ཁྱོ་ག་བཙོན་ཁང་དུ་འགྲོ་དགོས་ཚེ་ཆུང་མས་གཉེན་འཐོར་རེ་བ་བཏོན་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གྱོད་དཔེ།

2020ལོའི་ཟླ2པའི་ཉིན་ཞིག་ལ། དབང་ལྡན་གྱིས་ཆང་འཐུངས་རྗེས། རླངས་འཁོར་བསྐོར་ནས་རྫོང་ཐོག་ཏུ་འགྲོ་བའི་ལམ་བར་དུ་གློག་དམར་ལ་མཉམ་མ་བཞག་པས། མདུན་ཕྱོགས་ནས་གཞུང་ལམ་ཕར་ཁ་འགྲོ་བཞིན་པའི་སྟོབས་ལྡན་དང་ཟླ་བ་གཉིས་ལ་བརྒྱབ་སྟེ་དྲན་མེད་ངང་ཐང་དུ་བསྒྱེལ་བས། དབང་ལྡན་གྱིས་རྟབ་རྟབ་པོའི་ངང120ལ་ཁ་པར་བཏང་སྟེ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་ཀྱང་ཕན་ཐོགས་མ་བྱུང་བར་ཚེ་ལས་འདས། དེར་བརྟེན། དབང་ལྡན་ལ་ལོ8བརྒྱད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཅད་པ་དེས། ཁོའི་ཆུང་མ་ལྷ་མོས་མོ་དང་བྱིས་པའི་འཚོ་བའི་ཐད་ལ་ཤུགས་རྐྱེན་ཐེབས་སྲིད་པར་སྙམ་སྟེ། ཁྲིམས་ཁང་ལ་ཞུ་གཏུག་བྱས་ནས་གཉེན་འཐོར་བར་རེ་བ་བཏོན།

བཅའ་ཁྲིམས་དབྱེ་ཞིབ།

ལྷ་མོས་གཉེན་འཐོར་བར་རེ་བ་བཏོན་ཆོག་པ་སྟེ། རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཉེན་འཐོར་གྱོད་དོན་ཁྲོད་བཟའ་འདང་ཉམས་ཡོད་མེད་ལ་ཇི་ལྟར་བརྟག་ཐབས་ཐད་ནས་བཏོན་པའི་བྱེ་བྲག་གི་བསམ་འཆར་འགའི》ནང་དུ། “ཁྱོ་ཤུག་ཟུང་ལས་ཕྱོགས་གཅིག་བཙོན་ཁང་ནས་ཡུན་རིང་ལ་འདུག་དགོས་པའམ་ཁྲིམས་འགལ་དང་ནག་ཉེས་བྱ་སྤྱོད་ཀྱིས་བཟའ་ཟླའི་བརྩེ་འདང་ལ་གནོད་འཚེ་ཚབས་ཆེན་བཟོས་ཚེ། བཟའ་འདང་ཉམས་ཟིན་པར་ངོས་བཟུང་ཆོག་པ་དང་། ཕྱོགས་གཅིག་གིས་བློ་ཐག་རྦད་ཆོད་ཀྱིས་གཉེན་འཐོར་བར་རེ་བ་བཏོན་ཏེ། འདུམ་སྒྲིག་བྱས་ཀྱང་ཕན་ནུས་མ་ཐོན་ན། ཁྲིམས་ཁང་གིས་གཉེན་འཐོར་དུ་བཅུག་ཆོག”ཅེས་བཀོད་ཡོད།

གོང་གི་གྱོད་དོན་འདིར་གཞིགས་ན། དབང་ལྡན་བཙོན་ཁང་དུ་སོང་རྗེས། གལ་ཏེ་ལྷ་མོས་དབང་ལྡན་གྱིས་ནག་ཉེས་བཟོས་པའི་བྱ་སྤྱོད་དང་ལེན་བྱེད་མ་ཐུབ་པ་དང་། བཟའ་ཟླའི་འབྲེལ་བའང་རྒྱུན་སྐྱོང་མ་འདོད་ཚེ། གཉེན་འཐོར་བར་རེ་བ་བཏོན་ཆོག

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།