རང་རྒྱལ་སྡོད་དམངས་ཀྱིས་སྣུམ་དང་ཚྭ། མངར་ཆ་བཅས་ཀྱི་སྤྱོད་ཚད་ཧ་ཅང་མཐོ། དེ་དག་བཀོལ་ཡུན་རིང་བའི་འབྱུང་ཁུངས་གཙོ་བོ་ནི་ཐབ་ཚང་རེད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་གཤམ་གསལ་ལྟར།
གཅིག གཡོས་སྦྱོར་བྱེད་སྐབས་བྲོ་བ་གཙིགས་སུ་འཛིན་སླ་བ།
ཁྱིམ་ཚང་ཕལ་ཆེར་གྱིས་དུས་རྒྱུན་སྐམ་བརྔོ་དང་མངར་བརྔོ། དམར་བཙོ་དང་ལུམས་བཙོ་སོགས་ཚྭ་སྣུམ་འབོར་ཆེན་དགོས་པའི་གཡོས་སྦྱོར་བྱེད་སྟངས་སྤྱོད་བཞིན་ཡོད། ཆེད་མཁས་པས་བཏོན་པའི་གྲོས་གཞི་ལྟར་ན། རླངས་བཙོ་དང་གྲང་ཚལ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས་པ་དང་། གལ་ཏེ་ཚལ་བརྔོ་བར་བྲོ་རྫས་འདེབས་ཚད་ལ་ཚོད་འཛིན་བྱ་དགོས་ཤིང་། ཁུ་བ་མ་འཐུང་བའི་སྔོན་ལ་ཞག་རྩི་དབོ་དགོས།
གཉིས། བསྙལ་ཚལ་དང་ཅང་རྒྱུ་བཟའ་རྒྱུ་མང་དྲགས་པ།
བསྙལ་ཚལ་དང་ཅང་རྒྱུ་ནི་ཐབ་ཚང་དུ་རྒྱུན་དུ་མཐོང་བའི“མངོན་མེད་ཚྭ”ཡི་འབྱུང་ཁུངས་ཤིག་རེད། བརྟག་དཔྱད་ལས་མངོན་པ་ལྟར་ན། འཛད་སྤྱོད་པ་བརྒྱ་ཆའི་ཉི་ཤུ་ཡིས་རྒྱུན་པར་བསྙལ་ཚལ་དང་ཅང་རྒྱུའི་རིགས་ཟ་བཞིན་ཡོད་ཅིང་། ལྷག་པར་ཉིན་རེར་ཟས་ཀྱི་སྤོད་ཡ་བྱེད། ཀྲུང་གོའི་རིམས་འགོག་ལྟེ་གནས་ཀྱི་འཚོ་བཅུད་ཆེད་མཁས་པས་བསྟན་དོན། ཟས་རིགས་དེ་དག་ལ་ནཱ་ཡི་འདུས་ཚད་མཐོ་བས། བེད་སྤྱོད་བྱེད་སྐབས་ཚལ་རིགས་གཞན་དག་གི་ཚྭ་ཡི་ཚད་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད། ནཱ་ཉུང་ཚྭ་དང་ཚྭ་ཉུང་སྲན་སྣུམ་སོགས་སྤྱོད་དགོས།
གསུམ། ཁྱིམ་ཚང་ཁ་ཤས་ཀྱིས་མངར་ཆ་བཀོལ་ཏེ་ཟས་ཀྱི་བྲོ་བ་བསྒྱུར་བ།
ཁྱིམ་ཚང་བརྒྱ་ཆའི་ལྔ་བཅུ་ལྷག་གིས་གཡོས་སྦྱོར་བྱེད་སྐབས་མངར་ཆ་སྣོན་པ་དང་། མངར་སྐྱུར་རྩིབ་ཤ་དང་ཀྲོ་མ་ཀྲུའི་ཅང་སོགས་ལ་མངར་ཆའི་འདུས་ཚད་ཅུང་མཐོ། ཆེད་མཁས་པས་རྒྱུན་ལྡན་དུ་བཀོལ་བའི་བྲོ་རྫས་ལ་མངར་ཆ་ཇེ་ཉུང་དུ་གཏོང་དགོས་པ་དང་། རྒྱུན་པར་མངར་ལྡན་ཟས་རིགས་བཟའ་མི་རུང་ཞིང་མངར་ཁུ་འཐུང་བ་ཇེ་ཉུང་དུ་གཏོང་དགོས་པའི་བསམ་འཆར་བཏོན་ཡོད།
བཞི། སྣུམ་རིགས་ཚོད་འཛིན་གྱི་འདུ་ཤེས་ཞན་པ།
རྟོག་ཞིབ་ལས་མངོན་པ་ལྟར་ན། ཧ་ལམ་ཁྱིམ་ཚང་བརྒྱ་ཆའི་དྲུག་ཅུ་ཙམ་གྱིས་སྲོག་ཆགས་སྣུམ་སྤྱོད་པ་རེད། འོན་ཀྱང་། ཁྱིམ་ཚང་བརྒྱ་ཆའི་སུམ་ཅུ་ཡིས་སྣུམ་སྣོད་སྤྱད་དེ་སྣུམ་གྱི་སྤྱོད་ཚད་ལ་ཚོད་འཛིན་བྱེད། ཆེད་མཁས་པས་སྲོག་ཆགས་སྣུམ་ལ་ཚིལ་ཞག་འདུས་ཚད་མཐོ་བས། སྲན་ཆེན་གྱི་སྣུམ་སོགས་རྩི་ཤིང་སྣུམ་ལ་བསྒྱུར་དགོས་པར་མ་ཟད། སྣུམ་སྣོད་སྤྱད་དེ་སྣུམ་གྱི་སྤྱོད་ཚད་ལ་ཚོད་འཛིན་བྱ་དགོས་པའི་དྲན་སྐུལ་བྱས་ཡོད།