གཞན་ལ་རྡུང་རེས་རྒྱག་རོགས་བྱས་ཏེ་རྨས་སྐྱོན་ཕོག་ན་སྐྱིན་ཚབ་ལེན་ཐུབ་བམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
གྱོད་དཔེ།

དབང་ཆེན་གྱི་ནུ་བོ་ནི་སྡེ་བ་ག་གེ་མོ་ཞིག་གི་ཞིང་པ་དཀྱུས་མ་ཞིག་ཡིན། ཁོར་སྙིང་འབུམ་ཟེར་བའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡོད། སྙིང་འབུམ་ལ་ཁོ་ཚོའི་སྡེ་བ་རུ་སྒྲོལ་མ་ཟེར་བའི་སེམས་མཐུན་གྱི་མཛའ་མོ་ཞིག་ཡོད། ཉེ་སྔོན་སྡེ་བ་གཞན་པའི་གསར་བུ་ཞིག་གིས་སྒྲོལ་མ་བློར་བབས་པར་མ་ཟད། མི་མང་ཚོགས་ས་ནས་མངོན་སུམ་འཛེམ་མེད་ཀྱིས་སྒྲོལ་མར་དགའ་རབས་སྣ་ཚོགས་བཤད་པས། སྙིང་འབུམ་དང་གསར་བུ་དེ་གཉིས་ཀྱི་བར་ལ་རྩོད་གཞི་ཆེན་པོ་བྱུང་། ཉིན་ཞིག་སྙིང་འབུམ་དང་གསར་བུ་དེ་གཉིས་ཀས་སེམས་ཀྱི་ཁོང་ཁྲོ་གནོན་མ་ཐུབ་པར་རྡུང་རེས་བྱ་རྒྱུ་བྱས་ཏེ། སུ་རྒྱལ་ན་སྒྲོལ་མ་དེ་ལ་དབང་བའི་ཁ་ཆད་བཞག རྡུང་རེས་བྱེད་པའི་ཉིན་དེར་དབང་ཆེན་གྱི་ནུ་བོ་སྙིང་འབུམ་ལ་རྡུང་རེས་རྒྱག་རོགས་སུ་སོང་སྟེ་རྨས་སྐྱོན་ཕོག ཕྱིས་སུ་དབང་ཆེན་གྱི་ནུ་བོར་སྨན་རིན་སྒོར་ཁྲི1ཤོར། ད་ལྟ་དབང་ཆེན་གྱི་ནུ་བོར་རྨས་སྐྱོན་བཟོ་མཁན་གྱི་གསར་བུ་དེ་ས་ཆ་གཞན་ལ་བྲོས་བྱོལ་བྱས་པས་སྨན་རིན་ལེན་མ་ཐུབ།

གྱོད་དོན་དབྱེ་ཞིབ།

རང་རྒྱལ་ལ་ཁེ་ཕན་དངོས་ཐོབ་མཁན་གྱིས་སྐྱིན་ཚབ་གཞལ་བའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ཡོད། ཡིན་ན་ཡང་ཁེ་ཕན་ཐོབ་མཁན་གྱིས་སྐྱིན་ཚབ་གཞལ་བར་ཆ་རྐྱེན་ངེས་ཅན་ཞིག་ལྡན་དགོས།《ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་མི་ལུས་ལ་གནོད་འཚེ་བཟོས་པའི་གྱོད་གཞིར་འདྲི་གཅོད་བྱེད་པར་བཀོལ་བའི་བཅའ་ཁྲིམས་ཀྱི་གནད་དོན་འགའི་འགྲེལ་བཤད》ཀྱི་དོན་ཚན35པ་རུ།“རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་རམ་མི་གཞན་པའི་རྒྱུ་ནོར་དང་མི་ལུས་ལ་གནོད་འཚེ་བཏང་ན། གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་གང་འཚམ་གཞལ་དགོས། རྒྱལ་ཁབ་དང་ཐུན་མོང་ངམ་གཞན་པའི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱ་ཆེད་རང་ཉིད་ཀྱི་མི་ལུས་ལ་གནོད་འཚེ་ཐེབས་པ་དང་། གནོད་འཚེ་གཏོང་མཁན་མེད་པའམ་གནོད་འཚེ་གཏོང་མཁན་ངེས་གཏན་བྱེད་མི་ཐུབ་པ་དང་། ཡང་ན་གནོད་འཚེ་གཏོང་མཁན་ལ་སྐྱིན་ཚབ་འཇལ་བའི་ནུས་པ་མེད་ཚེ། གནོད་འཚེ་ཐེབས་མཁན་གྱིས་ཁེ་ཕན་ཐོབ་མཁན་ལ་ཁེ་ཕན་ཐོབ་པའི་ཁྱབ་ཁོངས་སུ་སྐྱིན་ཚབ་འོས་འཚམ་གཞལ་དགོས་པའི་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས”ཞེས་བཀོད་ཡོད། དེར་བརྟེན། ཁྱོད་ཀྱི་ནུ་བོ་གྲོགས་པོས་མཛའ་མོ་རྩོད་པའི་རྡུང་རེས་ཁྲོད་ཞུགས་པའི་བྱ་སྤྱོད་ནི།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཡོད་པས། དེ་ནི་ཆད་པ་གཅོད་འོས་པའི་བྱ་སྤྱོད་ཅིག་ཡིན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།