འདུམ་འགྲིག་གྱོད་དོན་བདག་སྤྲོད་བྱེད་པའི་ཁྱབ་ཁོངས།
ཡོང་ཁུངས། 《ཏང་གི་འཚོ་བ》༢༠༢༡.༥
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-01-19 15:29:00
སྤྱིར་བཏང་དུ་དོ་བདག་པར་ཐག་གཅོད་བྱེད་དབང་ཡོད་པའི་དམངས་དོན་དང་དཔལ་འབྱོར་རྩོད་གླེང་དེ། རྩོད་གླེང་ཡོད་པའི་དོ་བདག་པ་ཕན་ཚུན་ཕྱོགས་གཉིས་ཀས་འདུམ་འགྲིག་བྱེད་དུ་བཅུག་ཆོག་སེམས་བཞིན་གདའ། རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་འདུམ་འགྲིག་བྱས་ཆོག་པའི་རྩོད་གླེང་ཁྱབ་ཁོངས་གཏན་འཁེལ་གསལ་པོ་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུམ་འགྲིག་བཅའ་ཁྲིམས》ཀྱི་དོན་ཚན2པའི་གཏན་འཁེལ་ལྟར་ན། “འདྲ་མཉམ་གྱི་བྱེད་པོ་ཡིན་པའི་སྤྱི་དམངས་དང་ཁྲིམས་མི། གཞན་པའི་རྩ་འཛུགས་བར་དུ་བྱུང་བའི་གན་རྒྱའི་རྩོད་གླེང་དང་གཞན་པའི་རྒྱུ་ནོར་ཁེ་དབང་གི་རྩོད་གླེང་འདུམ་འགྲིག་བྱས་ཆོག”ཅེས་བཀོད་ཡོད། དེའི་ཁྱབ་ཁོངས་ལ་བྱེ་བྲག་ཏུ་དབྱེ་ན།
1 རིགས་སྣ་ཚོགས་ཀྱི་གན་རྒྱའི་རྩོད་གླེང་།
(1)སྤྱིར་བཏང་གི་གན་རྒྱའི་རྩོད་གླེང་ལ། ཉོ་འཚོང་གི་གན་རྒྱ། འཛུགས་སྐྲུན་བཟོ་སྐྲུན་གྱི་གན་རྒྱ། སྐྱེལ་འདྲེན་གན་རྒྱ། སྒྲུབ་འགན་ལེན་པའི་གན་རྒྱ། གློག ཆུ། དབུགས། དྲོད་འདོན་པ་བཅས་ཀྱི་གན་རྒྱ། མཛོད་འཇོག་བདག་གཉེར་གྱི་གན་རྒྱ། གླ་གཏོང་གན་རྒྱ། བསྐྱིས་དངུལ་གན་རྒྱ། ཉེན་སྲུང་གན་རྒྱ། འབུལ་བའི་གན་རྒྱ། མངགས་བཅོལ་གན་རྒྱ་བཅས་ཀྱི་རྩོད་གླེང་འདུ།
(2)ལག་རྩལ་གན་རྒྱའི་རྩོད་གླེང་ལ། ལག་རྩལ་གསར་གཏོད་ཀྱི་གན་རྒྱ། ལག་རྩལ་བཤུག་སྤྲོད་ཀྱི་གན་རྒྱ། ལག་རྩལ་བློ་འདྲིའི་གན་རྒྱ། ལག་རྩལ་ཞབས་ཕྱིའི་གན་རྒྱ་བཅས་ཀྱི་རྩོད་གླེང་འདུ།
(3)བརྩམས་ཆོས་བདག་དབང་གི་གན་རྒྱའི་རྩོད་གླེང་ལ། ཆོག་འཁྲོལ་བཀོལ་སྤྱོད་ཀྱི་གན་རྒྱ། གསར་རྩོམ་མངགས་བཅོལ་གྱི་གན་རྒྱ། དཔེ་སྐྲུན་གན་རྒྱ་བཅས་ཀྱི་རྩོད་གླེང་འདུ།
(4)ཚོང་རྟགས་ཆོག་འཁྲོལ་བཀོལ་སྤྱོད་ཀྱི་གན་རྒྱའི་རྩོད་གླེང་།
(5)ཁང་ཐོན་གན་རྒྱའི་རྩོད་གླེང་ལ། ཁང་ཐོན་བཤུག་སྤྲོད་ཀྱི་གན་རྒྱ། ཁང་ཐོན་གཏའ་མར་འཇོག་པའི་གན་རྒྱ། ཁང་པ་གླ་གཏོང་གི་གན་རྒྱ་བཅས་ཀྱི་རྩོད་གླེང་འདུ།
(6)གཞན་པའི་དམངས་དོན་དང་ཚོང་ལས་གན་རྒྱའི་རྩོད་གླེང་།
2 གཤམ་གྱི་འདུམ་འགྲིག་གྱོད་དོན་བདག་སྤྲོད་བྱ་མི་སྲིད།
(1)དམངས་དོན་རྩོད་གླེང་ཁྲོད་གཉེན་སྒྲིག་དང་ཉར་གསོ། ལྟ་སྐྱོང་། གཉོར་སྐྱོང་།ཤུལ་འཛིན་དང་འབྲེལ་བའི་རྩོད་གླེང་གི་རིགས།
(2)ཁྲིམས་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་རྩོད་གླེང་ཐག་གཅོད་བྱ་འོས་པའི་རིགས།
(3)ངལ་རྩོལ་རྩོད་གླེང་གི་རིགས།
(4)ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁུལ་གྱི་ཞིང་ལས་འགན་གཙང་ལེན་གན་རྒྱའི་རྩོད་གླེང་གི་རིགས།
3 གཞན་པའི་རྒྱུ་ནོར་ཁེ་ཕན་གྱི་རྩོད་གླེང་།
གན་རྒྱ་མིན་པའི་རྒྱུ་ནོར་ཁེ་ཕན་གྱི་རྩོད་གླེང་གཙོ་བོ་ནི་དབང་གནོད་རྩོད་གླེང་ཡིན་ཞིང་། དེར་ནང་གསེས་སུ་འཛད་སྤྱོད་པའི་ཁེ་ཕན་དབང་གནོད་རྩོད་གླེང་དང་མཚོ་དོན་དབང་གནོད་རྩོད་གླེང་། གཞན་དང་འབྲེལ་བའི་རྒྱུ་ནོར་ཁེ་ཕན་གྱི་དབང་གནོད་རྩོད་གླེང་སོགས་འདུ།
གཞན་དང་འབྲེལ་བའི་རྒྱུ་ནོར་ཁེ་ཕན་གྱི་དབང་གནོད་རྩོད་གླེང་ཞེས་པ་ནི་རྒྱུན་དུ་ཁང་སའི་ཐོན་ཁུངས་དང་ཐོན་རྫས་རྒྱུ་སྤུས། ཤེས་བྱའི་ཐོན་དབང་སོགས་ཁྱབ་ཁོངས་སུ་བྱུང་དང་འབྱུང་བཞིན་པའི་དབང་གནོད་རྩོད་གླེང་ལ་ཟེར། ཁང་སའི་ཐོན་ཁུངས་རྩོད་གླེང་ཁྲོད་ཀྱི་གཞན་པའི་རྒྱུ་ནོར་རྩོད་གླེང་ལ་གཙོ་བོ། མི་གཞན་གྱི་ཁང་པའི་བདག་དབང་ངམ་ཡང་ན་བཀོལ་སྤྱོད་བྱེད་དབང་བཙན་བཟུང་བྱས་པའི་རྩོད་གླེང་། ཁང་པའི་རྒྱ་ཁྱོན་བཀོལ་སྤྱོད་བྱས་པ་དང་སྤྱི་སྤྱོད་སྒྲིག་ཆས་རྐྱེན་བྱས་ཏེ་བྱུང་བའི་རྩོད་གླེང་བཅས་ཡོད།
ཐོན་རྫས་རྒྱུ་སྤུས་རྐྱེན་བྱས་ནས་བྱུང་བའི་དབང་གནོད་རྩོད་གླེང་ནི་གཙོ་བོ་ཐོན་རྫས་ལ་ཆད་སྐྱོན་བྱུང་བའི་དབང་གིས་མི་གཞན་པའི་མི་ལུས་དང་རྒྱུ་ནོར་ལ་གྱོང་གུད་བཟོས་ཏེ་བྱུང་བའི་རྩོད་གླེང་ཞིག་ཡིན།
བརྩམས་ཆོས་བདག་དབང་དང་འབྲེལ་བའི་དབང་གནོད་རྩོད་གླེང་ལ་གཙོ་བོ། བརྩམས་ཆོས་བདག་དབང་འཛིན་མཁན་གྱི་ཆོག་འཁྲོལ་མ་བརྒྱུད་པར་དེ་སྤེལ་ནས་བྱུང་བའི་རྩོད་གླེང་། བཅའ་ཁྲིམས་གཏན་འཁེལ་ལས་བསྒྲུབ་ཆོག་པའི་ཁྱབ་ཁོངས་ཕན་ཆད་དུ།བརྩམས་ཆོས་བདག་དབང་འཛིན་མཁན་གྱི་ཆོག་འཁྲོལ་མ་བརྒྱུད་པར་འཁྲབ་སྟོན། བརྙན་གཏོང་བ། འགྲེམ་སྟོན། འགྲེམ་སྤེལ། གློག་བརྙན་པར་ལེན་བཟོ་སྐྲུན། བརྙན་འཕྲིན། བརྙན་ལེན་པའམ་ཡང་ན་བཅོས་སྒྲིག ཡིག་སྒྱུར། མཆན་འགྲེལ། རྩོམ་སྒྲིག་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བརྩམས་ཆོས་བཀོལ་སྤྱོད་བྱས་ནས་བྱུང་བའི་རྩོད་གླེང་། མི་གཞན་གྱི་བརྩམས་ཆོས་བཀོལ་སྤྱོད་བྱས་ཏེ་གཏན་འཁེལ་ལྟར་གླ་ཆ་མ་བྱིན་པར་བྱུང་བའི་རྩོད་གླེང་། མི་གཞན་གྱི་བརྩམས་ཆོས་བརྐུ་བཤུས་སམ་བཤུ་འབྲི་བྱས་ནས་བྱུང་བའི་རྩོད་གླེང་། བརྩམས་ཆོས་བདག་དབང་འཛིན་མཁན་གྱི་ཆོག་འཁྲོལ་མ་བརྒྱུད་པར། ཁེ་སྤོགས་ལེན་པ་དམིགས་ཡུལ་དུ་བཟུང་སྟེ་སྒྲིག་བཟོ་བྱས་ཡོད་པའི་སྒྲ་དང་བརྙན་འདྲ་བཟོ་བྱས་ཤིང་བཀྲམས་ནས་བྱུང་བའི་རྩོད་གླེང་། མི་གཞན་གྱི་མིང་བཀོད་ཡོད་པའི་མཛེས་རྩལ་བརྩམས་ཆོས་སྒྲིག་བཟོ་དང་རྫུན་བཟོ་བྱས་ནས་བྱུང་བའི་རྩོད་གླེང་སོགས་འདུ།
བཟོ་ལས་ཐོན་དབང་དང་འབྲེལ་བའི་ཆེད་ཁེ་དང་ཚོང་རྟགས་ཀྱི་དབང་གནོད་རྩོད་གླེང་ལ་གཙོ་བོ། ཆེད་ཁེ་འཛིན་མཁན་གྱི་ཆོག་འཁྲོལ་མ་བརྒྱུད་པར་ཆེད་ཁེ་སྤྱད་དེ་བྱུང་བའི་རྩོད་གླེང་། ཚོང་རྟགས་དབང་མཁན་གྱི་ཆོག་འཁྲོལ་མ་བརྒྱུད་པར་རིགས་གཅིག་པའམ་ཡང་ན་འདྲ་མཚུངས་ཡིན་པའི་ཚོང་རྫས་སྟེང་ཐོ་འགོད་བྱས་ཡོད་པའི་ཚོང་རྟགས་གཅིག་མཚུངས་སམ་ཡང་ན་ཧ་ལམ་འདྲ་བའི་ཚོང་རྟགས་སྤྱད་དེ་བྱུང་བའི་རྩོད་གླེང་བཅས་ཡོད།གཞན་ཡང་། རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་ཀྱང་གཏན་འཁེལ་གསལ་པོ་བྱས་ཏེ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུམ་འགྲིག་བཅའ་ཁྲིམས》ཀྱི་གཏན་འཁེལ་བྱས་ཡོད་པའི་ལམ་ལུགས་ལྟར་སྤྲད་དེ་འདུམ་འགྲིག་བྱས་མི་ཆོག་པའི་རྩོད་གླེང་ནང་དོན་ལ། སྤྱི་དམངས་ཀྱི་མི་ལུས་དང་འབྲེལ་བའི་དམངས་དོན་རྩོད་གླེང་ལ། བྱེ་བྲག་ཏུ་གཉེན་སྒྲིག་དང་ཉར་གསོ། ལྟ་སྐྱོང་། གཉོར་སྐྱོང་། ཤུལ་འཛིན་བཅས་ཀྱི་རྩོད་གླེང་རིགས་ཡོད། ཁྲིམས་ལྟར་སྲིད་འཛིན་ལས་ཁུངས་ཀྱིས་སྲིད་འཛིན་རྩོད་གླེང་ཐག་གཅོད་བྱ་འོས་པའི་རིགས། འབྲེལ་ཡོད་དམིགས་བསལ་ཁྱབ་ཁོངས་ཀྱི་དཔལ་འབྱོར་རྩོད་གླེང་ལ། མིག་སྔར། རྒྱལ་ཁབ་ཀྱིས་དམིགས་བསལ་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་ལམ་སྲོལ་བཀོད་སྒྲིག་བྱས་ཡོད་ཅིང་། དེར་བྱེ་བྲག་ཏུ་ངལ་རྩོལ་རྩོད་གླེང་དང་ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ནང་ཁུལ་གྱི་ཞིང་ལས་འགན་གཙང་ལེན་གན་རྒྱའི་རྩོད་གླེང་རིགས་གཉིས་ཡོད།