སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་ལ་མདུན་ལམ་རྒྱ་ཆེན་ལྡན་པས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ངེས་པ་དོན་གྱིས་རྐང་འཛིན་ཐོན་ལས་དང་དམངས་འཚོའི་ཐོན་ལས། བདེ་སྐྱིད་ཀྱི་ཐོན་ལས་བཅས་བསྐྲུན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་ནས། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རིག་གནས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་བར་སྒུལ་ནུས་བསྩོལ་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ལ། ས་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་སྡེབ་སྒྲིག ལས་རིགས་མཉམ་འདྲེས་ཡོང་བར་སྐུལ་སྤེལ་བཅས་བྱས་ཏེ། རང་རྒྱལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་མགྱོགས་མྱུར་སྒོས་འཕེལ་བར་སྐུལ་འདེད་བཏང་།
རིག་གནས་ཡུལ་སྐོར་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་སོ་སོ་རུ་རྟོག་ཞིབ་གནང་སྐབས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནན་གྱིས་བསྟན་དོན། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཉིས་ཀ་ཁ་འབྲལ་ཐབས་མེད་པས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཞེངས་སྐྲུན་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་རྒྱུན་བསྐྱངས་ནས་རིག་གནས་དང་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་རྣམས་ལ་རང་བྱུང་གི་མཛེས་པ་ཉམས་སུ་མྱོང་བའི་གོ་རིམ་ཁྲོད་རིག་གནས་ཀྱི་མཛེས་པ་དང་སེམས་ཁམས་ཀྱི་མཛེས་པ་ཉམས་སུ་མྱོང་དུ་འཇུག་དགོས།
སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར། “ལོ་ལྔའི་འཆར་འགོད་བཅོ་ལྔ་བ”འགོ་བརྩམས་པའི་ལོར། ས་གནས་སོ་སོའི་རིག་གནས་ཡུལ་སྐོར་ཁྲོམ་རར་མེ་ཏོག་སྣ་མང་མཉམ་བཞད་ཀྱི་རྣམ་པ་མངོན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱིས་འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་བསླངས་ཤིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྩལ།
ད་ལྟ། རྒྱུག་ཆེ་བའི་རིག་གནས་ཡུལ་སྐོར་ཁྲོམ་ར་རུ། གནའ་ཉམས་ལྡན་པའི་རྒྱལ་ལུགས་སྲོལ་རྒྱུན་དེ་ན་གཞོན་རྣམས་ཀྱི“རྩེར་སོན་མཛེས་དཔྱོད”དུ་གྱུར་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་བྱུང་ཞིང་། ཀྲུང་ཧྭའི་རིག་གནས་ཀྱིས་སྔར་ལས་འོད་སྟོང་འབར་བའི་གཟི་དཔལ་མངོན།
ཅང་སུའུ་ནན་ཅིང་དུ། ལོ1700ལྷག་ལ་རྒྱུན་འཛིན་བྱས་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྟེ། ཆིན་ཧོའེ་ལྒང་ཞུའི་སྤྲོ་ཚོགས་ ཉེ་ལམ་སླར་ཡང་སྤེལ་འགོ་བརྩམས་ཤིང་། ལྒང་ཞུ་ཚོན་ཁྲའི་ཚན་སྡེབ400ལ་ཉེ་བས་ལོ་རྒྱུས་དང་དམངས་སྲོལ། གཟུགས་འདས་ཤུལ་བཞག་རིག་གནས། ལོ་རྟགས་བཅས་ཀྱི་རིག་གནས་མཉམ་འདྲེས་བྱས་པར་མ་ཟད། གྲིབ་གཟིགས་ཕོག་པ་དང་སྐུལ་འོད་འོད་ཆུན་སོགས་ཚན་རྩལ་གྱི་བྱེད་ཐབས་སྤྱད་དེ། ཀྲུང་ལུགས་མཛེས་དཔྱོད་རིག་པའི་འཆར་ཡན་གྱི་མཛེས་པ་མངོན་པར་བྱས། ལུགས་རྙིང་ལོ་གསར་སླེབས་ལ་ཉེ་བ་དང་བསྟུན་ཏེ། ཧྲང་ཧའེ་དང་སི་ཁྲོན་སོགས་ས་ཆ་མང་པོའི་ལྒང་ཞུའི་སྤྲོ་ཚོགས་ཀྱང་འཕྲོ་རིམ་འཕྲོར་འགོ་བརྩམས་ཤིང་། ལོ་ངོ་སྟོང་ཕྲག་ལས་བརྒལ་བའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྒང་ཞུའི་ཚོན་ཁྲ་དག་དཔྱིད་གསར་རིག་གནས་ཡུལ་སྐོར་ཁྲོམ་རའི་དྲོད་ཁོལ་ལྡན་པའི་རྒྱལ་ལུགས་དཔེ་རིས་སུ་གྱུར།
ཡུལ་སྐོར་བ་ཧྲའོ་ཞིན་གྱིས་བཤད་རྒྱུར། རྒྱལ་ལུགས་རྒྱལ་སྲོལ་དང་ཀྲུང་གོའི་ལུགས་ཀྱི་མཛེས་དཔྱོད་རིག་པར་རིག་གནས་ཀྱི་རྫོང་སྟུག་པོ་ལྡན། དེ་དང་ཆབས་ཅིག་ང་ཚོའི་དེང་རབས་འཚོ་བའི་ནང་དུའང་ཞུགས་ཐུབ་པ་རེད། ངའི་བསམ་ན་འདིའི་ནང་དུ་ཀྲུང་གོ་བ་ཐུན་མོང་གི་བརྩེ་སེམས་དང་རིག་གནས་ཀྱི་གདེང་ཚོད་གཅིག་ཏུ་འདུས་ཡོད་ཟེར།
ད་ལོའི་ལོ་མགོ་ནས་བཟུང་། “རྣམ་པ་གསར་བའི་ཁྲུང་ཆིང”ཞེས་པའི་མི་མེད་གནམ་གྲུའི་གློག་འོད་འཁྲབ་སྟོན་བསྟུད་མར་བྱས་ཏེ། བརྙན་འོད་ཚན་རྩལ་ལ་བརྟེན་ནས་གནའ་ཉམས་དོད་པའི་རྒྱལ་ཁབ་ཀྱི་ཉམས་འགྱུར་མངོན་པར་བྱས་ཤིང་། ལྟད་མོ་བ་རྣམས་ལ་གྲོང་ཁྱེར་གྱི་བར་སྟོང་གི་རྣམ་པ་གསར་རྐྱང་གི་ལྟ་སྦྱོང་ཉམས་ལེན་བྱེད་དུ་བཅུག་པས། གྲོང་ཁྱེར་གྱི་འགྲུལ་རྒྱུན་ལ་སྐུལ་འདེད་བཏང་བར་མ་ཟད། ད་དུང་གྲོང་ཁྱེར་གསར་སྒྱུར་ལའང་རྒྱུན་ཆད་མེད་པར་ནུས་པ་བཏོན།
འཛམ་གླིང་ཤུལ་བཞག་རིག་གནས་ཡུན་ནན་ཕུའུ་ཨར་རི་བོ་ཅིན་མའེ་ཡི་གནའ་ཇའི་ནགས་ཚལ་དུ། བསྟུད་མར་ཉིན་འགའི་རིང་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། སྲེའུ་ཕྱེ་དང་ཇ་ལྗང་། སྤྲིན་དང་རྒྱ་མཚོ་མཉམ་དུ་འདྲེས་པའི་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག རི་བོ་ཅིན་མའེ་ཡི་དམངས་ཤག་ཏུ་སྡོད་ཚད་བརྒྱ་ཆའི་དགུ་བཅུ་ཟིན་པ་དང་། རྒྱལ་ཁབ་ཀྱི་རླབས་རྒྱུན་རིག་གནས་གསར་གཏོད་དང་། ལག་ཤེས་བཟོ་རྩལ་ཐོན་རྫས། དེ་བཞིན་ཇ་ལོ་དང་སྦྲང་རྩི་སོགས་ཞིང་ལས་ཐོན་རྫས་ཀྱི་བྲིན་ཚད་ཆེས་ཆེར་འཕར།
གློག་བརྙན་དང་འཁྲབ་སྟོན། གངས་འཁྱགས། ཚན་རྩལ་སོགས། ད་ལོའི་ཚུན་ལ། ས་གནས་སོ་སོའི་རིག་གནས་ཡུལ་སྐོར་གྱིས་ལས་རྣམ་སྣ་མང་མཉམ་འདྲེས་བྱེད་ཐབས་ལ་བརྟེན་ནས། སྔར་ལས་ལྷག་པས་རྣམ་པ་གསར་པ་བསྐྲུན་པ་དང་མཐའ་མཚམས་གསར་པ་སྔར་ལས་གང་མང་རྒྱ་སྐྱེད་བཏང་།
པེ་ཅིང་གྲོང་ཁྱེར་ཧོའེ་རིག་ཆུས་ཀྱིས་ཞིང་ལས་དངརིག་གནས། ཚོང་ལས་དང་ཡུལ་སྐོར། ལུས་རྩལ་ཚན་རིག་བཅས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། ད་ལོའི་ལོ་ཧྲིལ་པོར་དུས་བཞིའི་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག43སྤེལ་ཏེ། དུས་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།
ཧྥུའུ་ཅན་ཞིང་ཆེན་གྱིས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་བརྗོད་དོན་ལོ་ལག་བསྟར་བྱེད་འགོ་བརྩམས་ཏེ། ད་ལོར་བྱེད་ཐབས་ཁག14བཏོན་ནས། རིག་གནས་ལ་ངོས་འཛིན་ཐུབ་པ་དང་ངེས་པ་དོན་གྱིས་ཉམས་ལེན་ཐུབ་པ། ཁྱབ་གདལ་གྱི་ནུས་པ་བཅས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་སྐྱེ་ཁམས་གསར་པ་བསྐྲུན་ནས། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་རྣམ་པ་གསར་པ་བསྐྲུན་རྒྱུ་རེད།
ཧྲན་ཞི་རུ། འགུལ་རིས་གློག་བརྙན《རི་བོ་ལང་ལང་གི་གདོན་འདྲེ་ཆུང་ཆུང》ཞེས་པའི་ནང་གི་ཡུལ་ལྗོངས་ཁུལ་བཅུ་ལྷག་དུ། ད་ལོའི་ཚུན་ལ་བསྟུད་མར་འགྲུལ་རྒྱུན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡུལ་སྐོར་བས་གནའ་བོའི་བཟོ་སྐྲུན་དང་གནའ་གྲོང་ལ་ལྟ་སྐོར་བྱེད་པའི་དུས་མཚུངས་སུ། ཞག་སྡོད་བཟའ་བཏུང་དང་རིག་རྩལ་འཁྲབ་སྟོན་སོགས་སྣ་མང་པོར་མྱོང་རོལ་བྱས་ཆོག
ཧི་ནན་དུ། ལོ་ངོ1500ལྷག་གི་ལོ་རྒྱུས་ལྡན་པའི་ལུང་མོན་བྲག་ཕུག་གིས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རིགས600ལྷག་ཙམ་གསར་སྤེལ་བྱས་པར་མ་ཟད། ཟབ་ཞུགས་རྣམ་པའི་ཉམས་ལེན་དང་ལུང་མོན་གནའ་ཁྲོམ་སོགས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་ཁག་ཅིག་བསྐྲུན། ལོ་གསར་པའི་ནང་། ལུང་མོན་བྲག་ཕུག་གིས་རིག་དངོས་གྲངས་འཛིན་ཅན་གྱི་འགྲེམས་སྟོན་དང་གསོན་འགྱུར་བེད་སྤྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། གྲངས་ཀའི་ཚད་འཇལ་རིས་འབྲི་དང3Dཔར་འདེབས་སོགས་ཀྱི་ལག་རྩལ་བརྒྱུད། ཡུལ་སྐོར་བ་བྲག་ཕུག་ཏུ་བསྐྱོད་དེ། བྲག་ཕུག་རིག་གནས་ཀྱི་མཛེས་པ་དངོས་སུ་ཉམས་ལེན་བྱས་ཆོག
རིག་གནས་ལ་བརྟེན་ནས་ཡུལ་སྐོར་བསྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་དགོས། རིག་གནས་ཡུལ་དངོས་མཉམ་འདྲེས་ཀྱིས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་དུ་བཅུག་པར་མ་ཟད། ད་དུང་རྒྱལ་དམངས་ཡོངས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བའང་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། སྤྱི་ཚོགས་དཔལ་ཡོན་ཡར་ཐོན་ཡོང་བར་སྣེ་ཁྲིད་བྱས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་འདིར། རིག་གནས་ཡུལ་སྐོར་མཉམ་འདྲེས་དེ“ཁྲོམ་ར་གསོ་སྐྱོང་བྱེད་པ”ནས“མྱུར་དུ་འཕར་བའི”ཕྱོགས་སུ་བསྒྱུར་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་མཛེས་སྡུག་གི་འཚོ་བར་ཞབས་འདེགས་ཞུ་བའི་དུས་མཚུངས་སུ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་།