2020ལོའི་ཟླ12པར། དགྲ་ལྷ་རྒྱལ་གྱིས་ལག་བརྒྱུད་དངོས་པོ་ཉོ་ཚོང་སྟེགས་བུ་ཞིག་བརྒྱུད་དེ་འབྲུག་རྩེའི་ལག་ནས་ལག་བརྒྱུད་རླངས་འཁོར་ཞིག་ཉོས། གྲོས་འཆམ་ཡི་གེའི་སྟེང་རླངས་འཁོར་དེའི་དོན་དངོས་གནས་ཚུལ(རླངས་འཁོར་གྱི་གནས་ཚུལ་དང་འགྲོ་རིམ་བསྒྲུབས་པའི་གནས་ཚུལ)གསལ་པོར་བཀོད་དེ། ཉོ་ཚོང་བྱས་རྗེས་རྒྱུ་རྐྱེན་གང་ཞིག་ཡིན་རུང་ཕྱིར་སློག་བྱེད་མི་ཆོག་པ་དང་། ཕྱོགས་གཉིས་ཀ་འཐད་པ་བྱུང་བར་མ་ཟད་དཔང་མི་ཡོད་པའི་གནས་ཚུལ་འོག རླངས་འཁོར་དེའི་བདག་དབང་བརྗེ་སྒྱུར་མི་བྱེད་པ་དང་། རླངས་འཁོར་དེ་དགྲ་ལྷ་རྒྱལ་གྱི་ལག་ཏུ་སྤྲད་རྗེས་ནས་བཟུང་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་དང་དཔལ་འབྱོར་གྱོང་གུན། བཅའ་ཁྲིམས་ཀྱི་འགན་འཁྲི།དེ་མིན་ད་རུང་ཡང་བསྐྱར་ཕྱི་རུ་བཙོང་བ་སོགས་ཀྱི་འགན་འཁྲི་ཡོད་ཚད་དགྲ་ལྷལ་རྒྱལ་གྱིས་འཁུར་རྒྱུ་བྱས།
གྲོས་འཆམ་ཡི་གེ་བྲིས་རྗེས་དགྲ་ལྷ་རྒྱལ་གྱིས་སྒོར་མོ་བྱིན་པ་དང་། འབྲུག་རྩེས་གྱོད་འབྲེལ་རླངས་འཁོར་དང་བདག་དབང་དཔང་ཡིག འཁོར་གཏོང་ལག་ཁྱེར། ཉེན་སྲུང་འཛིན་ཡིག་སོགས་དགྲ་ལྷ་རྒྱལ་ལ་སྤྲད། རྗེས་སུ་དགྲ་ལྷ་རྒྱལ་དང་ཚེ་འབུམ་གཉིས་ཀྱིས་གྱོད་འབྲེལ་རླངས་འཁོར་དེ་བསྐོར་ནས་ཕྱི་རུ་འགྲོ་བའི་སྐབས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་ཚེ་འབུམ་ལ་རྨས་སྐྱོན་ཕོག ཉེན་སྲུང་ཀུང་སིས་འབྲུག་རྩེས་སྤྲད་པའི་ཉེན་སྲུང་ཆ་འཕྲིན་མ་རྙེད་པས། དགྲ་ལྷ་རྒྱལ་རང་ཉིད་ནས་ཚེ་འབུམ་ལ་སྒོར་ཁྲི2ཀྱི་སྐྱིན་ཚབ་བྱིན། འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་རླངས་འཁོར་དེ་ལ་དུས་བཅད་ལྟར་བདེ་འཇགས་ལག་རྩལ་ཞིབ་བཤེར་བྱས་མེད་པས། བདེ་འཇགས་ལ་ཁག་ཐེག་མེད་པའི་གནས་ཚུལ་འོག་ཕྱི་རུ་སོང་བ་ཡིན་པས། དོན་རྐྱེན་གྱི་འགན་འཁྲི་ཡོངས་རྫོགས་དགྲ་ལྷ་རྒྱལ་གྱིས་འཁུར་དགོས་པར་ཐག་བཅད་པར་མ་ཟད། དུས་བཅད་ལྟར་བདེ་འཇགས་ཞིབ་བཤེར་མ་བྱས་པ་ལ་སྒོར200ཡི་དངུལ་ཆད་བཅད་པ་དང་། གཏན་འཁེལ་ལྟར་ཉེན་སྲུང་མ་ཉོས་པའི་ཁྲིམས་འགལ་བྱ་སྤྱོད་ལ་སྒོར1500ཡི་དངུལ་ཆད་བཅད། དེ་བས་དགྲ་ལྷ་རྒྱལ་གྱིས་མི་དམངས་ཁྲིམས་ཁང་ལ་གཏུགས་ནས། ལག་བརྒྱུད་རླངས་འཁོར་ཉོས་པའི་གན་རྒྱ་དེ་ནུས་མེད་ཡིན་པར་ཐག་གཅོད་དགོས་པར་མ་ཟད། རླངས་འཁོར་ཉོས་པའི་རིན་གོང་གི་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལས་བཟོས་པའི་འགྲོ་གྲོན་ཡོངས་རྫོགས་ཕྱིར་སློག་དགོས་པའི་རེ་འདུན་བཏོན།
བདག་སྤྲོད།
མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས་བསམ་དོན།ཁྲིམས་ལྟར་གྲུབ་ཟིན་པའི་གན་རྒྱར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས། དགྲ་ལྷ་རྒྱལ་གྱིས་གྲོས་དན་ལྟར་རང་ཉིད་ཀྱི་འགན་འཁྲི་ཁུར་དུ་ལེན་དགོས། དགྲ་ལྷ་རྒྱལ་དང་འབྲུག་རྩེ་གཉིས་ཀྱིས་བཞག་པའི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་གི་གྲོས་འཆམ་ཡི་གེ་དེ་ནི་ཕྱོགས་གཉིས་ཀྱི་འདོད་བློ་ངོ་མ་ཡིན་པས། ཁྲིམས་མཐུན་དང་ནུས་ལྡན་ཡིན་པ་དང་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན་པ་རེད། འབྲུག་རྩེས་གྲོས་དན་ལྟར་གྱོད་འབྲེལ་རླངས་འཁོར་དེ་དགྲ་ལྷ་རྒྱལ་ལ་སྤྲད་པ་དང་། རླངས་འཁོར་དེ་དགྲ་ལྷ་རྒྱལ་གྱི་ལག་ཏུ་འབྱོར་བར་མ་ཟད་དངོས་སུ་བཀོལ་སྤྱོད་ཀྱང་བྱས་ཟིན་པས། གན་རྒྱའི་རྩ་བའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད། གྱོད་འབྲེལ་རླངས་འཁོར་དེའི་གྲོས་འཆམ་ཡི་གེ་ལ་ཁྲིམས་བཀོད་དང་ཡང་ན་གྲོས་དན་ཐད་ཀྱི་ནུས་མེད་དུ་བཟོས་ཆོག་པའི་ཆ་རྐྱེན་མི་འཛོམས་པ་རེད། གོང་གི་གནས་ཚུལ་དེ་དག་ལ་གཞིགས་ནས། ཁྲིམས་ཁང་གིས་དགྲ་ལྷ་རྒྱལ་གྱིས་བཏོན་པའི་ལག་བརྒྱུད་རླངས་འཁོར་ཉོས་པའི་གྲོས་འཆམ་ཡི་གེ་ནུས་མེད་ཡིན་པར་ཐག་གཅོད་དགོས་པར་མ་ཟད། རླངས་འཁོར་ཉོས་པའི་རིན་གོང་དང་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལས་བཟོས་པའི་འགྲོ་གྲོན་ཡོངས་རྫོགས་ཕྱིར་སློག་དགོས་པའི་རེ་འདུན་དེ་ལ་རྒྱབ་སྐྱོར་མ་བྱས་པ་རེད།
འབྲུག་རྩེ་ནི་རླངས་འཁོར་འཚོང་མཁན་ཡིན་པའི་ཆ་ནས། རླངས་འཁོར་བཙོང་བའི་སྐབས་སུ་ཉེན་སྲུང་ཡི་གེ་རྫུན་མ་བཟོས་པ་དེ་ནི་ནོར་འཁྲུལ་ཡིན་ལ། ཁོས་འཛིན་ཡིག་རྫུན་མ་བཟོས་པའི་དབང་གིས་དགྲ་ལྷ་རྒྱལ་གྱིས་གནས་ཚུལ་དེ་མ་ཤེས་པར་གྱོད་འབྲེལ་རླངས་འཁོར་ལ་ཉེན་སྲུང་དངུལ་མ་སྤྲད་པས། དགྲ་ལྷ་རྒྱལ་ལ་འགྲིམ་འགྲུལ་དོན་རྐྱེན་དེའི་ཁྲོད་གྱོང་གུན་ཆེན་པོ་ཐེབས་པ་རེད། དེ་བས་མི་དམངས་ཁྲིམས་ཁང་གིས་འབྲུག་རྩེས་ཁྲིམས་ལྟར་དགྲ་ལྷ་རྒྱལ་ལ་སྒོར24500ཡི་སྐྱིན་ཚབ་སྟེར་དགོས་པར་ཐག་བཅད།
དབྱེ་ཞིབ།
གྱོད་དོན་འདིའི་ནང་གི་ཕྱོགས་གཉིས་ཀས་བཞག་པའི་ལག་བརྒྱུད་རླངས་འཁོར་ཉོ་ཚོང་གི་གྲོས་འཆམ་ཡི་གེ་དེ་ནི། ཕྱོགས་གཉིས་ཀའི་འདོད་བློ་ངོ་མ་ཡིན་ལ། ནང་དོན་ནི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་སོགས་ཀྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་འགལ་མེད་པས། ཁྲིམས་མཐུན་ནུས་ལྡན་ཡིན་པ་དང་ཕྱོགས་གཉིས་ཀར་བཅའ་ཁྲིམས་ཀྱི་གཅུན་ནུས་ལྡན། འབྲུག་རྩེས་གྲོས་དན་ལྟར་རླངས་འཁོར་དང་འབྲེལ་ཡོད་འཛིན་ཡིག་རྣམས་དགྲ་ལྷ་རྒྱལ་གྱི་ལག་ཏུ་སྤྲད་པ་དང་། དགྲ་ལྷ་རྒྱལ་གྱིས་ཁྲིམས་ལྟར་རླངས་འཁོར་དེ་བདག་བཟུང་བྱས་པས། གན་རྒྱའི་དམིགས་ཡུལ་མངོན་འགྱུར་བྱུང་བ་དང་། གན་རྒྱ་ལག་བསྟར་ཡང་བྱས་ཟིན་པ་རེད། དེ་བས་དགྲ་ལྷ་རྒྱལ་གྱིས་བཏོན་པའི་ལག་བརྒྱུད་རླངས་འཁོར་ཉོས་པའི་གྲོས་འཆམ་ཡི་གེ་ནུས་མེད་ཡིན་པར་ཐག་གཅོད་རྒྱུ་མ་ཟད། རླངས་འཁོར་ཉོས་པའི་རིན་གོང་དང་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ལས་བཟོས་པའི་འགྲོ་གྲོན་ཡོངས་རྫོགས་ཕྱིར་སློག་དགོས་པའི་རེ་འདུན་དེ་ལ་རྒྱབ་སྐྱོར་མི་ཐོབ།
ཡིན་ན་ཡང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན577པའི་ནང་དུ། “དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་འོས་འགན་ལག་བསྟར་མི་བྱེད་པ་དང་ཡང་ན་གན་རྒྱའི་འོས་འགན་ལག་བསྟར་བྱས་པ་དེ་གྲོས་དན་དང་མི་མཐུན་ན། མུ་མཐུད་དུ་ལག་བསྟར་བྱེད་པ་དང་གྱོང་གསབ་བྱེད་ཐབས་སྤྱོད་པ། གྱོང་གུན་ལ་སྐྱིན་ཚབ་འཇལ་བ་སོགས་ཀྱི་གྲོས་དན་དང་འགལ་བའི་འགན་འཁྲི་འཁུར་དགོས་པ”གཏན་འབེབས་བྱས་ཡོད། འབྲུག་རྩེས་རླངས་འཁོར་གྱི་འབྲེལ་ཡོད་རྒྱུ་ཆ་སྤྲོད་པའི་སྐབས་སུ། ཉེན་སྲུང་འཛིན་ཡིག་རྫུན་མ་སྤྲད་པས། རང་ཉིད་ཀྱི་གྲོས་དན་དང་འགལ་བའི་བྱ་སྤྱོད་དེ་ལ་འགན་འཁུར་དགོས་སོ། །