འཚོ་བའི་ཁྲོད་དུ་ཁྱོད་ཀྱིས“ལོ་མང་པོར་ཐ་མག་འཐེན་པས་ད་ལྟ་བཅད་ན་དོན་སྙིང་ཡོད་དམ”ཞེས་པའི་བཤད་ཚུལ་གོ་མྱོང་ངམ། དོན་དངོས་སུ་ལོ་ག་ཚོད་ཡིན་ཡང་ཐ་མག་གཅོད་པ་ནི་ནམ་ཡང་འཕྱི་མི་སྲིད།
འོ་ན། ལོ་ག་ཚོད་ཡིན་དུས་ཐ་མག་བཅད་ན་ཆེས་བཟང་བ་ཡིན་ནམ་ཞེ་ན། ན་གཞོན་དང་། དར་མ། རྒན་པའི་སྐབས་གང་ཡིན་ཡང་ཐ་མག་བཅད་ན་ལུས་ཕུང་གི་བདེ་ཐང་ལ་ཕན་ཐོགས།
གཅིག ལོ35ཡི་སྔོན་ལ་ཐ་མག་གཅོད་པ།
ཞིབ་འཇུག་བྱས་པར་གཞིགས་ན། ལོ35ཡི་སྔོན་ལ་ཐ་མག་བཅད་ན། ཐ་མག་འཐེན་པའི་ཉེས་སྐྱོན་ལས་གཡོལ་ཐུབ་པ་དང་། ཐ་མག་འཐེན་མ་མྱོང་མཁན་དང་བསྡུར་ན་ཚེ་ཐག་རིང་ཚད་ཀྱི་ཧེ་བག་ནི་ལོ1.2ལས་མེད། ལོ་ན་གཞོན་པའི་སྐབས་སུ་ཐ་མག་བཅད་ན་གློ་སྙིང་གི་ནུས་པ་སླར་གསོ་ཐུབ་པར་མ་ཟད། ད་དུང་སྙིང་ཁམས་ཁྲག་རྩའི་ནད་དང་འབྲས་སྐྲན་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། གཞི་གྲངས་ལས་མངོན་པ་ལྟར་ན། ལོ35ལ་སོན་པའི་ཐ་མག་གཅོད་མཁན52.8%ནི་ཉུང་མཐར་ཡང་ལོ་གཅིག་གི་ཚེ་ཐག་བསྲིང་ཐུབ་པ་དང་། 36%ནི་ལོ8དམ་དེའི་ཡན་ལ་གསོན་ཐུབ།
གཉིས། ལོ35ནས55ཡི་བར་ལ་ཐ་མག་གཅོད་པ།
དར་མའི་དུས་སུ་བསླེབས་ཀྱང་ཐ་མག་བཅད་ན་སྔར་བཞིན་བདེ་ཐང་གི་ཕན་ནུས་ཆེན་པོ་ཐོན་ཐུབ། ལོ45ཡི་སྐབས་སུ་ཐ་མག་བཅད་ཚེ། ཐ་མག་བཅད་མ་མྱོང་མཁན་དང་བསྡུར་ན་ཆ་སྙོམས་ལོ5.6གིས་ཚེ་ཐག་བསྲིང་ཐུབ་ཅིང་། ལོ55ཡི་སྐབས་སུ་ཐ་མག་བཅད་ནའང་ལོ3.4ཙམ་གྱིས་ཚེ་ཐག་བསྲིང་ཐུབ། གཞན་ཡང་ལོ45ནས་ལོ54ཡི་བར་གྱི་ཐ་མག་བཅད་པའི་མི་ཚེ་ལས་འདས་ཚད་ནི་ཐ་མག་བཅད་མེད་པ་ལས66%ཙམ་གྱིས་ཉུང་དུ་ཕྱིན་ཡོད། དུས་སྐབས་འདིར་ཐ་མག་བཅད་ན། སྙིང་ཁམས་ཁྲག་རྩའི་མ་ལག་གི་ཁུར་བོ་ཇེ་ཡང་དང་། གྲིབ་ནད་དང་འབྱིན་རྔུབ་མ་ལག་གི་ནད་གཞིའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
གསུམ། ལོ60ཡི་རྗེས་སུ་ཐ་མག་གཅོད་པ།
རྒན་པ་མང་པོ་ཞིག་གིས་ཐ་མག་བཅད་ན་འཕྱིས་སོང་འདོད་མོད། ཞིབ་འཇུག་བྱས་པར་གཞིགས་ན། ལོ60ཡི་རྗེས་སུ་ཐ་མག་བཅད་ནའང་སྔར་བཞིན་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། ཚེ་ཐག་ཀྱང་བསྲིང་ཐུབ།
གཞི་གྲངས་ལས་མངོན་པ་ལྟར་ན། ལོ65ལ་སོན་ནས་ཐ་མག་བཅད་ན་ཆ་སྙོམས་ལོ1.7ཙམ་གྱིས་ཚེ་ཐག་བསྲིང་ཐུབ་པ་དང་། ལོ75ཡི་སྐབས་སུ་ཐ་མག་བཅད་ན་ལོ0.7གྱིས་ཚེ་ཐག་བསྲིང་ཐུབ། ཚེ་མཇུག་ཏུ་ཐ་མག་གཅོད་མཁན་ཡིན་ནའང་དེ་ལས14.2%ཙམ་སྔར་བཞིན་ལོ་གཅིག་གི་ཡན་ལ་གསོན་ཐུབ། གཞན་ཡང་ཐ་མག་བཅད་ན། རྒན་པའི་དལ་གཤིས་ཐོགས་འགགས་གློ་ནད་དང་། གྲིབ་ནད། འབྲས་སྐྲན་བཅས་ཀྱི་ཉེན་ཁ་ཇེ་ཆུང་དུ་བཏང་སྟེ། སྔར་ལས་བདེ་ཐང་དང་གསོན་ཤུགས་ལྡན་པའི་ཚེ་མཇུག་གི་འཚོ་བ་ལོངས་སུ་སྤྱོད་ཐུབ།
དེར་བརྟེན། ཐ་མག་གཅོད་པའི་དུས་ཚོད་ཅི་ཙམ་སྔ་ན་དེ་ཙམ་བཟང་སྟེ། ལོ35ཡི་སྔོན་དུ་ཐ་མག་བཅད་ན་ཐ་མག་གི་གནོད་འཚེ་ཡོངས་སུ་ལྡོག་སྟེ། ཐ་མག་འཐེན་མ་མྱོང་བའི་མི་དང་ཕལ་ཆེར་འདྲ་བའི་རྣམ་པ་སླར་གསོ་བྱེད་ཐུབ། དེ་བས། ཐ་མག་གཅོད་པ་ནི་ནམ་ཡང་འཕྱི་མི་སྲིད།
ཐ་མག་གཅོད་པ་ནི་ལུས་ཁམས་ལ་འཕྲད་པའི་འགྲན་སློང་ཞིག་ཡིན་པར་མ་ཟད། སེམས་ཁམས་དང་སྤྱི་ཚོགས་ཐད་ཀྱི་ཚོད་བགམ་ཞིག་ཀྱང་ཡིན། ཐ་མག་གཅོད་པའི་བརྒྱུད་རིམ་ཁྲོད་ལོ་ཚོད་མི་འདྲ་བའི་མི་ལ་འཕྲད་པའི་སེམས་ཁམས་ཀྱི་གནོན་ཤུགས་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ལ་ཁྱད་པར་མངོན་གསལ་ཡོད།
ཞིབ་འཇུག་ལས་མངོན་པ་ལྟར་ན། ཐ་མག་གཅོད་ཐུབ་པ་ནི་མི་སྒེར་གྱི་སེམས་ཤུགས་དང་། ཁྱིམ་ཚང་གི་རྒྱབ་སྐྱོར། སྤྱི་ཚོགས་ཁོར་ཡུག་གི་ཤུགས་རྐྱེན་བཅས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། རྐྱེན་དེ་དག་ལོ་ཚོད་ཀྱི་འགྱུར་བ་དང་བསྟུན་ནས་ཁྱད་ཆོས་མི་འདྲ་བ་མངོན་ཏེ།
གཅིག ན་གཞོན་གྱིས་ཐ་མག་གཅོད་པ།
ན་གཞོན་ཚོས་ཐ་མག་གཅོད་འདོད་ཆེ་མོད། ལེགས་འགྲུབ་བྱུང་ཚད་བལྟོས་བཅས་ཀྱིས་ཅུང་དམའ། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་གནོན་ཤུགས་དང་དབྱིངས་ཞུགས་པའི་གོམས་གཤིས་ལ་རག་ལས། ན་གཞོན་ཚོ་རྒྱུན་དུ་སྤྱི་ཚོགས་འབྲེལ་འདྲིས་བྱེད་གནས་དང་། ལྷག་པར་གྲོགས་པོ་འདུ་འཛོམས་དང་རོལ་རྩེད་བྱེད་གནས་སུ་ཐ་མག་འཐེན་པའི་བྱ་སྤྱོད་ལ་འཕྲད་པས། འདི་དག་གིས་ཐ་མག་བསྐྱར་དུ་འཐེན་པའི་ཉེན་ཁ་ཇེ་ཆེར་གཏོང་བ་རེད།
གཞན་ཡང་ཁོ་ཚོའི་སེམས་ཁམས་ལ་འཕར་ཆག་ཅུང་ཆེ་བས། གནོན་ཤུགས་སམ་ཡི་མུག་པའི་སྐབས་སུ་ཐ་མག་ལ་བརྟེན་ནས་དེ་སེལ་བར་འདོད། དེར་བརྟེན། ན་གཞོན་ཚོས་ཐ་མག་གཅོད་པར་རོགས་རམ་བྱེད་ཆེད། ཐ་མག་མེད་པའི་ཁོར་ཡུག་བསྐྲུན་རྒྱུ་དང་སེམས་ཁམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཐ་མག་བསྐྱར་འཐེན་གྱི་གོ་སྐབས་ཇེ་ཉུང་དུ་གཏོང་དགོས།
གཉིས། དར་མས་ཐ་མག་གཅོད་པ།
དར་མའི་ངོས་ནས་བཤད་ན། ཐ་མག་གཅོད་ཐུབ་པ་ནི་ཁྱིམ་ཚང་གི་རྒྱབ་སྐྱོར་དང་འབྲེལ་བ་དམ་ཟབ་ལྡན། ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཉེན་སྒྲིག་བྱས་པའམ་ཁྱིམ་ཚང་གི་འགན་འཁྲི་ཡོད་པའི་དར་མ་རྣམས་ཀྱིས་ཐ་མག་གཅོད་སླ། དེའི་རྒྱུ་རྐྱེན་ཅི་ཡིན་ཞེ་ན། ཁོ་ཚོས་ཐ་མག་བཅད་ནས་ཁྱིམ་མིར་སྔར་ལས་བདེ་ཐང་གི་འཚོ་བའི་ཁོར་ཡུག་བསྐྲུན་འདོད་པས་རེད།
འོན་ཀྱང་དར་མ་རྣམས་ལ་ཡང་ལས་ཀ་དང་འཚོ་བའི་གནོན་ཤུགས་ཀྱི་འགྲན་སློང་ཉིས་བརྩེགས་འཕྲད་ཡོད་པས། རྒྱུན་དུ་བྲེལ་འཚུབ་ཆེ་བའི་ཉིན་རེའི་ལས་རིམ་ཁྲོད་དུ་ཐ་མག་གཅོད་པའི་འཆར་གཞི་སྣང་མེད་དུ་འཇོག་བཞིན་ཡོད། ཐ་མག་གཅོད་པ་ལེགས་འགྲུབ་འབྱུང་ཚད་ཇེ་མཐོར་གཏོང་ཆེད། དར་མ་རྣམས་ལ་ཁྱིམ་མི་དང་གྲོགས་པོས་སྐུལ་ལྕག་བྱ་དགོས། དེ་མིན་ཆེད་ལས་ཀྱི་ཐ་མག་གཅོད་པའི་ཞབས་ཞུར་བརྟེན་ནས་གནོན་ཤུགས་དང་དབྱིངས་ཞུགས་པའི་གནད་དོན་ལ་ལྟ་སྐུལ་བྱས་ཆོག
གསུམ། རྒན་པས་ཐ་མག་གཅོད་པ།
རྒན་པ་མང་པོས་ཐ་མག་གཅོད་པ་ལ་དོན་སྙིང་མེད་པར་འདོད་པ་མ་ཟད། ཚད་བརྒལ་གྱི་དབྱིངས་ཞུགས་པའི་སེམས་ཁྲལ་དང་ལོ་མང་པོའི་རིང་ཐ་མག་འཐེན་པའི་གོམས་གཤིས་ཀྱིས་ཐ་མག་གཅོད་པའི་སེམས་ཐག་གཅོད་དཀའ་བར་གྱུར་ཡོད།
དེ་མིན། ཁོ་ཚོས་ལུས་པོ་སླར་གསོ་མི་ཐུབ་པར་འདོད་པས། ཐ་མག་གཅོད་པའི་སྒུལ་ཤུགས་མེད། དེར་བརྟེན། རྒན་པ་རྣམས་ལ་ཐ་མག་གཅོད་པར་རོགས་རམ་བྱེད་དུས། ཐ་མག་བཅད་ན་དུས་ཡུན་ཐུང་ངུའི་ནང་བདེ་ཐང་ལ་ཕན་པ་ཡོད་པ་ནན་བཤད་བྱ་དགོས་པར་མ་ཟད། ཁྱིམ་ཚང་དང་སྨན་བཅོས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱུན་དུ་སྐུལ་མ་འདེབས་དགོས།
ཐ་མག་གཅོད་ཐུབ་པ་ནི་མི་སྒེར་གྱི་ཆོད་སེམས་ལ་རག་ལས་པར་མ་ཟད། ད་དུང་ཁྱིམ་ཚང་དང་། སྤྱི་ཚོགས་ཁོར་ཡུག སེམས་ཁམས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་དགོས། དུས་ནམ་ཞིག་ལ་ཐ་མག་གཅོད་ཀྱང་། རྒྱུན་མཐུད་ཀྱིས་སྐུལ་མ་དང་རྒྱབ་སྐྱོར་བྱས་ཚེ། གཞི་ནས་ཐ་མག་གི་དབྱིངས་ཞུགས་པ་ལས་རྣམ་པར་རྒྱལ་ཏེ་སྔར་ལས་བདེ་ཐང་གི་འཚོ་བ་རོལ་ཐུབ། །