མཚོ་སྔོན་གྱིས་ཐད་གཏོང་ཚོང་གཉེར་གྱི་སྤྱོད་ངན་བཅོས་སྒྲིག་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཟླ12པའི་ཚེས29ཉིན། དྲ་ལམ་ཐད་གཏོང་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། དྲང་གཞག་དང་གོ་རིམ་ལྡན་པའི་དྲ་རྒྱའི་ཚོང་རའི་ཁོར་ཡུག་ལ་སྲུང་སྐྱོང་བཅས་བྱ་ཆེད། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་ལོའི་དགུན་ཁ་ནས་སང་ལོའི་དཔྱིད་ཀའི་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་དྲ་ལམ་ཐད་གཏོང་ཚོང་གཉེར་གྱི་ཟང་ཟིང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏང་རྒྱུ་རེད།

ཆེད་དོན་འགུལ་སྐྱོད་ཀྱིས་དྲ་ལམ་ཐད་གཏོང་ཚོང་གཉེར་ཁྱབ་ཁོངས་ཀྱི་ཟང་ཟིང་འབུར་ཐོན་ཆེན་པོ་གསུམ་ལ་དམིགས་ཏེ། “ནན་མོ་གསུམ”ལ་བརྟེན་ནས་གཅིག་བསྡུས་བཅོས་སྐྱོང་བྱ་རྒྱུ་སྟེ། ཚོང་གཉེར་མཁན་གྱི་ཐོབ་ཐང་ཆ་ཚང་མེད་པ་དང་ཆ་འཕྲིན་ཡོངས་བསྒྲགས་སྒྲིག་སྲོལ་དང་མི་མཐུན་པའི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱ་དགོས། སྤྱིར་བཏང་གི་བཟའ་བཏུང་དེ་ཁམས་གསོ་ཐོན་རྫས་དང་སྨན་རྫས་སུ་བརྫུས་ནས་འཛད་སྤྱོད་པར་འཇམ་ཁྲིད་དང་མགོ་སྐོར་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏང་དགོས། སྤྱིར་བཏང་གི་བཟོ་རྩལ་དངོས་རྫས་དང་། ཡིག་གཟུགས་དང་རི་མོའི་པར་སྐྲུན་དངོས་རྫས་སོགས་གནའ་རྫས་དང་མི་སྣ་གྲགས་ཅན་གྱི་ཡིག་རིས་ལ་བརྫུས་ནས་མགོ་སྐོར་གཏོང་བའི་བྱ་སྤྱོད་བཅོས་སྐྱོང་ནན་མོ་བྱ་དགོས།

མིག་སྔའི་བར་རང་རེའི་ཞིང་ཆེན་གྱི་ཐད་གཏོང་ཚོང་གཉེར་མཁན1600ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་ཤིང་། མི5ལ་ཁ་ཏ་སློབ་གསོ་བྱས་པ་དང་། མི10ལ་སྲིད་འཛིན་མཛུབ་སྟོན་བྱས་ནས་ཁྲིམས་འགལ་གྱི་དོགས་གཞི་ཡོད་པའི་ཁུངས་སྣེ12ཐག་གཅོད་ནུས་ལྡན་བྱས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཆེད་དོན་འགུལ་སྐྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ལྡོག་ཕྱོགས་ཀྱི་དཔེ་མཚོན་སྔོག་འདོན་གཏིང་ཟབ་དང་རྡུང་རྡེག་ནན་མོ་གཏོང་བ་དང་། དུས་བཅད་ལྟར་བྱ་བའི་ཕན་འབྲས་དང་གནད་དོན་ལེགས་སྒྲིག་བྱས་ཏེ། དྲ་ལམ་ཐད་གཏོང་ཚོང་གཉེར་གྱི་ཚོང་རའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཙང་སྒྱུར་བྱས་ཏེ། ཞིང་ཆེན་གྱི་ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།