྐྱིད་སྡུག་མཉམ་མྱོང་ནན་བཤད་བྱེད་པ། སོ་སྲུང་རོགས་རེས་དང་རྒན་བཀུར་གཞོན་གཅེས་དེ་དར་སྤེལ་བྱེད་པ། རང་དབང་དང་རང་གཅུན་གྱི་གཅིག་གྱུར། ཁེ་དབང་དང་འགན་འཁྲིའི་གཅིག་གྱུར་ལ་དོ་སྣང་བྱེད་པ་བཅས་ཡིན། ”“གཞོན་ནུ་དར་ན་རྒྱལ་ཁབ་ཀྱང་དར་ལ། གཞོན་ནུར་སྟོབས་དང་ལྡན་ན་རྒྱལ་ཁབ་ཀྱང་སྟོབས་འབྱོར་ལྡན། ”གཞོན་ནུ་ལོ་ཆུང་གི་རྒྱལ་ཁབ་བརྩེ་སེམས་གསོ་འཁྱུངས་བྱེད་པ་ནི་སྤྱོད་བཟང་འཛུགས་པའི་འབྱུང་ཁུངས་དང་། བྱས་རྗེས་འཇོག་པའི་གཞི་རྩ། བྱ་བ་སྒྲུབ་པའི་རྨང་གཞི་བཅས་ཡིན། གཞོན་ནུ་ལོ་ཆུང་གིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སྤེལ་བར་ཤུགས་བསྣན་ཏེ། གཞོན་ནུ་ལོ་ཆུང་གིས་ལོ་རྒྱུས་ལ་གོ་བ་ལེན་ཐུབ་པ་དང་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པར་བྱེད་དུ་བཅུག་ནས། དེ་ལས་གཏིང་ཟབ་པའི་རྒྱལ་ཁབ་ལ་བརྩེ་བའི་བསམ་པའི་འཚོ་བཅུད་སྡུད་ལེན་བྱས་ཏེ། རྒྱལ་ཁབ་ལ་དགའ་བའི་བརྩེ་སེམས་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འདུན་མ་རྒྱ་བསྐྱེད་པ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལག་ལེན་བྱེད་པ་བཅས་ལ་བརྟེན་ནས་མི་རིགས་བསྐྱར་དར་ཡོང་བར་སྔར་བས་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་སྣོན་དགོས།
ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ཁྲོད་དུ་གཞོན་ནུ་ལོ་ཆུང་གི་བློ་སྟོབས་ཆེར་བསྐྱེད་དགོས། མི་ལ་སྙིང་སྟོབས་མེད་ན་ལངས་མི་ཐུབ་ལ། རྒྱལ་ཁབ་ལ་སྙིང་སྟོབས་མེད་ན་སྟོབས་ལྡན་མིན། ཏང་གི་འབད་འཐབ་འཕེལ་རིམ་གྱིས་གཞོན་ནུ་ལོ་ཆུང་ལ་སློབ་གསོ་གཏོང་བ་དང་བློ་སྒོ་ཕྱེ་བ། གཞོན་ནུ་ལོ་ཆུང་གི་འབད་བརྩོན་འདུ་ཤེས་དང་འབད་བརྩོན་སྙིང་སྟོབས་སྐྱེད་སྲིང་བྱས་ནས། གཞོན་ནུ་ལོ་ཆུང་རྣམས་ཀྱིས་རེ་བ་དང་ལང་ཚོ་སྟོང་ཟད་དུ་མི་གཏོང་བར་མེས་རྒྱལ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱིས་སྔོན་བྱོན་པ་རྣམས་དང་འདྲ་བར་བསྒྲུབ་པའི་འོས་ལས་འགན་ཕྱིར་མི་བཤོལ་ཞིང་།གདོང་ལེན་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་ཆེད་དུ་འབད་འཐབ་བྱས་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་སྣ་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བར་འབད་བརྩོན་བྱ་དགོས།
ཏང་གི་ལོ་རྒྱུས་ནང་ཀྲུང་གོའི་གྲངས་ལས་འདས་པའི་གཞོན་ནུ་རྣམས་ཀྱིས་མུ་མཐུད་དུ་འབད་འཐབ་བྱེད་པའི་ཁྲོད་དུ་སྒེར་གྱི་རིན་ཐང་ནི་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་རླབས་ཆེན་འཕེལ་རིམ་དུ་མཉམ་འདྲེས་བྱས་ཡོད། དེང་གི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་སླར་ཡང་དུས་རབས་གསར་པའི་ལང་ཚོའི་ཕུགས་འདུན་སྙེག་བཞིན་ཡོད། གཞོན་
ནུ་ལོ་ཆུང་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པའི་སེམས་ཐག་གཅོད་པ། ཏང་གི་ལོ་རྒྱུས་ལས་འབད་འཐབ་ཀྱི་སྟོབས་ཤུགས་སྡུད་ལེན་བྱས་ནས་དམར་པོའི་སྲོལ་རྒྱུན་དང་དམར་པོའི་དྲན་ཤེས། དམར་པོའི་རྒྱུད་འཛིན་གཞི་རྩ་བཅས་སེམས་སུ་བཅགས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས།།