རྙིང་དོར་བྱས་པའི་རླངས་འཁོར་གྱིས་དོན་རྐྱེན་བསླངས་ན་སུས་འགན་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་ཨ་ཁུས་རླངས་འཁོར་བསྐོར་ཏེ་རྫོང་ལ་འགྲོ་བའི་ལམ་བར་དུ། ཨང་བྱང་བཀལ་མེད་པའི་རླངས་འཁོར་རྙིང་པ་ཞིག་གིས་གདོང་ཐུག་བརྒྱབ་སྟེ་རླངས་འཁོར་ལ་ཆག་སྐྱོན་བཟོས། ཕྱིས་སུ་རྩད་གཅོད་བྱས་པ་བརྒྱུད་དོན་རྐྱེན་སློང་མཁན་གྱི་ཨང་བྱང་བཀལ་མེད་པའི་རླངས་འཁོར་རྙིང་པ་དེའི་བདག་པོ་ནི་ཚེ་མགོན་ཡིན་པ་ཤེས་ཤིང་། ད་དུང་རླངས་འཁོར་རྙིང་དོར་བྱེད་པའི་དུས་ལ་སླེབས་ནའང་། ཁོས་རླངས་འཁོར་ཚ་བོར་གཡར་ནས་རྒྱུན་པར་བཀོལ་སྤྱོད་བྱེད་དུ་འཇོག་བཞིན་གདའ། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཨང་བྱང་མེད་པའི་རླངས་འཁོར་རྙིང་པ་དེས་དོན་རྐྱེན་བསླངས་པར་སུས་འགན་འཁུར་དགོས།

ཞེས་བཀྲ་ཤིས་ཀྱིས།

བློ་མཐུན་བཀྲ་ཤིས་ལགས།

རང་རྒྱལ་གྱི་དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལྟར་ན། “ཉོ་འཚོང་ངམ་བྱེད་ཐབས་གཞན་བརྒྱུད་དེ་སྒྲིག་སྦྱོར་བྱས་པའམ་རྙིང་དོར་བྱེད་པའི་ཚད་གཞིར་ཐོན་པའི་འཕྲུལ་འཁོར་བཤུག་སྤྲོད་བྱས་ཏེ། འགྲིམ་འགྲུལ་དོན་རྐྱེན་བསླངས་ནས་གནོད་སྐྱོན་བཟོས་ན། བཤུག་སྤྲོད་མཁན་དང་ཉོ་མཁན་གཉིས་ཀྱིས་མཉམ་དུ་རྒྱུན་མཐུད་འགན་འཁྲི་འཁུར་དགོས”ཞེས་བཀོད་ཡོད།

རླངས་འཁོར་གཡར་ནས་དོན་རྐྱེན་བྱུང་ན། སྤྱིར་བཏང་དུ་གཡར་མཁན་གྱིས་འགན་འཁྲི་འཁུར་དགོས། ཡིན་ན་ཡང་རྙིང་དོར་བྱེད་རན་ལ་ཐོན་པའི་རླངས་འཁོར་དེ་ཚེ་མགོན་གྱིས་བཤུག་སྤྲོད་དམ་ཚ་བོར་གཡར་ནས་བཀོལ་སྤྱོད་བྱེད་དུ་བཅུག་པས། ཚེ་མགོན་དང་ཁོའི་ཚ་བོ་གཉིས་ཀྱིས་ཁྱོད་ཀྱི་ཨ་ཁུ་ལ་གྱོང་གུད་བཟོས་པར་སྐྱིན་ཚབ་འཇལ་བའི་རྒྱུད་མཐུད་འགན་འཁྲི་འཁུར་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།