གཟུགས་མཐོང་སྒོ་དྲིལ་བཞག་ན་ཁྱིམ་མཚེས་ཀྱི་གསང་བར་གནོད་པ་བཏང་ཡོད་དམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
གྱོད་དཔེ།

པདྨ་སྐྱིད་དང་གཡང་མོ་གཉིས་ཁྱིམ་མཚེས་ཡིན་ལ། ཁྱིམ་ཚང་གཉིས་ཀའི་སྒོ་ཁ་གཏད་དུ་ཡོད་པས། སྤྱི་པའི་བར་ཁྱམས་གཅིག་བཀོལ་སྤྱོད་བྱེད་ཀྱིན་ཡོད། གཡང་མོས་ཁོ་ཚང་གི་ཁྱིམ་སྒོའི་གཡས་ཕྱོགས་སུ་གཟུགས་མཐོང་སྒོ་དྲིལ་ཞིག་བཞག་པ་དང་། སྒོ་དྲིལ་དེ་ལ་བརྙན་ལེན་བྱེད་ནུས་ཀྱང་ཡོད་པས། ལག་ཁྱེར་ཁ་པར་དང་སྦྲེལ་ཏེ་པར་དང་བརྙན་བླངས་ཆོག་པ་དང་། བརྙན་ལེན་པའི་ཁྱབ་ཁོངས་དེ་ཁྱིམ་ཚང་གཉིས་ཀྱི་སྒོ་ཁ་ནས་གློག་སྐས་ཀྱི་སྒོ་ཁའི་བར་རེད། པདྨ་སྐྱིད་ཀྱི་སེམས་ལ་གཟུགས་མཐོང་སྒོ་དྲིལ་དེས་མོའི་གསང་བར་གནོད་འཚེ་བཏང་བར་མ་ཟད། མོའི་འཚོ་བའི་ཞི་འཇགས་ལ་ཕོག་ཐུག་བཏང་བ་དང་། མོའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལའང་གནོད་འཚེ་ངེས་ཅན་ཞིག་བཏང་ཡོད་པར་འདོད་དེ། གཡང་མོར་སྒྲོ་དྲིལ་དེ་གཏོར་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་གཡང་མོའི་སེམས་ལ་དེ་ནི་སྒོ་དྲིལ་ཙམ་ཞིག་ལས་མ་འདས་ལ། བརྙན་ལེན་བྱེད་ནུས་ནི་དེའི་རོགས་འདེགས་ཙམ་ཡིན་པ་དང་། དེ་ལས་གཞན་ད་རུང་བརྙན་མིག་གནས་གཅིག་ཏུ་གཏན་ཁེལ་བྱས་ཡོད་པ་ལས་འཁོར་སྐྱོད་ཀྱི་བྱེད་ནུས་མི་ལྡན་པས། དེའི་མཐོང་རྒྱ་ཧ་ཅང་ཆུང་ལ་པདྨ་སྐྱིད་ཀྱི་སྒེར་གྱི་འཚོ་བའི་ཁྱབ་ཁོངས་དང་འབྲེལ་བ་སྤུ་ཙམ་ཡང་མེད་པར་འདོད་ཡོད། གཡང་མོས་སྒོ་དྲིལ་དེའི་འཁོར་ཕྱོགས་བསྒྱུར་བར་མ་ཟད་གློག་སྐས་དང་ཐག་ཉེ་བའི་གཞོགས་དེར་ཤིང་ལེབ་ཅིག་བཞག་ནས་མཐོང་ལམ་བཀག་པ་ལས། སྒོ་དྲིལ་གཏོར་རྒྱུར་མ་འཐད་པ་རེད། པདྨ་སྐྱིད་ཀྱི་སེམས་ལ་ཤིང་ལེབ་བཞག་སྟེ་མཐོང་ལམ་བཀག་པ་དེས་འགྲོ་འོང་གི་མི་དེའི་ལུས་ཕྱེད་བཀག་པ་ཙམ་ཡིན་པས་གནད་དོན་སྔར་བཞིན་ཐག་གཅོད་བྱས་མི་འདུག་སྙམ་ནས། ཁྲིམས་ཁང་ལ་གཏུགས་ཏེ་གཟུགས་མཐོང་སྒོ་དྲིལ་དེ་ངེས་པར་གཏོར་དགོས་པའི་རེ་འདུན་བཏོན།

གྱོད་དོན་དབྱེ་ཞིབ།

རང་བྱུང་མིའི་མི་སྒེར་འཚོ་བའི་ཞི་འཇགས་དང་མི་སྒེར་གྱི་ཆ་འཕྲིན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས། རྩ་འཛུགས་དང་མི་སྒེར་གཞན་པ་སུ་ཞིག་ཡིན་རུང་ཁྲིམས་འགལ་གྱིས་འཚོལ་བསྡུ་དང་བེད་སྤྱོད། གཏོར་བརླག་དང་སྤྱི་བསྒྲགས་སོགས་བྱེད་མི་ཆོག གློག་སྐས་ཀྱི་སྒོ་ཁར་ཐོན་པའི་བར་ཁྱམས་དེ་ནི་ཐོག་བརྩེགས་དེའི་ཁྱིམ་ཚང་གཉིས་ཀའི་སྡོད་ཁང་གི་ཆ་ཤས་དང་ཐད་ཀར་སྦྲེལ་ཡོད་པས། ཁྱིམ་ཚང་ཡོངས་ཀྱིས་མཉམ་དུ་སྤྱོད་ཀྱིན་པའི་སྤྱི་པའི་བགྲོད་ལམ་ཡིན་ནའང་། སྤྱིར་བཏང་གི་སྤྱི་པའི་བར་སྟོང་དང་བསྡུར་ན། དུས་རྒྱུན་དེའི་ནང་དུ་འགྲོ་བའི་མི་བལྟོས་བཅས་ཀྱིས་གཏན་ཁེལ་ཡིན་པ་དང་། འགྲོ་དོན་ཅི་ཡིན་པའང་བརྡར་གཅོད་བྱེད་སླ་བ་རེད། དེར་བརྟེན། པདྨ་སྐྱིད་ནམ་རྒྱུན་ཁྱིམ་དུ་འགྲོ་འོང་བྱེད་པའི་ཆ་འཕྲིན་དེ་ནི་མོའི་འཚོ་བའི་གོམས་གཤིས་དང་ཁྱིམ་ཚང་གི་རྒྱུ་ནོར་བདེ་འཇགས་ལ་ཐད་ཀའི་འབྲེལ་བ་ཡོད་པས། དེ་ལ་གསང་བའི་རང་བཞིན་ངེས་ཅན་ཞིག་ལྡན་ལ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པའི་གསང་བའི་ཁྱབ་ཁོངས་སུ་གཏོགས་པ་རེད། བརྙན་ལེན་པ་དང་བརྙན་པར་ཉར་ཚགས་ཀྱི་བྱེད་ནུས་ལྡན་པའི་གཟུགས་མཐོང་སྒོ་དྲིལ་དེ་ནི་དེང་རབས་ཚན་རྩལ་འཕེལ་རྒྱས་ཀྱི་ཐོན་དངོས་ཡིན་པ་དང་། གཡང་མོས་དེ་ཉོས་ཏེ་རང་ཁྱིམ་གྱི་སྒོ་ཁར་བཞག་པ་དེ་ཡང་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་དང་འཚོ་བར་སྟབས་བདེ་བཟོ་ཆེད་ཡིན་ལ། དེ་ལས་གཞན་ད་རུང་ད་ཡོད་ཀྱི་བཅའ་ཁྲིམས་སྟེང་དུའང་སྒྲིག་ཆས་དེའི་རིགས་ཁྱིམ་ཚང་གི་སྒོ་ཁར་བཞག་མི་ཆོག་པའི་གཏན་ཁེལ་གང་ཡང་མེད། དེ་བས་རང་ཚང་གི་རྒྱུ་ནོར་བདེ་འཇགས་སོགས་ལུགས་མཐུན་དམིགས་ཡུལ་གྱི་ཆེད་དུ་སྒོ་དྲིལ་དེ་ལྟ་བུ་བཞག་ན་མི་ཆོག་རྒྱུ་མེད་མོད། འོན་ཀྱང་དམངས་དོན་བདག་པོས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་སྐབས། མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་གཏོང་བའི་འོས་འགན་འཁུར་དགོས། གལ་ཏེ་རང་ཉིད་ཀྱིས་བཞག་པའི་གཟུགས་མཐོང་སྒོ་དྲིལ་དེས་ཁྱིམ་མཚེས་ཀྱི་འགྲོ་འོང་ཆ་འཕྲིན་བརྙན་དུ་ཕབ་སྟེ་ལྟ་སྐུལ་ཚོད་འཛིན་བྱས་ན། ཁྱིམ་མཚེས་ཀྱི་གསང་བ་དང་མི་སྒེར་ཆ་འཕྲིན་ལ་མངོན་སུམ་གྱི་གནོད་འཚེ་བཏང་ཡོད་པས། སྒོ་དྲིལ་བཞག་པའི་བྱ་སྤྱོད་དེས་ཁྱིམ་མཚེས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བར་ངོས་བཟུང་ཆོག གྱོད་དོན་འདིའི་ནང་གི་སྒོ་དྲིལ་བཞག་པའི་ཁ་ཕྱོགས་དེ་ཐད་ཀར་པདྨ་སྐྱིད་ཚང་གི་སྒོ་ཁ་དང་ཡང་ན་གློག་སྐས་ཀྱི་སྒོ་ཁར་གཏད་མེད་པས། པདྨ་སྐྱིད་ཀྱི་རྒྱུན་ལྡན་འགྲོ་འོང་བརྙན་དུ་ཕབ་མི་ཐུབ་པ་དང་རྒྱུན་ལྡན་གྱི་འཚོ་བར་གནོད་འཚེ་བཏང་མེད། གཡང་མོས་སྒོ་དྲིལ་གྱི་གཞོགས་གཅིག་ལ་ཤིང་ལེབ་ཅིག་བཞག་སྟེ་དེའི་མཐོང་ལམ་སྔར་ལས་ཇེ་ཆུང་དུ་བཏང་ཡོད་པས། པདྨ་སྐྱིད་ཁྱིམ་དུ་འགྲོ་འོང་བྱེད་པའི་བྱ་སྤྱོད་དེ་བརྙན་དུ་ཕབ་མེད་པ་རེད། དུས་མཚུངས་སུ། གྱོད་འབྲེལ་སྒོ་དྲིལ་དང་ཤིང་ལེབ་འཇོག་ས་དང་ཆེ་ཆུང་སོགས་ཀྱིས་པདྨ་སྐྱིད་ཀྱི་འགྲོ་འོང་དང་བདེ་འཇགས་སོགས་ཁྱིམ་མཚེས་ཀྱི་ཁེ་ཕན་ལ་གནོད་འཚེ་གང་ཡང་བཏང་མེད་པས། པདྨ་སྐྱིད་ཀྱིས་གསང་བར་གནོད་འཚེ་ཐེབས་པར་ཁ་གཡར་ཏེ་སྒོ་དྲིལ་གཏོར་དགོས་པའི་རེ་འདུན་བཏོན་པ་དེ་ལ་དོན་དངོས་ཀྱི་གཞི་འཛིན་ས་མེད་དོ། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།